གླུ་དང་བྲོ།

རིག་འཛིན་བསྟན་སྲུང་།        2021-06-16

གླུ་དང་བྲོ།

གླུ་བྲོའི་ཚིག་འགའ་ཤས་འཚོལ་སྡུད་བྱས་པ།

   སྤྱིར་བོད་དམངས་ཁྲོད་ཀྱི་གླུ་གཞས་ལ་ཡུལ་སོ་སོའི་ཚིག་གི་སྦྱོར་ཚུལ་དང་གདངས་མི་འདྲ་བ་སྣ་ཚོགས་པ་ཞིག་ཡོད་པ་དེ་དག་གི་ནང་དོན་རྣམས་ཚུར་མདོར་བསྡུས་ན།དགའ་བའི་གླུ་དང་། མི་དགའ་བའི་གླུ། སྨོན་པའི་གླུ། བརྩེ་གླུའམ་མཐུན་གླུ། ཁྲེལ་གླུའམ་མི་མཐུན་པའི་གླུ། སྐྱོ་གླུ་དང་རྒྱང་གླུ། སྡུག་གླུ་བཅས་ཀྱི་ནང་དུ་འདུས་པ་ཡིན་དེ་དག་གི་དཔེར་བརྗོད་རྣམས་གཤམ་གསལ།

  དགའ་བའི་གླུ།

  ༡ རྟ་རག་དཀར་རྔ་མ་རྡོ་རྗེའི་མདུད། །གསེར་སྲབ་སེར་པོའི་ཁ་རྒྱན་བཞག  །རྒྱ་དར་དམར་པོའི་ཟེ་དར་བཏགས། །ཁྱོད་དེ་དུས་རྒྱུག་ལ་དགའ་དུས་རེད།  །ང་དེ་དུས་དགུང་ལོ་ཆུང་དུས་རེད། 

 ༢ ཤར་ཕྱོགས་ཀྱི་ཨ་ཕྱུག་ཁྲ་དྭངས་བོ། །འབྲུ་ཤུག་ལོ་མས་བསང་ཞིག་ཕུད། །དར་ཚོན་སྣ་ལྔའི་རླུང་རྟ་བཏགས།།ཁྱོད་དེ་དུས་མགོན་སྐྱོབ་ཆེ་དུས་རེད།  །ང་དེ་དུས་ཕྲག་ལྷ་དར་དུས་རེད།།

 ༣ སྨན་ཨ་བཟའ་བྱུར་དམར་རྣ་ཚར་ཅན། །གཏམ་གོང་བ་ནང་ནས་བཤད་རེས་བྱེད། །རྒྱུ་ཕུ་དུང་ནང་གི་གཏད་རེས་བྱས།  །ཁྱེད་དེ་དུས་ཨ་བཟའ་ཡག་དུས་རེད།  །ང་དེ་དུས་ཤར་ལུ་འཁོར་མེད་རེད།  

 ༤ རྟ་གྲོ་རག་གྲིམ་པའི་རྔ་རྒྱ་ཅན།  །འབའ་ལི་ཐང་བསྐོར་ནས་ལོ་གསུམ་རེད།  །ཚིགས་གཅིག་ལ་བརྩེད་འཐེང་མ་སོང་ཟིན།  །རྐྱང་རག་དཀར་རྡོ་རྗེའི་རྣམ་སྤྲུལ་རེད།  

 ༥ སོག་ཁྲ་རིང་ཨ་འབའ་ར་གཉིས་ཅན།  །རྫ་ཡ་རིའི་སྒང་ལ་ལན་གསུམ་འཕངས།  །རྫས་གཅིག་ལ་ཡོར་འཆུག་མ་སོང་ཟི།  །དེ་གནམ་ལྕགས་ཐོག་གི་སྤྲུལ་པ་རེད།  

 ༦ སྨན་ཨ་བཟའ་བྱུ་རུའི་རྣ་ཚར་ཅན།  །ས་མི་ཡུལ་འགྲིམ་ནས་ལོ་གསུམ་རེད།  །ཚིག་གཅིག་ལ་འགྱུར་ལྡོག་མ་སོང་ཟི།  །ལྷ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་རེད། 

 ༧ ཟས་ཞིམ་པོ་ནས་ཆང་ཨ་རག་རེད།།གོང་དཀོན་མཆོག་གསུམ་ལ་མཆོད་པ་འབུལ།།ཨ་ལ་གསེར་འོད་ལམ་སེ་ལམ།།ས་ལ་འོད་སྣང་གསལ།།བསྭོ་ཡག་ལ་བསྭོ།  །ཞེས་པ་ལྟ་བུའོ།།

   མི་དགའ་བའི་གླུ།

 སྟོད་ཡས་ཀྱི་གཞི་བདག་འབྱུང་མེད་པོ། །ལས་ཡག་ཉེས་ཙམ་གྱིས་འཁྲུག་ཁུལ་བྱས།།བསང་ཞི་བས་ངོ་སོ་མི་ལོན་ཁུ།།ད་མི་མཆོད་རླུང་རྟའི་ལྷམ་འཚང་བྱེད།།དེ་འཁྲུགས་རྒྱུ་ཡོད་ན་བཙན་པོ་རེད།།

 སྐེད་ཡས་ཀྱི་རི་དྭགས་འབྱུང་མེད་པོ།།མི་རིག་ནི་ཙམ་གྱིས་འཆོང་ཁུལ་བྱེད།།མདའ་གླིང་བཞི་རྫས་ཀྱི་ཁ་ལ་བཏང་།།ཁྱོའི་རྣམ་ཤེས་བར་དོའི་ཁམས་ལ་སྐྱེས།།དེ་འགྲོག་རྒྱུ་ཡོད་ན་རྒོད་པོ་རེད།།

 སྨད་མས་ཀྱི་ཨ་བཟའ་འབྱུང་མེད་པོ།།རོགས་ངེད་གཉིས་ཞེ་མཐུན་ཡོད་དུས་སུ།།སྙིང་བཅད་ནི་ཙམ་ཞིག་གནོད་ཁུ་ད།།རོགས་ངེད་གཉིས་ལ་མོ་བརྒལ་དུས་སུ།།བུ་སུ་བཟང་ལྟད་མོ་རྒྱང་ནས་བལྟ།།ཞེས་པ་ལྟ་བུའོ།།

 སྨོན་གླུ།

 ངའི་ཕྱོགས་ཀྱི་སྡེ་ཡིས་བལྟས་དུས་སུ།།རོགས་ཕྱོགས་ཀྱི་སྡེ་འགོ་རིག་ཁུ་འོ།།སྡེ་ཁ་རྒྱ་ཆེ་ན་སྐྱིད་ཁུ་སྟེ།།རོགས་དེ་ན་མེད་ན་སྨེང་ཁུ་འོ།།

  ངའི་ཕྱོགས་ཀྱི་རྫ་ཡིས་བལྟས་དུས་སུ།།རོགས་ཕྱོགས་ཀྱི་རྫ་འགོ་རིག་ཁུ་འོ། །རྫ་ཁ་རྒྱ་ཆེ་ན་སྐྱིད་ཁུ་སྟེ།།རོགས་དེ་ན་མེད་ན་སྨེང་ཁུ་འོ།།ཞེས་པ་ལྟ་བུའོ། 

གླུ་དང་བྲོ།

མཐུན་གླུ།

   ཡར་ལྟ་དུས་མིག་ལ་མཛེས་མོ་བོ། །དགུང་ཨ་སྔོན་དཀྱིལ་གྱི་ཉི་ཟླ་རེད།།གཅིག་གྲགས་ནས་སྦྲང་ཆར་གཏོར་ནི་འོ།།འབྲུག་ལྷོ་ཁྱུང་སྙིང་ལ་རྗེ་ནི་རེད།།

   ཕར་ལྟ་དུས་མིག་ལ་མཛེས་ནི་དེ།།ནགས་དགའ་ལྡན་ལོ་མ་ཡར་སྐྱེས་རེད།།གཅིག་གྲགས་ནས་རྒྱབ་དབུས་རྨོངས་ནི་བོ།།བྱ་ཁུ་ལོ་སྙིང་ལ་རྗེ་མོ་རེད།།

   མར་ལྟ་དུས་མིག་ལ་མཛའ་ནི་བོ།།སྡེ་ཚོ་དྲུག་ཕྱུག་པོ་ཚང་ཞིག་རེད།།སྒོར་བུད་ནས་གླུ་ཆུང་ལེན་ནས་བོ།།སྨན་ཨ་བཟའ་སྙིང་ལོ་རྗེ་མོ་རེད།།ཅེས་པ་ལྟ་བུའོ། 

མི་མཐུན་པའི་གླུ།

    བྲག་གདོང་ཟ་རི་ཟོ་རེ་བོ།།བྲག་ཆུ་ཐ་འུ་ཐིག་འེ་བོ།།ངས་མི་འཐུང་འཐུང་ཁ་བྱེད་དུས་སུ།།ཁྱོས་ངོ་མ་འཐུང་དགོས་ཨེ་བསམ་ཁུ།།༢ཚེར་ཕུང་ཐ་རེ་ཐོར་རེ་འོ།།ཚེར་ཐོག་སྐྱ་རེ་སྐྱུར་རེ་བོ།།ངས་མི་ཟ་ཟ་ཁུལ་བྱེད་དུས་སུ།།ཁྱོས་ངོ་མ་ཟ་འདུག་ཨེ་བསམ་ཁུ།།   ༣ སྡེ་ཆེན་ཐ་རེ་འཐོར་རེ་བོ།།ཨ་བཟའ་ཚབ་བེ་ཚུབ་བེ་འོ།།ངས་མི་རྩེད་ཁུལ་བྱེད་དུས་སུ།།ཁྱོས་ངོ་མ་རྩེད་དགོས་ཨུ་བསམ་ཁུ།།ཞེས་གོང་གི་གླུ་ཚིག་རྣམས་ནི་སྤྱི་ལོ༢༠༡༠ལོའི་ཟླ༡ཚེས༡༠ལ་མི་ཉག་གསེར་རྒྱ་སྒོ་ནང་ནས་སྐུ་ནུབ་སྡེ་པའི་ལྕགས་སྐུང་ཚུལ་ཁྲིམས་ལ་བཅར་འདྲི་བྱས་ནས་སྔགས་པ་པད་མ་རྡོ་རྗེས་བཀོད་པའོ།།

སྐྱོ་སྡུག་གི་གླུ།

ས་མ་འདྲིས་མི་ཡུལ་ལུང་པ་རེད།།ས་འདྲིས་ན་རང་ཡུལ་ལུང་པ་རེད།།མི་མ་འདྲིས་ཁྱོད་དང་ང་རང་རེད།།མི་འདྲིས་ན་ཤ་ཉེ་སྤུན་ཟླ་རེད།། རི་མཐོ་ན་མི་སྡུག་དམའ་ན་སྡུག།རི་དམའ་མོར་སྨུག་པ་འཐིབས་ན་སྡུག།རོགས་མེད་ན་མི་སྡུག་ཡོད་ན་སྡུག།རོགས་ཡོད་ལེ་ཁ་ཐག་རིང་ན་སྡུག།རོགས་ཐུག་ཐག་རིང་ན་ལྷག་པར་སྡུག །ཅེས་པ་ལྟ་བུའོ།།སྐབས་འགར་རྟ་ལ་ཆིབས་ནས་འགྲོ་སྐབས་དང་།རི་མགོ་མཐོན་པོའི་ཐོག་ནས་སྒྲ་གདངས་མཐོན་པོས་གད་རྒྱངས་བསྒྲགས་ཏེ་གླུ་ལེན་པ་ལ་རྒྱང་གླུ་ཟེར།སྤྱིར་བཏང་མི་གང་ཞིག་སྣང་བ་སྐྱིད་པའི་སྐབས་སུ་རྒྱང་གླུ་ལེན་བཞིན་ཡོད་པ་རེད། འོན་ཀྱང་སྣང་བ་སྐྱོ་སྐབས་སུ་གླུ་ལེན་པ་ནི་བོད་ཀྱི་གཏམ་དཔེ་ལ། གླུ་སྐྱིད་པོ་མི་ལེན་སྡུག་པོ་ལེན།།ཕོ་སྡུག་པོས་རང་སེམས་གསོ་གླུ་ལེན།།ཞེས་པ་ལྟར་ཡིན་ནོ།།

གླུ་ཤགས་ཀྱི་ངོ་སྤྲོད།

དེ་ཡང་གླུ་ཤགས་ཞེས་པ་ནི་གླུ་བ་རེ་རེ་ཁ་གཏད་དུ་ལངས་ནས་ཕན་ཚུན་ལ་དྲི་བ་དྲིས་ལན་གྱིས་མཚང་འབྲུ་བ། ཟུར་ཟ་དང་འཕྱ་སྨོད། རང་སྟོད་གཞན་སྨོད་སོགས་ཀྱི་ནང་དོན་དག་དཔེ་རུ་དྲངས་ནས་གླུ་བླངས་ཏེ་ཉན་མཁན་རྣམས་ལ་གད་མོ་སློང་བ་དང་སྤྲོ་བ་ཆེན་པོ་བསྐྱེད་ཐུབ་པའི་ཚིགས་བཅད་བརྩམས་ཆོས་ཤིག་སྟེ། དོན་གང་རུང་ཞིག་ལ་དམིགས་ཤིང་ལྡོག་ཟླར་ལངས་ནས་ལན་འདེབས་པ་ཡིན། འདི་ལ་ཚེག་བར་བདུན་དང་བརྒྱད་ཅན་ཤས་ཆེ་ལ་ཤོ་ལོ་ཀ་གཉིས་ཅན་དང་གསུམ་ཅན་བཞི་ཅན་སོགས་གང་རུང་འབྱུང་ཡང་། གླུ་ཤགས་གཅིག་གི་ཤོ་ལོ་ཀའི་ཚིག་རྐང་འདྲ་མཉམ་དང་དོ་མཉམ་པ་ཡིན། དེའི་དཔེར་བརྗོད་རྣམས་གཤམ་གསལ།༡ དྲི་བའི་གླུ། ངར་རི་རབ་འཁུར་བའི་མཛོ་ཞིག་ཡོད།།ཁལ་འགེལ་རྒྱུའི་ནོམ་པ་ཅི་འདྲ་རེད། །ངར་རྒྱ་མཚོ་ཁེབས་པའི་འབྲི་ཞིག་ཡོད། །ཁྱོད་བཞོན་མའི་མཐེབ་རྩལ་ཅི་འདྲ་རེད།།ངར་སྲིད་པ་ཆགས་པའི་གླུ་ཞིག་ཡོད།།གླུ་འདྲི་བའི་བློ་རིག་ཅི་འདྲ་ཡོད། །ཅེས་སོ།  །༢ དྲིས་ལན་གྱི་གླུ། ཁྱོད་ཁྱུང་དཀར་མཛོ་ལ་དགོད་རྒྱུ་ཡོང་། །གསེར་ཕ་བོང་ཁུར་མཁན་ཁོ་ཡིན་ཟེར། །ཁྱོའི་སྒལ་ཚིགས་ཉོག་སེ་གཏོང་བྱེད་རེད།།ཁྱོད་ཐུལ་དཀར་འབྲི་མོར་དགོད་རྒྱུ་ཡོང་། །ཕྱིའི་རྒྱ་མཚོའི་བཞོ་རྒྱུ་མོ་ཡིན་ཟེར།།ཁྱོས་ནུ་མ་སྟོང་བ་ཕུད་བྱེད་རེད།།ཁྱོད་གླུ་མེད་བ་དགོད་རྒྱུ་ཡོང་། །གླུ་སྲིད་པའི་ལེན་མཁན་ཁོ་ཡིན་ཟེར།།ཁྱོད་ད་ཐེངས་ཨུག་སེ་འདུག་བྱེད་རེད།།ཅེས་པ་སོགས་སྤྱིར་གླུ་ཤགས་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་དོ།།

གླུ་ཤགས་བཀྱེ་ཚུལ།

 ཁྱོད་རྒྱང་གི་ཡོང་དུས་མི་ཞིག་རེད།།ཟུར་ལ་ཐོན་དུས་ཟོག་ཅིག་རེད།།རྔ་མ་བཀྱགས་དུས་རྔོ་བོ་རེད།།རྔ་བཀྱོག་རྔོ་བོ་ངོ་རེ་ཚ།།༢ ཁྱོད་ལ་མགོ་རྫི་བོ་ཨེ་སོང་བ།།ཁྱོས་སྤྱང་ཀི་ཁ་ཆེ་ཨེ་རིག་ཟིན།།ཁ་དེ་ཚོ་དེ་དང་རང་བཞིན་རེད།།༣ ཁྱོད་ཆུ་ཁ་ཆུ་ལེན་ཨེ་སོང་ཟིན།།ཁྱོས་ཆུ་རྡོ་སྔོ་རིལ་ཨེ་རིག་ཟིན།།ཁྱོའི་ཁ་ངོ་དེ་དང་རང་བཞིན་རེད།།༤ ཁྱོད་གླུ་མེད་གླུ་དགའ་ཚ་རྒྱུ་དེ།།ཁ་ཁུག་ལུ་བསྡུས་པའི་སྔ་ལྟས་རེད།།༥ སྦྲ་ཞོལ་མེད་སྒང་གི་ཕུག་རྒྱུ་བོའི།།རླུང་བསེར་བུས་ཁྱེར་བའི་སྔ་ལྟས་རེད།།༦ རྟ་ཤེད་མེད་རྒྱུག་དགའ་ཆེ་ནི་བོ།།བྱ་ཁྭ་ཏས་བཏོགས་པའི་སྔ་ལྟས་རེད།།  ངས་རྟ་རྐོ་དམར་པོའི་ལྷམ་ཞིག་བཟོས།།གྱོན་མཁན་མ་རག་ལོ་གསུམ་རེད།།དེ་རིང་གླུ་བ་ཁྱེད་ལ་བསྐོན།།  ངས་རི་བོང་ལྤགས་པས་ཞྭ་ཞིག་དྲུབ། །གྱོན་མཁན་མ་རག་ལོ་གསུམ་རེད།།དེ་རིང་གླུ་བ་ཁྱེད་ལ་སྐོན།།  ངས་རམ་བུ་དམར་པོའི་ཆང་ཞིག་བཙོས།།ཁྱི་སྐྱག་དཀར་པོའི་ཕབ་ཅིག་བྱས།།བླུག་ས་མ་ལོན་ལོ་གསུམ་རེད།།དེ་རིང་གླུ་བ་ཁྱེད་ལ་བླུག། ༡༠ མགོ་རིལ་རིལ་ཤིག་གི་རྒྱ་མདུད་ཅན།།ཁྱོད་ཚ་ཆུ་ཁ་ཡི་ལོ་གསུམ་སྡོད། །ད་གཟོད་ཤོག་དང་གླུ་ཤགས་ཚད།།

གླུ་དང་བྲོ།

དྲིན་ཆེན་ཕ་མར་བསྟོད་གླུ།

 འབྲི་དཀར་པོ་མ་ལོ་མ་རེད་དེ།།དཀར་འོ་ཞོ་རིག་དུས་མ་ལོ་དྲན།།རྟ་འདོ་བ་ཕ་ལོ་མ་རེད་དེ།།འགྲོས་གོམས་པ་རིག་དུས་ཕ་ལོ་དྲན།།ལུག་གཡང་དཀར་སྲིང་མོ་མ་རེད་དེ།།བལ་སྣམ་བུ་གྱོན་དུས་སྲིང་མོ་དྲན།།བྱང་ཨ་ལེ་ལ་མོ་ཅི་བསམ་འགྲུབ།།ཚེ་རིང་རྒྱུའི་ལ་མོའི་དོན་འགྲུབ་དགོས།།

 གཞས་ཀྱི་ངོ་སྤྲོད་མདོར་བསྡུས།

  སྤྱིར་གཞས་ནི་ཁམས་དང་དབུས་གཙང་ཕྱོགས་ཀྱི་ས་གནས་སོ་སོར་དར་ཁྱབ་ཆེ་བའི་ཡུལ་གླུ་ཞིག་སྟེ། ངལ་རྩོལ་མི་དམངས་ཀྱི་དགའ་སྐྱོ་ཆགས་སྡང་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། ཐོན་སྐྱེད་ངལ་རྩོལ་བཅས་སྤྱི་ཚོགས་ཀྱི་སྣང་ཚུལ་མཐའ་དག་མཚོན་པའི་ཚིགས་བཅད་བརྩམས་ཆོས་ཐུང་ངུ་ཞིག་ཡིན། མང་ཆེ་བ་ཚེག་བར་དྲུག་དང་ལྡན་པ་ཤས་ཆེ་ཞིང་ཤོ་ལོ་ཀ་གཅིག་ལས་མེད། ཤོ་ལོ་ཀ་གཅིག་གི་ཚིག་རྐང་གཉིས་ལས་གཞས་རེ་གྲུབ་པ་དང་། འགྱུར་ཁུག་གཏོང་ལུགས་ཀྱང་ཤིན་ཏུ་བདེ། རྩོམ་གཤིས་ལེགས་ཤིང་བརྗོད་བྱའི་ནང་དོན་སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་ཀུན་དང་འབྲེལ་ཡོད་དེ། བརྗོད་བྱའི་ནང་དོན་གྱི་ཆ་ནས་དབྱེ་བ་དཔེར་ན།  གྲལ་རིམ་འཐབ་རྩོད་མཚོན་པའི་གཞས།  སྲིད་དོན་དང་འབྲེལ་བའི་གཞས།  རྒྱལ་གཅེས་ཀྱི་རྣམ་པ་མཚོན་པའི་གཞས།  ཟུར་ཟ་བྱེད་པའི་གཞས།  ཆང་གཞས།  ལ་གཞས།  ཚིག་རྒྱག་གི་གཞས།  མདའ་གཞས།  མཛའ་གཞས་ལྟ་བུ་བཅས་སོ། །ཡུལ་དང་རྣམ་པའི་ཆ་ནས་དབྱེ་བ་ན།  ལྷ་སའི་གཞས་ཆེན།  ཁམས་ཕྱོགས་ཀྱི་སྒོར་གཞས།  ལྷ་སའི་ནང་མའི་གཞས།  ངལ་རྩོལ་གྱི་གླུ་གཞས་དང་བྱིས་པའི་གཞས་ལྟ་བུ་སོགས་ཡོད་ཀྱང་རྒྱས་པར་ཤེས་འདོད་ན། མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པའི་འབའ་སྟོད་པདྨ་དབང་རྒྱལ་དང་བཅུད་རྫ་གཡང་མོ་སྐྱིད་གཉིས་ཀྱིས་བརྩམས་པའི་དཔེ་ཆ། བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངསཞེས་པའི་ལྡེབ་མ༡༨༡ནས༢༠༠བར་ལ་ལྟོས་དང་ཤེས་པར་འགྱུར་རོ།།

གླུ་དང་བྲོ།

 མཛའ་གཞས་སམ་ཨ་ལོང་མོ་འདེབས།

དེ་ཡང་ལ་གཞས་ནི་དམངས་ཁྲོད་ཀྱི་གླུ་གཞས་རིགས་ཤིག་ཡིན་ལ། ནང་དོན་ཕལ་ཆེ་བ་འདོད་པའི་ཕོ་མོའི་བརྩེ་དུང་སྟོན་པའི་ཚིག་འབྲུ་དྲུག་རེ་ཅན་གྱི་ཤོ་ལོ་ཀ་ཞིག་ལ་ཟེར། དེ་དག་གི་མིང་གི་རྣམ་གྲངས་ལ་དབྱེ་ན། ལ་གཞས་དང་མཛའ་གཞས། མགུར་མོ། ཨ་ལོང་མོ་འདེབས་བཅས་ཟེར་སྲོལ་ཡོད་ལ། གླུ་དང་ལ་གཞས་ལ་ཁྱད་པར་ཅི་ཡོད་ཅེ་ན། གླུ་ཡིན་ན་བརྒྱད་ཚིག་ཡིན་པ་དང་། ལ་གཞས་སམ་ཨ་ལོང་མོ་འདེབས་ཡིན་ན་ཚིག་དྲུག་རེ་ཡིན་ལ། གཞས་གཏོང་སྐབས་གླུ་ངག་དང་མི་འདྲ་བའི་གཞས་གདངས་རིགས་མི་འདྲ་བ་མང་པོ་ཡོད། གླུ་ཤགས་ཚད་པ་ནང་བཞིན་གཞས་ཤགས་ཀྱང་ཚད་ཆོག་པ་རེད། མགུར་མོའམ་ཨ་ལོང་མོ་འདེབས་བྱེད་སྐབས། གཞོན་ནུ་ཕོ་མོ་མང་ཙམ་ཞིག་མཉམ་དུ་འདུས་ཡོང་ནས་དེ་དག་སོ་སོའི་ཨ་ལོང་ངམ་ཅ་ལག་སྣ་ཁ་རེ་མི་རེ་རེ་ལ་བསྡུ་དགོས། གཅིག་རང་ཉིད་མཚོན་བྱེད་དང་། གཅིག་རང་སེམས་ཤོར་བའི་མི་དེ་མཚོན་བྱེད་དུ་འཇོག  རང་རང་གི་དགའ་ས་མི་གང་འཇོག་རང་གིས་ངོས་སྦྱོར་བྱེད་ཆོག་ལ། གལ་སྲིད་ངོ་ཚ་ནས་རང་གིས་དགའ་ས་འཇོག་དགོས་པ་དེ་བཤད་མ་ཐུབ་ན། གཞན་རྣམས་ཀྱིས་ཁོ་རང་དང་འབྲེལ་བ་ཡོད་པའི་མི་སུ་འདྲ་ཞིག་ངོས་སྦྱོར་བྱས་ནའང་འགྲིག་གི་རེད། དེ་ནས་མི་གང་རུང་ཞིག་མགུར་མོ་འཐེན་མཁན་གདམ་དགོས། མི་གཞན་གཉིས་ཀྱིས་མི་སོ་སོ་མཚོན་བྱེད་ཀྱི་ཅ་ལག་རྣམས་འཛིན་དགོས་ཤིང་། མགུར་མོ་ལེན་མཁན་གྱིས་མི་མཐོང་བར་བྱས་ཏེ་ལག་གཡས་གཡོན་གཉིས་སུ་ཕོ་མོ་གཉིས་པོ་སོ་སོ་མཚོན་བྱེད་ཀྱི་ཅ་ལག་གཉིས་བཟུང་ནས། མགུར་མོ་ལེན་མཁན་ལ་ལག་པ་གཡས་གཡོན་སོ་སོ་བསྟན་ནས་མགུར་མོ་ལེན་བཅུག་ཅིང་། མགུར་མོ་ལེན་མཁན་གྱིས་དེ་ལ་དགའ་བར་མཚོན་བྱེད་དང་། དེ་བཞིན་དུ་ཁྲོ་བ་མཚོན་པ། བསྟོད་པ། སྨད་པ། ཁྲེལ་བ། བརྩེ་བ་སོགས་མཚོན་བྱེད་ཀྱི་ལ་གཞས་སྣ་ཚོགས་བཏང་ཟིན་རྗེས། ལག་པ་ཁ་ཕྱེས་ནས་མི་སུ་དང་སུ་ཡིན་པ་བསྟན་ཅིང་། ཕོ་མོ་སོ་སོས་གཞས་གང་འདྲ་བཏང་ཡོད་པ་ལ་བརྟགས་ཤིང་ཁོ་ཚོ་དང་ཕན་ཚུན་འཕྱ་རེས་དང་ཀུ་རེ་བྱས་ནས་གད་མོ་སློང་བ་དང་། ཕོ་མོ་ལོ་ཆུང་ཚོའི་བར་དུ་དགའ་རོགས་སྒྲིག་བྱེད་ཀྱི་ཐག་པ་འཐེན་བྱེད་ཀྱི་ལག་ཆ་ཆེས་བཟང་པོ་ཞིག་ཀྱང་ཡིན་ནོ།།

གླུ་དང་བྲོ།

ཨ་ལོང་མོ་འདེབས་བྱེད་ལུགས།

དགའ་བའི་ལ་གཞས།༡ ཁྱོད་ནི་ང་ལ་དགའ་བསམ།།ང་ནི་ཁྱོད་ལ་དགའ་བསམ།།ཕར་དགའ་ཚུར་འདོད་ཡོད་ན།།ལུས་འབྲེལ་བཞག་ན་ཆོག་འདུག།༢ ཁྱོད་ཀྱིས་ང་ལ་ལྟ་དུས།།ཤེལ་སྒོ་ནང་ནས་ལྟ་ཤོག།ང་ཡིས་ཁྱོད་ལ་འབོད་དུས།།རྒྱ་གླིང་ནང་ནས་འབོད་ཡོང་།།༣ ཆུང་འདྲིས་ཁྱོད་ལ་ཅི་དགོས།།ང་ལ་འདི་དགོས་གསུངས་དང་།།ནམ་མཁའི་སྐར་མ་དགོས་ན།།སྐས་བརྒྱ་བཙུགས་ནས་ལེན་འོང་།།༤ ཆུང་འདྲིས་ང་གཉིས་འདྲིས་འདྲིས།།ཤ་དང་རུས་པ་འདྲིས་འདྲིས།།རྒྱ་གྲི་ཡུ་དཀར་མེད་ན།།ཁ་ཁ་ཕྱེ་ས་མ་རེད།།༥ ཆུང་འདྲིས་ང་གཉིས་འདྲིས་འདྲིས།།ནས་དང་ཕུ་མ་འདྲིས་འདྲིས།།རྒྱལ་པོའི་རླུང་འཁོར་མེད་ན།།ཁ་ཁ་ཕྱེ་ས་མ་རེད།།༦ ཆུང་འདྲིས་ང་གཉིས་འདྲིས་འདྲིས།།ཆུ་དང་འོ་མ་འདྲིས་འདྲིས།།རྒྱ་ནག་རུས་སྦལ་མེད་ན།།ཁ་ཁ་ཕྱེ་ས་མ་རེད།།

མི་དགའ་བའི་ལ་གཞས།

 ཁྱེད་ནི་བླ་མ་ཡིན་ན།།བཞུགས་ཁྲི་ཐོག་ལ་བཞུགས་རོགས།།ང་རང་མེ་ཏོག་སེར་ཆེན།།དབྱར་དགུན་ཕྱེས་ནས་སྐྱེས་འོང་།།༢ ཕ་རོལ་སྤང་གདན་སྟེང་ལ།།སྐྱ་ཀ་འགྲོ་ལུགས་མཁས་པ།།འགྲོ་ལུགས་ཅི་ཙམ་མཁས་ན།།ལྟད་མོ་ལྟ་མཁན་མི་འདུག།༣ བྱ་ཐན་ཁ་ཏྭ་ནག་ཆུང་།།ལུང་པ་ཕུགས་ནས་འོང་ཐལ།།ཁ་བཟང་ཚིག་གཅིག་མི་འདུག།གཏམ་ངན་ལུང་པ་གང་རེད།།  རྒྱ་མཚོ་ཆུ་མིག་ཁ་ལ།།ཁ་བཀྲུ་ལག་བཀྲུ་བྱས་ཡོད།།ཀླུ་རྒྱལ་གཙུག་ན་རིན་ཆེན།།འཁྲུག་རྒྱུ་ཡོད་ན་འཁྲུག་ཤོག།  རྒྱ་ཡི་མི་ནི་མ་རེད།།བོད་ཀྱི་མི་ནི་མ་རེད།།ཐན་གྱི་ཨ་རྒས་སྤྲེའུ།།ས་ཕྱོགས་གང་ནས་འོང་ཟི།།  ཕ་རོལ་ཐང་ཆེན་དཀྱིལ་ན།།ར་མ་ལུག་གིས་གང་ཡོད།།ཡ་འགྲོ་མ་འགྲོ་མ་བཟོ།།སྟག་མ་གཟིག་གིས་ཁུར་འགྲོ།།

གླུ་དང་བྲོ།

བསླབ་བྱའི་ལ་གཞས། 

 དབྱར་ཁ་སྤང་ལ་མ་འགྲོ།།སྤང་ལ་འདྲེད་བདར་རྒྱག་ཤེས།།མི་ངན་ཁ་ལ་མ་ཉན།།རང་སེམས་ཁ་ཁ་འགྲོ་ཤེས།། ༢གཅིག་སེམས་གཅིག་ལ་བསྟེན་ཡོད།།གཉིས་སེམས་སྒོ་ལྕགས་བརྒྱབ་ཡོད།།ལྡེ་མིག་ལྡེ་འདྲ་ཨེ་ཡོད།།ཆུང་འདྲིས་ཁྱོད་ཀྱིས་ཤེས་འདུག    སྒོ་ལྕགས་སྒོ་ལ་བརྒྱབ་ཡོད།།ལྡེ་མིག་གློ་ལ་བཏགས་ཡོད།།དེ་ལ་ལྡེ་འདྲ་ཡོད་མེད།།ཆུང་འདྲིས་ཁྱོད་ཀྱིས་གོ་དགོས།།༤རྟ་ཕོ་རྟ་ནག་རྒོད་ཕྲུག།ཤི་ན་འགྱོད་པ་མི་འདུག།ལྷ་རྟ་རྐྱང་རྒོད་ངེད་གཉིས།།སྒ་ཆ་བསྒྲིགས་ནས་བཞག་ཡོད།།༥ཆུ་མིག་གར་ཡོད་ས་ལ།།ཟམ་ཆུང་བཙུགས་སྔ་མ་བྱེད།།མཐའ་མ་ཆུ་ལོག་འོང་དུས།།ཟམ་ཆུང་གང་ཁྱེར་མི་ཤེས།།༦ཨ་ལུང་མ་རྩ་དངུལ་རེད།།ཕྲ་ཁུང་རིན་ཆེན་གསེར་རེད།།ལས་དབང་ཅན་གྱིས་རྒྱག་རྒྱུ།།ལས་འབྲེལ་ཅན་གྱིས་རྡུང་དགོས།།༧རྒྱ་མེད་དར་རྩེ་མདོ་ལ།།དབྱར་ཟླ་མིན་པའི་དགུན་ཟླ།།ཆུང་འདྲིས་ངེད་གཉིས་བར་ལ།།ལུས་འབྲེལ་མེད་པའི་མི་ཁ།།༨ཆུང་འདྲིས་ང་གཉིས་འདྲིས་ས།།ཨོ་རོང་གཤིས་ཀྱི་ནགས་རེད།།བྱ་དང་འཇོལ་མོ་མ་གཏོགས།།མགོ་ནག་མི་ཡིས་མི་གོ།།༩བློ་བདེ་ལྕགས་ཟམ་ཁ་ལ།།ཤོག་གུའི་གུར་ཞིག་ཕུབ་ཡོད།།ཆར་པ་ལན་གསུམ་བབས་ནས།།ཁོག་སྟོད་ཁོག་སྨད་བུད་སོང་།།ཞེས་པ་ལ་སོགས་ཡིན་ནོ།།

བྲོ་མགོ་འཇོག་སྟངས།

༡དང་པོ་བྲོ་ཞིག་མ་འཆམ།།དང་པོ་བྲོ་ཞིག་འཆམ་ཡོད།།དང་པོ་བྲོ་ཞིག་འཆམ་ས།།ས་ཕྱོགས་རྒྱ་གར་ཡུལ་ལ།།རྒྱ་གར་ཆོས་ཀྱི་རྒྱལ་པོ།།བྲོ་དང་གླུ་ལ་དགའ་སོང་།།གླུ་དང་བྲོ་ལ་དགའ་ནས།།བྲོ་ཡི་མཆོད་པ་ཕུལ་ཡོད།།༢གཉིས་པ་བྲོ་ཞིག་མ་འཆམ།།གཉིས་པ་བྲོ་ཞིག་འཆམ་ཡོད།།གཉིས་པ་བྲོ་ཞིག་འཆམ་ས།།ས་ཕྱོགས་རྒྱ་ནག་ཡུལ་ལ།།རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ།།གླུ་དང་བྲོ་ལ་དགའ་སོང་།།གླུ་དང་བྲོ་ལ་དགའ་ནས།།བྲོ་ཡིས་མཆོད་པ་ཕུལ་ཡོད།།༣གསུམ་པ་བྲོ་ཞིག་འཆམ་འཆམ།།གསུམ་པ་བྲོ་ཞིག་འཆམ་ཡོད།།གསུམ་པ་བྲོ་ཞིག་འཆམ་ས།།ས་ཕྱོགས་མི་ཉག་ཡུལ་ལ།།མི་ཉག་ནས་ཀྱི་རྒྱལ་པོ།།གླུ་དང་བྲོ་ལ་དགའ་སོང་།།གླུ་དང་བྲོ་ལ་དགའ་ནས།།བྲོ་ཡིས་མཆོད་པ་ཕུལ་ཡོད།།

བླ་དཔོན་ཆེ་ཁག་བསུ་བའི་བྲོ་ཚིག

༡ཚེས་པ་ཚེས་གཅིག་ཚེས་གཉིས།།ཚེས་གསུམ་སྐར་མ་བཟང་པོ།།སྐལ་བཟང་དུས་བཟང་ཐོག་ལ།།བླ་མ་ཚུར་ལ་ཕེབས་ཡོད།།བླ་མ་ཚུར་ལ་ཕེབས་ཁར།།དུང་དང་རྒྱ་གླིང་བུས་ཡོད།།བླ་མས་བཀའ་ཆོས་གནང་ནས།།དབང་སྐུར་ཟབ་མོ་ཐོབ་ཡོད།།༢ཚེས་པ་ཚེས་གཅིག་ཚེས་གཉིས།།ཚེས་གསུམ་སྐར་མ་བཟང་པོ།།སྐལ་བཟང་དུས་བཟང་ཐོག་ལ།།དཔོན་པོ་ཚུར་ལ་ཕེབས་ཡོད།།དཔོན་པོ་ཚུར་ལ་ཕེབས་ནས།།ཁྲིམས་སོགས་ཇུས་བཀོད་གནང་ཡོད།།༣ཚེས་པ་ཚེས་གཅིག་ཚེས་གཉིས།།ཚེས་གསུམ་སྐར་མ་བཟང་པོ།།སྐལ་བཟང་དུས་བཟང་ཐོག་ལ།།ཕ་མ་ཚུར་ལ་ཕེབས་ཡོད།།ཕ་མ་བཟང་པོ་ཕེབས་ནས།།ཁ་ཏ་བསླབ་སྒོ་གནང་ཡོད།།

འཛོམས་བྲོ་དང་སྐྱིད་བྲོ།

༡དགུང་ཨ་སྔོན་སྐྱིད་སྐྱིད་པའི་ས།།གསེར་ཉི་ཟླ་འཛོམས་འཛོམས་པའི་ས།།གར་གླུ་བྲོ་འཛོམས་པའི་སྨོན་ལམ་ཤོག།༢བྲག་དཀར་ཡག་སྐྱིད་སྐྱིད་པའི་ས།།རྒོད་ཐང་དཀར་འཛོམས་འཛོམས་པའི་ས།།རྒྱབ་གཤོག་སྒྲོ་འཛོམས་པའི་སྨོན་ལམ་ཤོག།གྲོང་རྒྱས་གྲོང་སྐྱིད་སྐྱིད་པའི་ས།།རང་མིང་སྲིང་འཛོམས་འཛོམས་པའི་ས།།གླུ་ཉམས་དགའ་འཛོམས་པའི་སྨོན་ལམ་ཤོག།

༡མི་རིགས་མི་སྣ་མ་འཛོམས།།མི་རིགས་མི་སྣ་འཛོམས་ཡོད།།མི་རིགས་མི་སྣ་འཛོམས་ས།།ལྷ་སའི་ཇོ་བོའི་སྐུ་མདུན།།ཇོ་བོ་འདི་ཡི་ཐུགས་རྗེས།།མི་རིགས་མི་སྣ་འཛོམས་ཡོད།།༢ཤིང་རིགས་ཤིང་སྣ་མ་འཛོམས།།ཤིང་རིགས་ཤིང་སྣ་འཛོམས་ཡོད།།ཤིང་རིགས་ཤིང་སྣ་མ་འཛོམས་ས།།ལྷ་སའི་བསང་ཁང་ཁྲ་མོ།།བསང་ཁང་འདི་ཡི་ཐུགས་རྗེས།།ཤིང་རིགས་ཤིང་སྣ་འཛོམས་ཡོད།།༣ཆུ་རིགས་ཆུ་སྣ་མ་འཛོམས།།ཆུ་རིགས་ཆུ་སྣ་འཛོམས་ས།།ལྷ་སའི་བུམ་པའི་ཁ་ལ།།བུམ་པ་འདི་ཡི་ཐུགས་རྗེས།།ཆུ་རིགས་ཆུ་སྣ་འཛོམས་ཡོད།།

སྐྱེལ་བྲོའམ་འགྲོ་བྲོ།

 ༡དགུང་ཨ་སྔོན་ལ་མོ་མཐོན་པོ་རེད།།གསེར་ཉི་ཟླ་མི་སྡོད་འགྲོ་ཆས་རེད།།གསེར་ཉི་ཟླ་མ་འགྲོ་བཞུགས་རོགས་ཞེས།།ཁྱོད་འགྲོ་ན་ལ་མོ་སྟོང་པ་རེད།། ༢བྲག་དཀར་ཡག་ལ་མོ་མཐོན་པོ་རེད།།རྒོད་ཐང་དཀར་མི་སྡོད་འགྲོ་ཆས་རེད།།རྒོད་ཐང་དཀར་མ་འགྲོ་བཞུགས་རོགས་གྱིས།།ཁྱེད་འགྲོ་ན་བྲག་དཀར་སྟོང་པ་རེད།། ༣གྲོང་རྒྱ་གྲོང་ལ་མོ་མཐོན་པོ་རེད།།རང་མིང་སྲིང་མི་སྡོད་འགྲོ་ཆས་རེད།།རང་མིང་སྲིང་མ་འགྲོ་བཞུགས་རོགས་གྱིས།།ཁྱེད་འགྲོ་ན་རྒྱ་གྲོང་སྟོང་པ་རེད།།

བཀྲ་ཤིས་སྨོན་ལམ་གྱི་བྲོ།

༡གཙང་བཀྲ་ཤིས་ལ་ཡི་ལ་མགོ་ལ།།གསེར་རྐྱང་རྐྱང་བུམ་པ་བཅུ་གསུམ་འཁྲུངས།།ཚེ་རིང་བའི་བུམ་ཆུ་མཉམ་འཐུང་བཟོ།།བཀྲ་ཤིས་པའི་ཁ་དར་མཉམ་ལེན་བྱེད།།༢གཙང་བཀྲ་ཤིས་ལ་ཡི་ལ་སྐེད་ལ།།དངུལ་རྐྱང་རྐྱང་བུམ་པ་བཅུ་གསུམ་འཁྲུངས། །ཚེ་རིང་བའི་བུམ་ཆུ་མཉམ་འཐུང་བཟོ།།བཀྲ་ཤིས་པའི་ཁ་དར་མཉམ་ལེན་བྱེད།།༣གཙང་བཀྲ་ཤིས་ལ་ཡི་ལ་མདའ་ལ།།གཡུ་རྐྱང་རྐྱང་བུམ་པ་བཅུ་གསུམ་འཁྲུངས།།ཚེ་རིང་བའི་བུམ་ཆུ་མཉམ་འཐུང་བཟོ།།བཀྲ་ཤིས་པའི་བྲོ་ར་མཉམ་སྐོར་བྱེད།།༡ས་ཨ་དམ་ཡང་དམ་རྒྱལ་དམ་གསུམ།།ས་རྒྱལ་དམ་ལ་མགོ་བྱ་གསུམ་བབས།།བྱ་ཡག་པོ་རྨ་བྱའི་འཇའ་རིས་རེད།།སྒྲོ་ཡག་པོ་བུམ་པའི་ཁ་རྒྱན་བཞག།༢ས་ཨ་དམ་ཡང་དམ་རྒྱལ་དམ་གསུམ།།ས་རྒྱལ་དམ་ལ་སྐེད་བྱ་གསུམ་བབ།།བྱ་ཡག་པོ་ཐང་དཀར་རྒོད་ཕྲུག་རེད།།སྒྲོ་ཡག་པོ་མདའ་མོའི་མདའ་སྒྲོ་བཞག།༣ས་ཨ་དམ་ཡང་དམ་རྒྱལ་དམ་གསུམ།།ས་རྒྱལ་དམ་ལ་མགོ་བྱ་གསུམ་བབ།།བྱ་ཡག་པོ་ཁུ་བྱུག་སྔོན་པོ་རེད།།སྐད་ཡག་པོ་ལུང་པའི་རྒྱན་ཆ་བཞག།

སྨོན་ལམ་གྱི་ཞབས་བྲོ།

༡ལྷ་སའི་རི་ལ་སྨོན་ལམ་ཚིག་གསུམ་བཏབ།།སྨོན་ལམ་འགྲུབ་པས་གསེར་གྱི་པ་ཊ་བཞག།ལས་དབང་མཐུན་པས་ཇོ་བོ་ཞལ་གསེར་བཏང་།།༢རྒྱ་ནག་ཡུལ་ལ་སྨོན་ལམ་ཚིག་གསུམ་བཏབ། །སྨོན་ལམ་འགྲུབ་པས་རྒྱ་ཇ་ནག་པོ་འཁྲུངས།།རྟེན་འབྲེལ་འགྲུབ་པས་ཁྱུང་དཀར་མཛོ་ལ་བཀལ།།ལས་དབང་མཐུན་པས་ཚོགས་ཆེན་མང་ཇ་བཏང་།།༣མི་ཉག་ཡུལ་ལ་སྨོན་ལམ་ཚིག་གསུམ་བཏབ། །སྨོན་ལམ་འགྲུབ་པས་འབྲུ་རིགས་སྣ་ལྔ་འཁྲུངས།།རྟེན་འབྲེལ་འགྲུབ་པས་ཞིམ་པོའི་ཇ་ཆང་བཙོས། །ལས་དབང་མཐུན་པའི་བཞུགས་གྲལ་རྣམས་ལ་བཏང་། 

གཡང་འབོད་ཀྱི་བྲོ།

༡དགུང་ཨ་སྔོན་གཡང་གཞི་གཡང་འཁོར་ནང་།།གསེར་ཉི་ཟླ་གཡང་ལ་མདའ་དར་བཙུགས།།གར་གླུ་བྲོ་འདོད་དོན་ཕུན་སུམ་ཚོགས།།༢བྲག་དཀར་ཡག་གཡང་གཞི་གཡང་འཁོར་ནང་།།རྒོད་ཐང་དཀར་གཡང་ལ་མདའ་དར་བཙུགས།།རྒྱབ་གཤོག་སྒྲོ་འདོད་དོན་ཕུན་སུམ་ཚོགས།།༣གྲོང་རྒྱ་གྲོང་གཡང་གཞི་གཡང་འཁོར་ནང་།།རང་མིང་སྲིང་གཡང་ལ་མདའ་དར་བཙུགས།།གླུ་མཉམ་དགའ་འདོད་དོན་ཕུན་སུམ་ཚོགས།།

བཀྲ་ཤིས་ཁ་དར་འཐེན་བྲོ།

༡ཉི་མ་ཤར་ས་ཨ་སྔོན་དགུང་ནས་རེད།།ཉི་རྩེ་ཕོག་ས་བླ་མའི་གཟིམ་ཁང་རེད།།གཟིམ་ཁང་ཡག་པོ་གསེར་གྱི་པ་ཊ་རེད།།༢ཟླ་བ་ཤར་ས་ཨ་སྔོན་དགུང་ནས་རེད།།ཟླ་ཟེར་ཕོག་ས་དཔོན་པོའི་གཟིམ་ཁང་རེད།།གཟིམ་ཁང་ཡག་པོ་དངུལ་གྱི་པ་ཊ་རེད།།༣ཨ་སྔོན་ལ་འདབས་སྨིན་དྲུག་བཀྲ་ས་རེད།།སྨིན་དྲུག་བཀྲ་ས་ཕ་མའི་གཟིམ་ཁང་རེད།།གཟིམ་ཁང་ཡག་པོ་གཡུ་ཡི་པ་ཊ་རེད།།བཀྲ་ཤིས་བྲོ་ར་བདེ་མོ་ཤོག།ཅེས་པ་འདིའི་བྲོ་ཚིག་རྣམས་ནི་མི་ཉག་ས་བདེའི་ལ་ཧྭ་གྲོང་པའི་བྲོ་མཁན་ནམ་བྲོ་དཔོན་ཚེ་པོའི་ངག་རྒྱུན་ལྟར་སྤྱི་ལོ༢༠༡༠ལོའི་ཟླ༡ཚེས༡༠ལ་གསེར་རྒྱ་སྒོ་ནང་ནས་མཚོ་བྱུང་བཞད་པའི་གེ་སར་གྱིས་ཡི་གེ་བཀོད་པའོ།།ཕ་མ་དྲན་པའི་བྲོ།༡འབྲི་ཟེ་དཀར་མ་ལོ་མ་རེད་དེ།།དཀར་འོ་མ་རིག་དུས་མ་ལོ་དྲན།།རྟ་འདོ་བ་ཕ་ལོ་མ་རེད་དེ།།འགྲོས་གོམ་པ་རིག་དུས་ཕ་ལོ་དྲན།།ལུག་གཡང་དཀར་སྲིང་མོ་མ་རེད་དེ།།བལ་སྣམ་འབུ་རིག་དུས་སྲིང་མོ་དྲན།།བྱང་ཨ་ལེ་ལ་མོ་ཅི་བསམ་འགྲུབ།།ཚེ་རིང་རྒྱུའི་ལ་མོའི་དོན་འགྲུབ་དགོས།།མི་ཉག་ས་བདེ་ཕྱོགས་ཀྱི་བོན་པོ་ཤུལ་གྱི་བྲོ་པ་རྒན་པོ་བསྟན་འཛིན་ཕུན་ཚོགས་ཀྱིས་བཤད་པ་ལྟར་རྩོམ་པ་པོས་སྤྱི་ལོ༢༠༡༠ལོའི་ཟླ༡༠པའི་ཚེས༩ལ་ཇ་ནག་དར་རྩེ་མདོ་ནས་བྲིས་པ་དགེའོ།།

བྲོ་ཤགས་ཀྱི་ཚིག

  དྲི་བའི་བྲོ།དགུང་ཨ་སྔོན་མ་བདེ་གདན་ཞིག་བརྒྱབ།།གསེར་ཉི་ཟླ་གདན་ཐོག་ནོར་བུ་བཞུགས།།སྐར་སྨིན་དྲུག་ནོར་བུ་རྒྱན་ཆ་བཞག།བྲག་དཀར་ཡག་མ་བདེ་གདན་ཞིག་བརྒྱབ།།རྒོད་ཐང་དཀར་གདན་ཐོག་ནོར་བུ་བཞུགས།།རྒྱབ་གཤོག་སྒྲོ་འཛོམས་པའི་རྒྱན་ཆ་བཞག།གྲོང་རྒྱས་གྲོང་མ་བདེ་གདན་ཞིག་བརྒྱབ།།རང་མིང་སྲིང་འཛོམས་པའི་རྒྱན་ཆ་བཞག།གླུ་ཉམས་དགའ་འཛོམས་པའི་སྨོན་ལམ་ཤོག།ཁ དྲིས་ལན་གྱི་བྲོ།དགུང་ཨ་སྔོན་སྦྲ་ཆེན་ས་ལ་ཕུབ།།གསེར་ཉི་ཟླ་འབྲི་བརྒྱ་མཐའ་ནས་བསྐོར།།དཀར་གླུ་བྲོ་འོ་མའི་རྒྱ་མཚོ་འཁྱིལ།།བྲག་དཀར་ཡག་སྦྲ་ཆེན་ས་ལ་ཕུབ།།རྒོད་ཐང་དཀར་འབྲི་བརྒྱ་མཐའ་ནས་བསྐོར།།རྒྱབ་གཤོག་སྒྲོ་འོ་མའི་རྒྱ་མཚོ་འཁྱིལ།།གྲོང་རྒྱས་གྲོང་སྦྲ་ཆེན་ས་ལ་ཕུབ།།རང་མིང་སྲིང་བྲོ་ར་མཐའ་ནས་སྐོར།།གླུ་ཉམས་དགའ་འཛོམས་པའི་སྨོན་ལམ་ཤོག

 ཞི་བ་གངས་རི་མཐོན་པོ།།བང་ཆེན་གསེར་གྱི་ས་གཞི།།མགྲོན་པོ་ཐང་དཀར་ང་གཉིས།།མ་རྨོས་པ་ཡི་ལོ་ཐོག།གཡུ་རལ་པད་མ་འདབ་བརྒྱད།།སྲིད་པ་ཆགས་པའི་ནས་འབྲུ།།ཞེ་བ་བྲོ་ར་མཐོན་པོ།།བང་ཆེན་གསེར་གྱི་ས་གཞི།།མགྲོན་པོ་ཐང་དཀར་ངེད་གཉིས།།མ་རྨོས་པ་ཡི་མེ་ཏོག།གཤོག་སྒྲོ་པད་མ་འདབ་བརྒྱད།།སྲིད་པ་ཆགས་པའི་ནས་འབྲུ།།ཞི་བ་རྒྱ་གྲོང་ཕྲ་མོ།།བང་ཆེན་གསེར་གྱི་ས་གཞི།།མགྲོན་པོ་རང་གཉིས་མིང་སྲིང་།།མ་རྨོས་པ་ཡི་ལོ་ཐོག།གླུ་དང་རྩེད་མོ་ཉམས་དགའ།།སྲིད་པ་ཆགས་པའི་ནས་འབྲུ།། ༢ས་རྒྱ་གར་ཡུལ་ལ་ཙན་དན་འཁྲུངས།།ཚད་བཙུགས་ནས་རྨོས་པ་མ་ཡིན་ཏེ།།ས་ཡག་ནས་ཙན་དན་རེད་གྲབས་རེད།།ས་རྒྱ་ནག་ཡུལ་ལ་ཇ་ཤིང་འཁྲུངས།།ཚད་བཙུགས་ནས་རྨོས་པ་མ་ཡིན་ཏེ།།ས་ཡག་ནས་ཇ་ཤིང་རེད་གྲབས་རེད།།ས་མི་ཉག་ཡུལ་ལ་རྒུན་འབྲུམ་འཁྲུངས།།ཚད་བཙུགས་ནས་རྨོས་པ་མ་ཡིན་ཏེ།།ས་ཡག་ནས་རྒུན་འབྲུམ་རེད་གྲབས་རེད།།

  ཤྭ་རྭ་རྣ་རྭ་རྒོ་རྭ་སོགས།།རྡུང་བའི་མཚོན་ཆ་རྣམ་གསུམ་སྣང་།།མ་བརྡུངས་མཚོན་ཆ་རྣམ་གསུམ་སྣང་།།འདི་གསུམ་ལ་མིང་ཞིག་གནང་རོགས་ཞུ།།

  འདི་གསུམ་ལ་མིང་ཞིག་ང་ཡིས་གནང་།།མ་བརྡུངས་མཚོན་ཆ་རྣམ་གསུམ་ནི།།ཤྭ་རྭ་རྣ་རྭ་རྒོ་རྭ་གསུམ།།མ་བརྡུངས་མཚོན་ཆ་རྣམ་གསུམ་རེད།།ལྕགས་མདའ་རག་མདའ་ཟངས་མདའ་གསུམ།།བརྡུངས་པའི་མཚོན་ཆ་རྣམ་གསུམ་རེད།།

 ཁབ་སྐུད་པ་མི་དགོས་གོས་གཅིག་ཡོད།།ལག་བཞར་བ་མི་དགོས་དོང་གཅིག་ཡོད།།མེ་དམར་པོ་མི་དགོས་ཟས་གཅིག་ཡོད།།འདི་གསུམ་ལ་མིང་གསུམ་གནང་བར་ཞུ།།

  འདི་གསུམ་ལ་མིང་ཞིག་ང་ཡིས་གནང།།ཁབ་སྐུད་པ་མི་དགོས་གོས་གཅིག་སྟེ།།གསེར་ཉི་མ་ཤར་དུས་གོས་དང་འདྲ།།ཁབ་སྐུད་པ་མི་དགོས་གོས་གཅིག་རེད།།ལག་བཞར་བས་མི་དགོས་དོང་གཅིག་སྟེ།།ནག་པོ་ཕག་གིས་དོང་ཞིག་བརྐོས།།ལག་བཞར་བ་མི་དགོས་དོང་གཅིག་རེད།།མེ་དམར་པོ་མི་དགོས་ཟས་གཅིག་སྟེ།།ཚ་ཆུ་དམར་པོས་ཟས་ཤིག་བཙོས།།མེ་དམར་པོ་མི་དགོས་ཟས་གཅིག་རེད།།བྲོ་ཤགས་ཚད་སྐབས་ཕན་ཚུན་བར་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་བྲོ་ཚིག་རྣམས་བརྗོད་སྲོལ་ཡོད་པ་ཡིན་ལ། ཁོ་བོའི་རེ་བ་ནི་རྗེས་སུ་མི་ཉག་གི་ལོ་ཆུང་མཁས་པ་ཚོས་དངོས་ཤུགས་བརྒྱུད་གསུམ་གང་རུང་གི་སྟོབས་ཤུགས་ལ་བརྟེན་ནས་མི་ཉག་གི་དམངས་ཁྲོད་ཀྱི་གླུ་དང་བྲོ། གནའ་སྒྲུང་། གཏམ་དཔེ་སོགས་འཚོལ་སྡུད་རེ་བྱེད་ཐུབ་ན་ཤིན་ཏུ་བཟང་བས་བཀའ་དྲིན་ཆེ་ཞུ།


  • ལེ་ཚན་སྔོན་མ།:འབའ་གཞས་ངོ་སྤྲོད་བློ་གསལ་དགའ་བའི་གཏམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།