གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་ཡུལ་སྡེ་དར་རྒྱས་ཀྱི་མྱུར་བགྲོད་ལམ་བུ་བཏོད།

ལྷ་འཛོམས་ཀྱིས་བསྒྱུར།        2021-06-16

གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་ཡུལ་སྡེ་དར་རྒྱས་ཀྱི་མྱུར་བགྲོད་ལམ་བུ་བཏོད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་གི་ཟམ་ཆེན།

རླངས་འཁོར་ལ་བསྡད་དེ་ཁྲེང་ཏུའུ་ནས་འགྲོ་མགོ་བཙུགས་ཏེ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་མཐར། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་ནས་ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་གྱི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་དར་མདོ་གྲོང་ཁྱེར་དུ་སླེབས་པ་རེད།རླངས་འཁོར་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་རྗེས་མིག་ལམ་དུ་མྱུར་བ‍གྲོད་གཞུང་ལམ་གྱི་གཡས་གཡོན་གཉིས‍‍་སུ་མཛེས་སྡུག་ལྡན་པའི་གྲོང་མིའི་སྡོད་ཁང་རེ་རེ་བཞིན་གཡང་གཟར་གྱི་རི་བོ་ཆེན་པོ་དང་གྲོག་རོང་དུ་གནས་ཤིང་། གཡའ་དག་པའི་ནམ་མཁའ་དང་རི་ཀླུང་ཀུན་ཏུ་སྔོན་པོ་གཡུ་ཡི་གོས་བཟང་གིས་བཀླུབས་འདྲའི་རྩྭ་དང་རྩི་ཤིང་། མེ་ཏོག་སྣ་ཚོགས་བཞད་པ་དེར་མི་རྣམས་སེམས་སྐྱིད་བག་འཕེལ་དུ་བཅུག “མྱུར་བགྲོད་གཞུང་ལམ་མ་བསྐྲུན་གོང་ཁྲེང་ཏུའུ་ནས་དར་མདོར་བར་རླངས་འཁོར་ལ་བསྡད་ནས་འགྲོ་སྐབས་ཉིན་གཅིག་འགོར་གྱི་ཡོད” དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་རྗེས་ལམ་ཐག་ཕྱེད་ཀ་ཐུང་དུ་ཕྱིན་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ80བར་མཐོ་རུ་ཕྱིན་ཡོད། ད་ཆ་ཁྲེང་ཏུའུ་ནས་ཐོན་ཏེ་ཆུ་ཚོད་ཁ་ཤས་ནང་དཀར་མཛེས་ཁུལ་དུ་མཛེས་སྡུག་ལྡན་པའི་དགུང་སྔོན་སྤྲིན་དཀར་དང་གྲངས་ལས་འདས་པའི་ནོར་ལུག་ལ་ལྟད་མོ་ལྟ་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད།

གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག318པའི་དཀར་མཛེས་ཁུལ་སི་ཁྲོན་ཞིང་ཆེན་ནང་དུ་འགྲོ་འོང་བྱེད་པའི་བགྲོད་ལམ་ཉག་གཅིག་ཡིན་པ་དང་། མྱུར་བགྲོད་གཞུང་ལམ་དེར་རླངས་འཁོར་ཤར་གཏོང་ཐུབ་ནས་དཀར་མཛེས་ཁུལ་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བ་གཡག་རྔ་ནས་ཡེ་ཁྲེང་བར་གྱི་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག4218པའི་ཁྲོད་ཀྱི་ལམ་མགོའི་དུམ་བུ་ཡིན་པར་བརྟེན།ཁམས་པ་དང་བོད་ལྗོངས་བར་འབྲེལ་མཐུད་བྱེད་པའི་མྱུར་བགྲོད་བགྲོད་ལམ་ཡིན་པ་རེད། དེ་ནི་ཁྲེང་ཏུའུ་ཡི་ཀླུང་ཐང་དཔལ་འབྱོར་གླིང་ཁུལ་དང་།སི་ཁྲོན་ལྷོ་རྒྱུད་དཔལ་འབྱོར་ཁུལ།ཕན་ཙེ་ཧྭ་ནུབ་རྒྱུད་དཔལ་འབྱོར་གླིང་ཁུལ་བཅས་གནས་དཀར་མཛེས་ཁུལ་དང་སྦྲེལ་མཐུད་བྱས་ནས་བོད་དུ་སྐྱོད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་གཡག་རྔ་ནས་ཞིན་ཅང་ཁ་ཧྲེན་ཡེ་ཁྲེང་བར་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

སི་ཁྲོན་གཤོངས་ས་ནས་མཚོ་བོད་མཐོ་སྒང་དུ་སྐྱོད་པའི་མྱུར་བགྲོད་གཞུང་ལམ་ཐོག་མ་ཡིན་པའི་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ135ཙམ་ཡོད་པ་དང་།གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་ཚའེ་པ་གྲོང་རྡལ་ནས་མགོ་བཙུགས་ཏེ་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་རྒྱ་ཡུལ་ལྟག་སྒོའི་བར་ཡིན་ཞིང་།2017ལོའི་སྤྱི་ཟླ12ཚེས31ཉིན་བསྐྲུན་མཇུག་བསྒྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་རེད། སི་ཁྲོན་ནང་ལོགས་དང་དཀར་མཛེས་ཁུལ་འབྲེལ་མཐུད་བྱེད་པའི་མྱུར་བགྲོད་གཞུང་ལམ་འདི་ནི་གཞུང་ལམ་བརྒྱུད་ཡུལ་གྱི་ས་གནས་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་སྐུལ་སྤེལ་གཏོང་བར་མ་ཟད།ཁྲོན་བོད་བར་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཟབ་མོ་བྱས་དང་བྱེད་བཞིན་ཡོད་པ་རེད།

ལྕགས་ཟམ་རྫོང་གི་མཚོ་གཉིས་གྲོང་སྡེའི་ཞིང་པ་ལི་ཅན་ཆུན་གྱིས་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཀྱི་འགྱུར་ལྡོག་སྐོར་གླེང་སྐབས་འཛུམ་མདངས་འཕྱུར་བཞིན་དུ་ཁོས་དེ་སྔ་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་མ་ཐུབ་གོང་གཟའ་མཇུག་ཏུ་ངལ་གསོའི་ཉིན་མོར་གཞི་ནས་འགྲུལ་པ་ཡོད་པ་དང་ད་ཆ་ཁྲེང་ཏུའུ་དང་ཁྲུང་ཆིང་ནས་ཡོང་བའི་ཡུལ་སྐོར་བ་མང་དུ་ཕྱིན་ནས་རང་ཉིད་ཀྱི་ལོ་རེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི30ཙམ་ལ་ཟིན་གྱི་ཡོད་ཅེས་བཤད་པ་རེད། ཁྱིམ་གྱི་སྒོ་འགྲམ་དུ་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་མང་དུ་ཕྱིན་ནས་ཡོང་འབབ་མང་དུ་ཕྱིན་ཡོད།ཞིང་པ་ལི་ཅན་ཆུན་བཟའ་ཚ་གཉིས་ཀྱིས་འབྱུང་འགྱུར་གྱི་ཡུལ་སྡེའི་ཡུལ་སྐོར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད། ན་ནིང་ལི་ཅན་ཆུན་གྱིས་ནང་མི་དང་གྲོས་བསྡུར་བྱས་ནས་ཁྲེང་ཏུའུ་རུ་གླ་པ་རྒྱག་བཞིན་པའི་བུ་ལ་ཁྱིམ་ནང་ལོག་དགོས་པའི་བརྡ་བཏང་ཡོད། ཁོ་ཚོས་མ་དངུལ་སྒོར་ཁྲི200བཏང་ནས་ཁང་པ་ཐོག་བརྩེགས་ལྔ་ཅན་ཞིག་བཀབ་ནས་འགྲུལ་ཁང་ཁང་མིག14བཀོད་སྒྲིག་བྱས་པ་རེད།

ལས་གཉེར་བྱེད་མགོ་ཚུགས་པ་ནས་བཟུང་ཚོང་ཧ་ཅང་བྲིན་པོ་འདུག གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དེས་མཚོ་གཉིས་གྲོང་སྡེའི་དེ་སྔའི་ཁྱད་ཆོས་འདེབས་འཛུགས་དང་ཡུལ་སྐོར་ཐོན་ལས་ཚང་མར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད། 2019ལོར་མཚོ་གཉིས་གྲོང་སྡེའི་སེའུ་དམར་པོའི་གྲོག་རོང་མཛེས་ལྗོངས་ཁུལ་ནས་རྒྱལ་ཁབ་ཀྱིAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལེགས་འགྲུབ་ངང་བཏོད་དེ་གྲོང་སྡེ་དེ་ཡོངས་ཀྱི་ཞིང་པར་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར5000ལས་མེད་པ་ནས་སྒོར་ཁྲི1.5ཡན་ཐོག་འཕར་སྣོན་བྱུང་ཡོད་པ་རེད།ན་ནིང་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནའང་ཁྲེང་ཏུའུ་དང་།ཁྲུང་ཆིང་།གཡག་རྔ་སོགས་ནས་ཡོང་བའི་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི50ལ་ཟིན་ཡོད།

དར་མདོ་གྲོང་ཁྱེར་གྱི་ཏ་ཧྥུང་ཝན་གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱང་ཝུན་ཧྥུན་གྱིས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཏ་ཧྥུང་ཝན་གྲོང་སྡེས་ནུས་ཤུགས་ཡོད་རྒུས་ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ཀྱི་ལས་ལ་བརྩོན་ནས2018ལོར་ཏ་ཧྥུང་ཝན་གྲོང་སྡེ་དེ་དར་མདོ་གྲོང་ཁྱེར་གྱིས་ཡུལ་སྡེ་དར་རྒྱས་དཔེ་སྟོན་གྲོང་སྡེ་དང་པོར་བརྩིས་ནས་རྨང་གཞི་སྒྲིག་བཀོད་ལེ་ལག་ཚང་བ་དང་གྲོང་སྡེའི་ཁོར་ཡུག་སྤུས་ཚད་ལེགས་སུ་གཏོང་བའི་ཐད་མཆོང་སྐྱོད་གསར་པ་བྱུང་ཡོད། 2020ལོར་སླེབས་སྐབས་གྲོང་སྡེ་དེ་ཉིད་ད་དུང་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་སྡེ་དང་རྒྱལ་ཁབ་རིམ་པའི་དཔལ་ཡོན་གྲོང་སྡེར་བདམས་པ་རེད། མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དེས་དེ་སྔ་སྐད་གྲགས་ཆོད་མེད་པའི་གྲོང་སྡེ་དེ་དེང་སང་སྐད་གྲགས་གང་སར་ཁྱབ་ཏུ་གཏོང་ཞིང་ད་ཆར་གྲོང་སྡེ་ཡོངས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི4.5ཡན་ལ་ཟིན་གྱི་ཡོད།།



  • ལེ་ཚན་སྔོན་མ།:༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།