བློ་བཟང་རྒྱལ་མཚན་གྱིས། 2019-03-19
པི་ཝང་ནི་བོད་རིགས་ཀྱི་སྲོལ་རྒྱུན་གཞུ་འཐེན་རོལ་ཆའི་རིགས་ཤིག་ཡིན་པ་དང་། དེ་བོད་ལྗོངས་ཀྱི་ཤར་རྒྱུད་ཁམས་སྐད་སྨྲ་བའི་ཁུལ་དུ་རྒྱ་ཁྱབ་ཏུ་དར་ཞིང་། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་། ནུབ་རྒྱུད་ཀྱི་དིང་རི། རྩྭ་མདའ་སོགས་སུའང་བཟོ་དབྱིབས་མི་འདྲ་བའི་པི་ཝང་དར་བ་མཐོང་རྒྱུ་ཡོད།
རང་ཅག་བོད་ཀྱི་ཤར་རྒྱུད་དུ་གནས་པའི་འབའ་ཐང་དང་སྡེ་རོང་། འཇོལ། སྨར་ཁམས། ཚྭ་ཁ་ལྷོ། ནང་ཆེན་སོགས་སུ་ཡུལ་དངོས་བརྟག་དཔྱད་སྐྱོད་སྐབས་ཧ་ལམ་ཁྱིམ་ཚང་མའི་ནང་པི་ཝང་མཐོང་རྒྱུ་ཡོད་པ་དང་། ལོ་གསར་དང་དགའ་སྟོན། མཛད་སྒོའི་སྐབས་སུ་མང་ཚོགས་རྣམས་དགའ་འཛོམས་སྤྲོ་གསུམ་བྱེད་སྐབས་པི་ཝང་ནི་མེད་དུ་མི་རུང་བའི་རོལ་ཆ་ཞིག་ཡིན། ཁམས་ཀྱི་པི་ཝང་དང་དིང་རི་པི་ཝང་། རྩྭ་མདའ་པི་ཝང་ལ་བཟོ་བཀོད་དང་། སྒྲ་སྐྱེད། དཀྲོལ་གཏོང་རྩལ། སྲོལ་ལུགས་ཉམས་ཆོས། དར་ལུགས་དར་སྟངས་ཀྱི་ཐད་ན་ཐུན་མིན་གྱི་ཁྱད་ཆོས་ཡོད་ཀྱང་དེ་རིང་འདིར་ཞུ་རྒྱུ་གཙོ་བོ་དེ་དག་མིན་ནོ།།
རང་ཅག་འབའ་སྡེ་མངའ་རིས་ཞིང་གི་ཡུལ་ལུང་དུ་པི་ཝང་གཞས་ཀྱི་འཁྲབ་སྟོན་ལ་བུད་མེད་ཀྱི་གར་ལ་སྒེག་ཉམས་གཙོ་ཆེ་ཞིང་ཕོ་གསར་རྣམས་ཀྱི་གར་ལ་དཔའ་ཉམས་ཀྱིས་ཁེངས་པས་དེང་སང་གཞིས་བྱེས་གཉིས་ཀྱི་མཛད་སྒོ་ཆེ་ཤོས་མང་པོའི་ཐོག་ཏུ་པི་ཝང་གཞས་སམ་འབའ་གཞས་དང་འབྲེལ་ཡོད་ཀྱི་སྒྱུ་རྩལ་ལེ་ཚན་འཁྲབ་སྟོན་བྱེད་བཞིན་ཡོད། བོད་མི་རིགས་ཀྱི་རིག་གནས་བརྒྱུད་འཛིན་གྱི་བླ་སྲོག་ནི་ཕ་སྐད་མ་ཡིག་ཡིན་པ་ལྟར། པི་ཝང་གཞས་ཀྱི་རིག་གནས་བརྒྱུད་འཛིན་གྱི་སྲོག་ཤིང་ནི་པི་ཝང་དཀྲོལ་རྒྱུ་དེ་ཡིན་པར་རང་ཉིད་ཀྱིས་དེ་ལྟར་ངོས་འཛིན་གྱི་ཡོད། ཉེ་ཆར་འབའ་ཐང་དང་སྨར་ཁམས། འཇོལ་གྱི་ཡུལ་དངོས་བརྟག་དཔྱད་དང་གྲོགས་པོ་རྣམ་པར་གླེང་མོལ་བྱེད་སྐབས། སྤྱིར་དེང་དུས་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཕུན་སུམ་ཚོགས་པོར་ཆགས་སོང་བས། པི་ཝང་གཞས་དེ་སྲོལ་རྒྱུན་གྱི་ས་གནས་དེ་དག་མ་ཚད་མཐའ་འཁོར་གྱི་ཡུལ་གྲུ་མང་པོ་ཞིག་ལ་དར་ཁྱབ་ཆེན་པོ་འགྲོ་བར་སྣང་། ལྷག་པར་དུ་སྒྲ་སྒམ་གྱི་སྒྲ་གཏོང་ནས་པི་ཝང་གཞས་ལྐུགས་འཁྲབ་བྱེད་པ་དེ་བོད་ཁམས་མ་ཚད་ས་གནས་གཞན་དག་ན་དར་ཁྱབ་བྱུང་བཞིན་ཡོད་པ་ནི་ཡིད་ལ་སྤྲོ་བས་ཁེངས་པ་ཞིག་རེད།
དེ་ཡང་འབའ་ཐང་དང་སྨར་ཁམས། འཇོལ་སོགས་པི་ཝང་དར་ཁྱབ་ཆེ་བའི་ས་ཆར་པི་ཝང་དཀྲོལ་ཤེས་མཁན་རྒན་རབས་རྣམ་པ་དགོངས་པ་རྫོགས་པ་དང་བུ་ཚ་བུ་མོ་ཚོས་པི་ཝང་དཀྲོལ་རྒྱུ་ལ་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་རག་མེད་པར་པི་ཝང་དཀྲོལ་ཤེས་མཁན་ནི་དོན་དངོས་སུ་ཉིན་མོའི་སྐར་མ་ལས་ཀྱང་དཀོན་པར་ཆགས་འདུག འཇོལ་ཁ་བ་དཀར་པོ་རིག་གནས་ཚོགས་པས་རིན་མེད་ཀྱིས་པི་ཝང་གསར་བཟོ་དང་སློབ་ཁྲིད་མཛད་ནས་འཇོལ་དང་མཐའ་འཁོར་གྱི་ཡུལ་ལུང་མང་པོར་པི་ཝང་གཞས་དར་ཁྱབ་ཆེན་པོ་བྱུང་པ་ཀུན་གྱི་མཐོང་ཆོས་སུ་གྱུར་བ་ལྟར་ཡིན། ཉེ་ཆར་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་གི་དོན་འགྲུབ་པི་ཝང་འཁྲབ་སྟོན་ཁང་གི་རྒན་དོན་འགྲུབ་ཀྱིས་རྒྱ་བོད་འཇང་གསུམ་གྱི་པི་ཝང་དཀྲོལ་སྟངས་སློབ་བཞིན་ཡོད་པར་རང་ཅག་བོད་ལ་དོན་འགྲུབ་ལྟ་བུའི་སྐྱེས་བུ་དམ་པ་མང་ཙམ་ཡོད་ན་ཅིས་མ་ལེགས། འབའ་ཐང་རྫོང་སློབ་ཆུང་གཉིས་པ། ས་གནས་སོ་སོའི་སློབ་གྲྭ། ཡུལ་ལུང་སོ་སོའི་ལོ་གསར་དང་རྒྱ་ཆེ་བའི་དུས་ཆེན་ཐོག་ཏུ་པི་ཝང་གཞས་མང་པོ་ཞིག་གཏོང་ཡོད་ཀྱང་ཚང་མ་སྒྲ་སྒམ་ནང་ནས་གཏོང་བའི་པི་ཝང་རོལ་དབྱངས་གཏོང་བའི་གཞས་ལྐུགས་འཆམ་ཡིན་པ་འདྲའོ།།
འདས་ཟིན་པའི་ལོ་དུ་མའི་རིང་ལ་རང་ཅག་ཕ་ཡུལ་འབྲི་རྨོ་ལ་ཡང་དེ་འདྲའི་གནས་ཚུལ་ཞིག་བྱུང་ཡོད། སྒྲ་སྒམ་ནང་ནས་པི་ཝང་རོལ་དབྱངས་བཏང་སྟེ་འཁྲབ་སྟོན་བྱེད་པའི་གཞས་འཆམ་སྲོལ་དེ་དར་ནས་ཕ་ཡུལ་གྱི་བུ་དང་བུ་མོ་ཚང་མ་འཁྲབ་སྟོན་མཁས་པར་ཆགས་ན་ཡང་། པི་ཝང་དཀྲོལ་རྒྱུ་དང་གླུ་དབྱངས་ལེན་ཤེས་མཁན་ནི་གསེར་ལས་དཀོན་པར་གྱུར་འདུག་པས་རྗེས་སུ་རྒན་རབས་རྣམས་ཀྱི་ཁ་ཏ་དང་དགེ་རྒན་བཀྲ་ཤིས་ཆོས་འཕེལ་དང་པདྨ་བཟང་པོ་སོགས་ཀྱི་སྣེ་ཁྲིད་འོག་རང་དཀྲོལ་རང་ལེན་གྱི་པི་ཝང་གཞས་སྦྱོང་མགོ་བརྩམས། དང་པོ་བུ་དང་བུ་མོ་ཚང་མས་རྒན་རབས་རྣམས་ཀྱི་མདུན་དུ་པི་ཝང་དཀྲོལ་རྒྱུ་སྦྱོང་། དེ་ནས་རྒན་རྣམས་ཀྱི་མདུན་དུ་གཞས་ཚིག་སྦྱངས་ནས་གཞས་ཚིག་མང་པོ་ཞིག་ཡི་གེར་ཕབ། ཕབ་པའི་ཡི་གེ་དག་བསྐྱར་པར་བརྒྱབ་ནས་བུ་དང་བུ་མོ་རྣམས་ཀྱི་ལག་ཏུ་བཀྲམ། གཞས་ཚིག་བློ་ལ་འཛིན་རྗེས་རྒན་རྣམ་པ་དང་མཉམ་དུ་པི་ཝང་དཀྲོལ་རྒྱུ་དང་གཞས་ཀྱི་གདངས་ངག་སྦྱོང་བྱས་མཐར་ཚང་མས་པི་ཝང་གཞས་མགོ་རྔ་ཚང་པ་བཅུ་ཙམ་འཁྲབ་གཏོང་ཤེས་པར་གྱུར་རོ།།
གོང་གི་ཐབས་ཤེས་ནི་སྤྱིར་བཏང་གི་ཐབས་ཤེས་ཤིག་ཡིན་ལ། དེང་དུས་མི་རྣམས་ནི་བློ་རིག་གསལ་ཞིང་གསར་གཏོད་ལ་མཁས་པས་དེ་ལས་ཕུན་སུམ་ཚོགས་པའི་ཐབས་ཤེས་ཁྱེད་ཚོར་ཡོད་ངེས། དེའི་ཕྱིར་པི་ཝང་གཞས་ཀྱི་རིག་གནས་བརྒྱུད་འཛིན་གྱི་ཆེད་དུ་པི་ཝང་བཞག་ནས་ལྐུགས་འཆམ་མ་བྱེད་རོགས་མཁྱེན་མཁྱེན་ནོ།།
རྩོམ་གསར། 10