རིག་འཛིན་བསྟན་སྲུང་། 2021-06-16
རྟ་ཟོག་གི་མིང་བཏགས་སྟངས་སྐོར།
ནོར་གནག་གི་ཕྲུ་གུའི་མིང་དུ་ཁ་སྐད་ལ་བེའུ་ལི་དང་བེ་རེའུ་བཅས་ཟེར། བུས་ནི་ཟོག་ཕྲུག་ལོ་གཅིག་ཅན་གྱི་མིང་ཡིན།
ལོ་གཉིས་ཅན་ལ་ཡ་རུ་དང་ཡ་རུ་རྔ་བྲེགས་ཟེར་ཡང་ཡུལ་ལ་ལར་ཡར་བེའུ་དང་ཡ་རུ་རོག་ཟེར་མཁན་བཅས་ཀྱང་ཡོད།
ལོ་གསུམ་ཅན་ལ་ཤེད་ཟེར། རོང་སྐད་ལ་ལོ་གསུམ་ཅན་ཟེར། ལོ་བཞི་ཅན་ཕོ་མོ་གང་ཡིན་ལ་སོ་དཀར་ཟེར། ལོ་ལྔ་ཅན་སོ་བཞི་ཟེར།
ལོ་དྲུག་ཅན་ལ་སོ་དྲུག་ཟེར། སོ་དྲུག་ཅན་གྱི་ཕོ་ཟོག་ལ་སྒ་རྩོབ་ན་ཆོག་ལོ་བདུན་ཅན་ལ་སོ་དྲུག་ཁ་ཚང་ཟེར། མོ་ཟོག་ཡིན་ན་ཕལ་ཆེར་རྩེབ(ཕྲུ་གུ་བཙས་པའི་དོན་ཡིན)མཁན་ཡང་ཡོད།
མོ་ཡིན་ན་ཤེད་དང་སོ་དཀར་མ་ལ་ཐུལ་མ་དབྱར་འཁོར་མ་ཟེར་དགོས། སོ་དཀར་མ་མ་འཁོར་ནས་སོ་བཞི་ཅན་ལ་ཆད་རྐྱང་མ་དངོས་ཟེར། གལ་ཏེ་ཡང་མ་འཁོར་ན་ཆེད་ཡང་རྐྱང་མ་ཟེར།
འབྲི་དང་ཐུལ་མ། ལག་ཡར། ཁྲིད་མ། ཡར་མ། མཛོ་མོ་བཅས་ནི་མོ་ཟོག་གི་མིང་ཡིན་ནོ། །
ཕོ་ཟོག་ལ་གཡག་དང་གཡུའུ། འགར་བུ། རྟོལ་ཕོ། གླང་། མཛོ་བཅས་ཟེར་སྲོལ་ཡོད། ཡང་ཕ་གཡག་དང་མ་བ་མོ་ཅན་གྱི་ཕོ་ཟོག་ལ་བ་མཛོ་དང་མོ་ཟོག་ལ་བ་མཛོ་མ་ཟེར། ཁྲིད་མ་ཞིག་བཞོས་ན་ལོ་གཅིག་ལ་མར་རྒྱ་མ་བཅུ་དྲུག་ལོན།
གནག་ཕྱུགས་ཀྱིས་རྒྱུན་ཆད་མེད་པར་རྩྭ་ཟ་བ་དང་སྐྱུག་ལྡད་བྱེད་པས། ཉིན་རེར་དུས་ཚོད་ཕྱེད་ཀ་ལས་གཉིད་ཁོམ་མེད་དོ། །གཞན་ཡང་རྟ་ཆུང་ལོ་གཅིག་ཅན་ལ་རྟེའུ་ཚེ་ཟེར། རྟ་ལོ་གཉིས་ཅན་ལ་བ་ལ་དང་ཅོ་བྲེགས་སམ་ཅོ་ལེན་ཟེར། ལོ་གསུམ་ཅན་ལ་ཁ་བཏུལ་ཟེར། ལོ་ངོ་བཞི་ཅན་གྱི་རྟ་ཕོ་ལ་ཕོ་གཞི་དང་མོ་རྟ་ལ་གཞི་མོ་ཟེར། རྟ་ཕོའི་མིང་ནི་རྟ་ཆེན་ལ་རྟ་རྒན་དང་རྟ་ཆུང་གྲས་ལ་ཐོ་རུ་བཅས་ཟེར་སྲོལ་ཡོད། མོ་རྟ་ཆེ་བ་ལ་རྒོད་མ་དང་ཆུང་བ་ལ་རྒྱ་མོ་ཟེར་རོ། །སྤྱིར་བཏང་རྟ་ལོ་བཞི་ཡན་ཆད་བརྒལ་རྗེས་ལོ་རྩི་སྟངས་ན་སོ་གཅིག་དང་ན་སོ་གཉིས་ཞེས་སོ་བརྩི་དགོས། ན་སོ་གསུམ་མ་གཏོགས་བརྩི་རྒྱུ་ལོན་མཁན་མེད།
རྟ་ཞིག་གི་ཚེ་ཚད་ནི་ལོ་ཉི་ཤུ་ནས་སུམ་ཅུ་བར་དུ་ཡིན་ནོ། །ང་ཚོའི་གཏམ་དཔེ་ལ་མི་ཚེ་གཅིག་ལ་རྟ་རབས་གཉིས་ཟེར་སྲོལ་ཡོད། རྟའི་ཉིན་རེའི་གཉིད་ཚད་ཕལ་ཆེར་དུས་ཚོད་གཉིས་ཡིན་ལ། དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་ལངས་ནས་གཉིད་ཐུབ་པ་དང་འགྲོ་ཞོར་དུའང་གཉིད་ཐུབ།
རྟ་ཟོག་གི་ཕ་མ་ངོ་སྤྲོད།
འབྲི་ཡི་ཕ་གཡག་དང་མ་འབྲི་རེད། གཡག་གི་ཕ་གཡག་དང་མ་འབྲི་རེད། འགར་བུའི་ཕ་གླང་དང་མཛོ་མོ་རེད། རྟོལ་ལེ(ཨ་རྐོ)ཡི་ཕ་གཡག་དང་མ་མཛོ་མོ་རེད། མཛོ་ཡི་ཕ་གླང་དང་མ་འབྲི་ཡིན། མཛོ་མོའི་ཕ་གླང་དང་མ་འབྲི་རེད། བ་མཛོ་ཡི་ཕ་གཡག་དང་མ་བ་མོ་ཡིན།
བ་མཛོ་མོའི་ཕ་གཡག་དང་མ་བ་མོ་རེད། འབྲི་དང་གཡག་གཉིས་ལ་འབྲོག་པ་ཚོས་ཟོག་ནག་ཟེར། སྒོ་ཕྱུགས་ཀྱི་འཚོ་ཡུན་ཚེ་ཚད། གཡག་དང་འབྲི་ནི་ལོ་ཉི་ཤུ་བརྟན་པ་དང་། རྟ་ལོ་སུམ་ཅུ། གླང་ལོ་ཉི་ཤུ་རྩ་ལྔ། ལུག་ལོ་བཅོ་ལྔ། བོང་བུ་ལོ་ལྔ་བཅུ། ཕག་ལོ་ཉི་ཤུ། ཁྱི་ལོ་བཅོ་ལྔ། བྱི་ལ་ལོ་བཅུ་ནས་བཅུ་གཉིས་བར་ཡིན། (འདིའི་མིང་ལ་ལི་ལིའམ་མང་འཛིན་ཡང་ཟེར།)
རྩོམ་གསར། 10