གོ་རོ་མ་དང་འབྲེལ་ཡོད་མི་སྣའི་མཛད་རྣམ་མདོར་བསྡུས།

རིག་འཛིན་བསྟན་སྲུང་།        2021-06-16

གོ་རོ་མ་དང་འབྲེལ་ཡོད་མི་སྣའི་མཛད་རྣམ་མདོར་བསྡུས།

མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་མཛད་རྣམ།

   མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ནི་ཡབ་ཆོས་སྐོར་བསོད་ནམས་འཕན་དང་ཡུམ་མདའ་པའི་བུ་མོ་ཚེ་དབང་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་ལོ་སྟེ་སྤྱི་ལོ༡༨༠༠ལོའི་བོད་ཟླ༡༠པའི་ཚེས༡༥ལ་མདོ་ཁམས་མགོ་ལོག་གི་ཡུལ་གོང་གསེར་བཀྲ་ཤིས་ཁ་མདོ་རུ་སྐུ་འཁྲུངས། དེ་ཡང་སྔ་འགྱུར་གྲུབ་རིགས་འཛིན་པའི་ཁྱུ་མཆོག་གཅིག་པུ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའམ།ཧེ་རུ་ཀཿདཔལ་ཡེ་ཤེས་རོལ་བའི་རྡོ་རྗེ་ནི་ཕྱག་ན་པད་མོ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་ཀྱི་སྐུ་སྐྱེ་རིམ་པར་བརྒྱུད་པའི་མཐར་མཁས་གྲུབ་གཉིས་ལྡན་གྱི་རྣལ་འབྱོར་བ་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པ་ཞེས་མཚན་སྙན་གྱི་བ་དན་སྲིད་པའི་བླ་ན་འཕུར་བ་དེའི་ཡང་སྲིད་དེ།ཁོང་གི་སྐྱེ་འཕྲེང་གསོལ་འདེབས་ཞལ་གསུང་མ་ལས།འདི་འོག་ཡེ་ཤེས་རྡོ་རྗེ་རོལ་བ་རྩལ།།ཞེས་གསུངས་པས།སྐུའི་སྤྲུལ་པ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།གསུང་གི་སྤྲུལ་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོ།ཐུགས་ཀྱི་སྤྲུལ་པ་སྐྱེས་བུ་ཡེ་ཤེས་རྡོ་རྗེ།ཡོན་ཏན་གྱི་སྤྲུལ་པ་ཁྱེའུ་ཡོལ་རིག་འཛིན་ཆེན་པོ།འཕྲིན་ལས་ཀྱི་སྤྲུལ་པ་བྲག་དཀར་བློ་བཟང་དཔལ་ལྡན་དེ་ལྔའི་ཡ་གྱལ་ཞིག་ཡིན་ཞིང་།དེ་ཡང་ཇི་སྐད་དུ།སྔོན་གནས་རྗེས་དྲན་རིགས་བདག་བླ་མ་བཙལ།།ཐུགས་རྗེ་རྗེས་བཟུང་བདུད་ཀྱི་གཡུལ་ལས་རྒྱལ། །ཞེས་སོགས་གསུངས་པ་དང་མཐུན་པར་འཁྲུངས་ནས་དགོངས་པ་མ་རྫོགས་བར།ཐོག་མར་གྲུབ་བརྙེས་ཀྱི་རིག་འཛིན་ཆེན་པོ་རྡོ་བླ་འཇིགས་མེད་འཕྲིན་ལས་འོད་ཟེར་སོགས་སྐྱེས་ཆེན་དུ་མ་བསྟེན་ཏེ།མདོ་སྔགས་རིག་གནས་ཉམས་ལེན་དམར་ཁྲིད་དང་བཅས་པ་བརྡ་བསྟན་པ་ཙམ་གྱིས་ཁོང་དུ་ཆུབ་ཅིང་།ལྷག་པའི་ལྷ་དང་།བླ་མ་ཡི་དམ་ཆོས་སྐྱོང་སོགས་ཀྱིས་ཞལ་གཟིགས་ཐོབ་པས།དགོངས་གཏེར་དང་།རྫས་གཏེར་སོགས་ལ་ནམ་མཁའ་མཛོད་དུ་མངའ་དབང་བསྒྱུར་བ།གཞན་ཡང་གསད་པ་གསོ་ནུས་པ་དང་།གཞན་སེམས་ཤེས་པའི་མངོན་ཤེས།ལས་བཞིའི་འཕྲིན་ལས་ལ་དབང་བྱེད་པ་སོགས་ནི།ཁོང་གི་རྣམ་ཐར་ཆེན་མོ་དང་།གསང་བའི་རྣམ་ཐར་བཅས་པོད་གཉིས་ཀྱི་ནང་ན་སྒྲོ་སྐུར་བྲལ་ཞིང་ངེས་པ་རྙེད་རྒྱུ་ཡོད་པས་དེར་གཟིགས་ན་ཤེས་ཐུབ་ལ།འདིར་སྐབས་བབ་ཕྱོགས་མེད་ཀྱི་གདུལ་བྱ་བསྐྱངས་ཤིང་།ལས་ལྡན་གྱི་སློབ་མ་རྗེས་སུ་འཛིན་པའི་མཛད་པ་ནི།མ་ཧཱ་ལྕུམ་ལུང་དགོན།རྦ་ཟི་སིང་སིང་དགོན།མི་ཉག་དཀར་མཛའ་རི་ཁྲོད།ཤར་བཞག་བྲའི་གཡུ་མཚོའི་རི་ཁྲོད་སོགས་དང་།མཚོ་སྔོན་ཕྱོགས་ནས་ཀྱང་དགའ་བདེ་ལུང་སྔོན་དགོན།ཆོས་སྐོར་སྒར་སོགས་སུ་གདན་ས་མཛད།དེ་ལས་ཁྱད་པར་དཀར་མཛའ་རི་ཁྲོད་ནི།རབ་བྱུང་བཞི་བའི་ལྕགས་བྱི་སྟེ་སྤྱི་ལོ༡༨༤༠ལོར།དར་མདོ་ལྕགས་ལ་མི་དབང་མཆོག་གིས་ཁོང་གི་མངའ་ཁོངས་སུ་གཏོགས་པའི་ཡུལ་འབྲོག་ས་ཁུལ་གང་ཡིན་རུང་གདན་སའི་མཐིལ་མཛད་དེ་བཞུགས་དགོས་པའི་བཀའ་ནན་ཡང་ཡང་ཕུལ་བར་བརྟེན།མི་ཉག་གསེར་ཕྱེ་ཐང་ལ་ཚུར་བྱོན་སྐབས།བཤད་སྲོལ་དུ་གནས་བདག་བཞག་བྲ་ལྷ་རྩེ་མི་དཀར་རྟ་དཀར་གྱི་རྣམ་པས་མདུན་དུ་ཕེབས་ནས།དེང་སྐྱེས་བུ་ཆེན་པོ་ཁྱེད་ཀྱིས་སྙིགས་དུས་འདིར་ཡང་གསང་ཐུགས་ཐིག་བསྟན་པ་སྤེལ་བའི་གནས་མཆོག་སྟེ།བཞག་བྲའི་ཉེ་འདབས་སུ་གནས་གཞན་ལས་ཁྱད་པར་འཕགས་པ།སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ་བསྟེན་པའི་གནས་མཆོག་དཀར་མཛའ་ཞེས་པར་དུས་བབས་ཀྱི་རྟེན་འབྲེལ་ཁྱད་པར་ཅན་ཡོད་པས་དེར་བྱོན་ཅིག་ཅེས་པའི་ལུང་བསྟན་དང་རྟེན་འབྲེལ་འགྲིགས་པས།དེར་གདན་སའི་གཙོ་བོ་མཛད་དེ་ཁམས་ཕྱོགས་ཀྱི་བླ་དཔོན་རྣམས་ཀྱིས་ཞབས་ཞུ་མཐུན་རྟེན་བསྒྲུབས་ནས།གཟིམ་ཤག་དང་།གཙུག་ལག་ཁང་།གསུང་ཆོས་གནང་བའི་ཀུན་དགའ་ར་བ་སོགས་ལེགས་གྲུབ་མཛད།

     གདན་ས་གཙོ་བོ་མཛད་ས་ནི། སྐྱིད་སྣང་། དཔལ་རི། ལའུ་ཐང་།  མ་ཧཱ་ལྕུམ་ལུང་སོགས་ཡིན།  གཞན་ཕྱོགས་སོ་སོ་ནས་ཆོས་ཞུ་འོང་མཁན་རྣམས་ལ་མཚོན་ན།མགོ་ལོག་དང་རྒྱལ་རོང་།མི་ཉགའགུ་ཐང་།འབའ་ཐང་།རྒྱ་ནག  ཧོར་ཁོག  སོག་པོ། འབྲུག་ཡུལ་སོགས་རྒྱལ་ཁབ་ཕྱི་ནང་གི་ཆོས་མཇལ་བ་ཚད་ལས་བརྒལ་བ་བྱུང་ཞིང་།དེ་སྐབས་རིག་འཛིན་དྲི་མེད་གྲགས་པས།དབུ་མ།ཕར་ཕྱིན།འདུལ་བ།མངོན་པ།ཚད་མ་སོགས་བཀའ་པོད་ལྔ་དང་།སྒྲ་སྙན་དངགས་སོགས་ཐུན་མོང་གི་རིག་གནས་ཀྱང་འཆད་སྤེལ་མཛད།གྲུབ་དབང་ཉིད་ནས་ཟབ་གསུང་ཐུན་མོང་སྐོར་གྱི་ཆོས་ཆར་དུས་དང་དུས་སུ་ཕབ་པས་གདུལ་བྱ་མཐའ་ཡས་པ་བསྐྱངས་སོ།།གྲུབ་དབང་ཁོང་གི་སློབ་བརྒྱུད་དང་སྲས་བརྒྱུད་གཉིས་ལས།དང་པོ་སློབ་བརྒྱུད་ནི།མཁན་ཆེན་པདྨ་བཛྲ།ས་དབང་ལྕགས་ལ་རྒྱལ་པོ་དང་།ཁྲོ་སྐྱབས་རྒྱལ་པོ་ཚེ་དབང་རབ་བརྟན།  ལྷ་སའི་འཕྲིན་ལས་ཀུན་རྒྱས། སོ་མང་རྒྱལ་པོ། རྒྱལ་རོང་རྒྱལ་སྲས། རྫོང་འགག་རྒྱལ་པོ།  འགུ་ཐང་རྒྱལ་པོ།དགེ་ཤིས་ཙའི་རྒྱལ་པོ།དམ་པ་རྒྱལ་པོ། ཁྲོ་ཆུ་རྒྱལ་པོ། རྒྱལ་རོང་སྐུ་ཆེན། གསེར་ཁ་རྒྱལ་སྲས།  མགོ་ལོག་ཨ་སྐྱོང་དཔོན་པོ་ཚེ་རིང་དབང་ཕྱུག  །འོད་ཟེར་མཐའ་ཡས། དཔལ་རི་འོད་གསལ། རེབ་གོང་རྡོ་རྗེ་དབང་ཆེན། བུ་ཆེན་རིག་རྩལ་ཐོགས་མེད། སྲིབ་ལུང་བླ་མ་ཨོ་རྒྱན་རྣམ་རྒྱལ།  རོང་མི་མཛོ་རྒན། འགུ་ཐང་བླ་མ་ཆོས་བདག་རིག་པའི་ཡེ་ཤེས། ཧོར་བླ་བསྟན་འཛིན་གྲགས་པ། རྒྱལ་སྲས་གཞན་ཕན་མཐའ་ཡས། བླ་མ་ལྕོག་སྟོང་འཇིགས་མེད་ངེས་གསང་། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་སློབ་ཆེན་ཤིན་ཏུ་མང་ཡང་འདིར་མཚོན་ཙམ་ཞུས་པ་ཡིན་ནོ།།ཁོང་གི་གདུང་སྲས་ནི། སྲས་མོ་མཁའ་དབྱིངས་སྒྲོན་མ་དང་། རིགས་སྲས་ཤེས་རབ་མེ་འབར་དང་རྒྱལ་སྲས་རལ་གྲི་གསུམ་རེད། ཁོང་གི་གདུང་རྒྱུད་དང་སྤྲུལ་པ་སོགས་ཀྱིས་བསྟན་འགྲོ་ལ་གཅིག་ཏུ་སྨན་པའི་མཛད་ཚུལ་གཞན་དུ་གསལ།  མཐའ་ཡས་པ་རེ་རེ་ནས་ཤེས་འདོད་ན་ཁོང་གི༼  རང་རྣམ་མཁའ་འགྲོའི་ཞལ་ལུང་།༽ ལ་གཟིགས་པར་འཚལ།མཐར་དགུང་གྲངས་རེ་བདུན་པ་རབ་བྱུང་བཅུ་བཞི་པའི་མེ་སྟག་ལོ་སྟེ་སྤྱི་ལོ༡༨༦༦ལོར་རྫོང་འགག་རྒྱལ་པོའི་རྒྱལ་ས་རུ་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ།།

ཌཱཀྐི་བློ་གསལ་དབང་མོའི་མཛད་རྣམ།

    ལྕམ་མོ་ཌཱཀྐི་བློ་གསལ་དབང་མོའམ་བློ་གསལ་སྒྲོལ་མ་ནི་ཡབ་ཆོས་སྐོར་བསོད་ནམས་འཕན་དང་ཡུམ་མདའ་པའི་བུ་མོ་ཚེ་དབང་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་ཁྱི་ལོ་སྟེ་སྤྱི་ལོ༡༨༠༢ ལོར་སྐུ་འཁྲུངས།འཁྲུངས་སྐབས་ཡེ་གེ་བཅུ་པའི་སྒྲ་དང་།འོད་ལྗང་གུས་ཁྱིམ་ཕྱི་ནང་ཀུན་ཁྱབ་པའི་ལྟས་ངོ་མཚར་བ་སོགས་བྱུང་།རྡོ་གྲུབ་ཆེན་སོགས་བླ་མ་དུ་མ་བསྟེན་ཅིང་།གུ་རུ་རིན་པོ་ཆེ་སོགས་རྩ་གསུམ་ལྷ་ཚོགས་མང་པོས་ཞལ་གཟིགས།གྲུབ་དབང་ཉིད་དང་དགོངས་པ་མཉམ།སྐལ་ལྡན་གྱི་བུ་སློབ་བགྲང་ཡས་སྨིན་གྲོལ་ལ་བཀོད།མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་བློ་གསལ་སྒྲོལ་མ་གཉིས་ནི་མིང་སྲིང་ངམ་མཆེད་ལྕམ་ཡིན། མཐར་དགུང་གྲངས་དྲུག་ཅུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་བྱ་ལོ་སྟེ་སྤྱི་ལོ༡༨༦༡ལོར་མེ་ཏོག་གི་ཆར་དང་འཇའ་འོད་ཀྱི་གུར་ཁང་ཕུབས།རོལ་མོའི་སྒྲ་སྒྲོགས་པ་སོགས་ངོ་མཚར་བའི་ལྟས་བཅས་གཤེགས་ཚེ།གདུང་ཡང་བསྐུས་ནས་ཁྲུ་གང་མ་ལོངས་ཙམ་དུ་གྱུར་ཏོ།།

སྲས་མོ་མཁའ་དབྱིངས་སྒྲོལ་མའི་རྣམ་ཐར།

    སྲས་མོ་མཁའ་དབྱིངས་སྒྲོལ་མ་ནི་ཡབ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དང་ཨ་སྐྱོང་ཚང་གི་བུ་མོ་འཛོམས་པ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཆུ་ལུག་སྟེ་སྤྱི་ལོ ༡༨༢༣ལོའི་དགུན་དུས་སུ་རྒྱལ་མོ་ཚ་རོང་གི་ཡུལ་འབྲོང་རྫོང་སར་ཝ་ཧའི་རི་ཁྲོད་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། དེ་ནས་སྐྱབས་མགོན་རིན་པོ་ཆེ་དང་། ཌཱཀྐི་བློ་གསལ་སྒྲོལ་མ་སོགས་བསྟེན་ཏེ་ཡི་གེ་འབྲི་ཀློག་དང་། འདོན་རྟ་དབྱངས་སོགས་ལེགས་པར་བསླབས་པ་དང་། གཞན་ཡང་དབང་ལུང་ཁྲིད་གསུམ་སོགས་ཡོངས་རྫོགས་གསན་ནས། སྐྱབས་མགོན་དང་ཌཱཀྐི་མ་གཉིས་དང་ལྷན་དུ་མགོ་ལོག་གི་ཡུལ་རྡོ་རྫོང་རི་ཁྲོད། གནས་ཆེན་པདྨ་རི་མཐོ་སོགས་དང་། མི་ཉག་གི་ཡུལ་བཞག་བྲ་གཡུ་མཚོ། དཀར་མཛའ་རི་ཁྲོད། དཔལ་རི་མགོན། ལའུ་ཐང་དགོན་པ། སེང་གེ་དགོན། དགེ་བཤེས་རྒྱལ་པོའི་ཡུལ་མ་ཧཱ་ལྕུམ་ལུང་དགོན། ཤར་རོང་ཁོག །སིང་སིང་དགོན། རྒྱལ་རོང་ཚེ་བརྟན་གླིང་སོགས་དང་། གཞན་ཡང་གཡི་ཁོག་སོགས་སུ་ཕེབས་ཏེ་བཞུགས་སོ། །

     རྒྱལ་རོང་ཁྲོ་སྐྱབས་རྒྱལ་ས་རུ་བཞུགས་ཚུལ་སྐོར། དགུང་ལོ་བཅུ་དགུ་པ་ལྕགས་གླང་ལོ་སྟེ་སྤྱི་ལོ༡༨༤༡)ལོར། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཁྲོ་སྐྱབས་རྒྱལ་པོ་ཚེ་དབང་རབ་བརྟན་ལ་བཙུན་མོར་ཕུལ། ལོ་དེར་སྲས་མོ་མཁའ་དབྱིངས་སྒྲོལ་མ་ཁྲོ་སྐྱབས་རྒྱལ་པོ་ལ་བཙུན་མོར་ཕུལ་མོད། འོན་ཀྱང་ལོ་དགུ་འགོར་རྗེས་དགུང་ལོ་ཉེར་བདུན་པ་ས་བྱ་ལོ་སྟེ་སྤྱི་ལོ༡༨༤༩ ལོར་སྲས་མོ་མཁའ་དབྱིངས་སྒྲོལ་མ་དངོས་སུ་ཁྲོ་སྐྱབས་རྒྱལ་ས་ལ་ཕེབས། སྐྱབས་མགོན་རིན་པོ་ཆེས་སྐྱེལ་མ་མཛད། རྒྱལ་པོ་འཁོར་བཅས་ཀྱིས་གཉེན་སྟོན་གྱི་བྱ་བ་རྒྱ་ཆེར་ཕུལ། རྒྱལ་པོ་ཡང་སྙིང་ཐིག་དང་ཐུགས་ཐིག་གི་བསྟན་པའི་བདག་པོར་འགྱུར་བའི་རྟེན་འབྲེལ་ལེགས་པར་འགྲིགས། ལོ་དེ་ནས་བཟུང་སྲས་མོ་མཁའ་དབྱིངས་སྒྲོལ་མ་ཁྲོ་སྐྱབས་རྒྱལ་སར་བསྟན་སྲིད་ཀྱི་བྱ་བ་མཛད་དེ་བཞུགས། སྐྱབས་མགོན་དང་ཁྲོ་སྐྱབས་རྒྱལ་པོ་གཉིས་བླ་སློབ་དང་གཉེན་གྱི་འབྲེལ་བ་ཆགས་པས། སྙིང་ཐིག་དང་ཐུགས་ཐིག་བསྟན་པ་སྤེལ་བའི་མཐུན་འགྱུར་བླ་ན་མེད་པར་གྱུར་ནས། ཆོས་རྒྱལ་མཆོག་གིས་ཌཱཀྐི་མ་དང་ལྷག་པར་དུ་སྐྱབས་མགོན་རིན་པོ་ཆེ་ཐུན་མིན་གྱི་བླ་མར་བསྟེན་ཏེ་སྙིང་ཐིག་དང་ཐུགས་ཐིག་གི་དབང་ཁྲིད་རྫོགས་པར་བཞེས་པས། ལྟ་བ་ངོ་འཕྲོད། སྒོམ་པ་མཐར་ཕྱིན། མཁའ་འགྲོའི་བརྡ་ཡིག་སོགས་གཏན་ལ་ཕབ་པའི་གྲོགས་དན་མཛད་དེ། སྐྱབས་མགོན་གྱི་ཆོས་བདག་ཏུ་གྱུར། 

    དགུང་ལོ་སུམ་ཅུ་པ་ཆུ་བྱི་སྟེ་སྤྱི་ལོ༡༨༥༢ལོར། ལོ་མཇུག་ཙམ་ལ་སྲས་མོ་མཁའ་དབྱིངས་སྒྲོལ་མར་སྦྱར་དུག་གི་རྐྱེན་གྱིས་སྙུན་གཞི་ཚབས་ཆེན་བཞེས། སྨན་དང་རིམ་གྲོ་རྒྱ་ཆེར་བརྟེན་ཡང་ཕན་པ་ཆེར་མ་བྱུང་། སྐྱབས་མགོན་རིན་པོ་ཆེའང་སྲས་མོའི་ཆེད་དུ་ཁྲོ་སྐྱབས་རྒྱལ་སར་ཕེབས། སྐབས་དེར་ཁྲོ་སྐྱབས་ནས་སྲིང་ཆུང་ནད་ཀྱིས་ཐེབས་པར་བསུ་བ་བྱུང་ལྟར་ཕྱིན་ནས་དེ་གར་སླེབས། རྐྱེན་སེལ་སྐུ་རིམ་ཞི་དྲག་སོགས་གང་དྲག་བྱས་ཀྱང་སྔོན་ལས་འཕྲལ་རྐྱེན་འཛོམས་པའི་དབང་གིས་ནད་ལས་གྲོལ་བ་འཕྱང་མོ་ཉུག་ཏུ་གྱུར། འོན་ཀྱང་ས་དབང་རིན་པོ་ཆེའི་དགོངས་བཞེད་དང་མོ་རང་ཡང་བསམ་པ་རྫོགས་ཕྱིར་རེ་ཞིག་དེ་གར་གནས་ཞེས་གསུངས་སོ།།དགུང་ལོ་སོ་གཅིག་པ་ཆུང་གླང་ལོ་སྟེ་སྤྱི་ལོ༡༨༥༣ལོར། སྐྱབས་མགོན་དང་ཌཱཀྐི་མ་གཉིས་སླར་ཡང་སྲས་མོ་སོགས་ཀྱི་ཆེད་དུ་ཁྲོ་སྐྱབས་རྒྱལ་སར་ཕེབས། སྲས་མོ་མཁའ་དབྱིངས་སྒྲོལ་མ་ལ་རིམ་གྲོ་བསླབ་བྱ་གནང་སྟེ་རེ་འགའ་དེར་བཞུགས། དེ་ནས་སྒར་ཐོག་ཚེ་བརྟན་གླིང་དུ་ཕེབས། སླར་ཡང་ཁྲོ་སྐྱབས་རྒྱལ་པོས་བསུ་བ་བྱུང་བས། ཌཱཀྐི་མ་དམུ་ཁྲིའི་རྒྱལ་སར་ཕེབས། སྲས་མོ་མཁའ་དབྱིངས་སྒྲོན་མ་ལ་རིམ་གྲོ་དང་གདམས་ངག་སོགས་གང་དགོས་རྣམས་གནང་སྟེ་སྲས་མོའི་ཐུགས་དགོངས་རྫོགས་པར་མཛད། དེ་ནས་ཕྱིར་ཚེ་བརྟན་གླིང་དུ་ཕེབས་ནས་བཞུགས། གླང་ལོ་གསར་ཚེས་ལ། ཀ་ཀེའུ་ཚང་དུ་ལན་གཅིག་འབྱོན་པར་རང་ཡང་དེ་གར་ཕྱིན། སྲིང་ཆུང་ཡང་ཟླ་ཤས་འཚོ་ངོ་ཤར་བས་སྲིང་མོ་ཞག་ཤས་རང་སར་བཞུགས་ཤིང་། ང་རང་རེ་ཞིག་སོ་མང་ཕྱོགས་སུ་སོང་། གཡུ་ཐང་ནས་ཀྱང་དབོན་མོས་གཙོས་ཁ་ཤས་སླེབ་བྱུང་བ་རེ་འདོད་བསྐང་ཞིང་རང་ཡུལ་དུ་ལོག རྒྱལ་སར་ས་དབང་བདག་ཡུམ་གཙོས་འདུས་པ་བརྒྱ་ཕྲག་ཙམ་ལ་སྔོན་འགྲོ་ཟླ་ཁྲིད་ཙམ་བྱས། ཚེ་བརྟན་གླིང་དུ་རེ་ཞིག་བསྡད་པར། སྲིང་མོ་ཡང་ཁྲོ་སྐྱབས་ས་དབང་གིས་བཀའ་ཕེབས་བཞིན་སྐུ་དྲུང་བཅར་ནས། སྲིང་ཆུང་གི་རེ་འདུན་སོགས་རྫོགས་པར་བྱས། ཞབས་བརྟན་ཡང་ཕྲན་བུ་བསྒྲུབས་ནས་ཕྱིར་ལོག་སྟེ་ཚེ་བརྟན་གླིང་དུ་བཞུགས་གདན་འཇགས། ཞེས་གསུངས་སོ།།

    མཐར་དགུང་ལོ་སོ་གཉིས་པ་རབ་བྱུང་བཅུ་བཞི་པའི་ཤིང་སྟག་ལོ་སྟེ་སྤྱི་ལོ ༡༨༥༤ ལོར་དགོངས་པ་རྫོགས་སོང་བ་ཡིན་ནོ།།ཞེས་པ་འདི་ནི༼  མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་རིམ་བྱོན་གྱི་རྣམ་ཐར་གསལ་བའི་མེ་ལོང་།༽ གི་ལྡེབ་མ༢༣༦ནས༢༤༠ལས་སྤྱི་ལོ༢༠༡༥ལོའི་ཟླ༤པར་བཏུས་སོ།།

རིགས་སྲས་ཤེས་རབ་མེ་འབར་གྱི་མཛད་རྣམ།

    རིག་སྲས་ཤེས་རབ་མེ་འབར་ནི་ཡབ་མདོ་མཁྱེན་བརྩེ་དང་ཡུམ་ཨ་སྐྱོང་ཚང་གི་བུ་མོ་འཛོམས་པ་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ས་གླང་ལོ་སྟེ་སྤྱི་ལོ ༡༨༢༩ ལོར་ངོ་མཚར་བའི་ལྟས་དང་བཅས་པས་སྐུ་འཁྲུངས།ཁོང་གི་ལྗགས་འོག་ཏུ་ནས་འབྲུ་བཟུང་བ་ཙམ་ལས་འཕྲལ་དུ་མྱུ་གུ་སྐྱེས་ཤིང་དེའི་ངོར་ཨ་ར་པ་ཙ་གསལ་བར་དོད་ཡོད།རྗེ་བཙུན་འཇམ་དབྱངས་དང་ལྷག་པའི་ལྷ་དུ་མས་རྗེས་སུ་བཟུང་བས་མདོ་སྔགས་རིག་གནས་དང་བཅས་པ་མཁྱེན་པའི་ཀློང་རྡོལ།  མཐར་དགུང་གྲངས་བཅུ་བཞི་པ་རབ་བྱུང་བཅུ་བཞི་པའི་ལྕགས་སྟག་ལོ་སྟེ་སྤྱི་ལོ ༡༨༤༢ ལོར་སྐུ་གཤེགས་སྐབས་སྐུ་གདུང་མཁྱིད་གང་ཙམ་ལས་མ་ལྷག་པར་བཤད་དོ།།

རྒྱལ་སྲས་རལ་གྲིའི་མཛད་རྣམ་བསྡུས་པ།

    རྒྱལ་སྲས་བདེ་ཆེན་རིགས་པའི་རལ་གྲི་ཁོང་ནི་ཡབ་མདོ་མཁྱེན་བརྩེའི་ཡུམ་ཨ་སྐྱོང་གི་བུ་མོ་འཛོམས་པ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ལྕགས་སྟག་ལོ་སྟེ་སྤྱི་ལོ༡༨༣༠ལོར་སྐུ་འཁྲུངས།  རྗེས་སུ་ཀཿཐོག་མ་ཧཱ་པཎྚི་ཏ་དང་།རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ།དཔལ་སྤྲུལ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མ་དང་།ཁྱད་པར་ཡབ་ལས་གསང་ཆེན་གདམས་པའི་བདུད་རྩིས་ཐུགས་རྒྱུད་ཡོངས་སུ་གཏམ་པས་རྟོགས་པ་ཀློང་དུ་གྱུར། སྐལ་ལྡན་བུ་སློབ་དུ་མ་རྗེས་སུ་བཟུང་།མི་ཉག་ལའུ་ཐང་ནས་ཡུན་རིང་བཞུགས་ཡོད་པར་བཤད།མཐར་དགུང་ལོ་རེ་བདུན་པ་རབ་བྱུང་བཅོ་ལྔའི་མེ་སྤྲེལ་སྟེ་སྤྱི་ལོ༡༨༩༦ལོར་སྐུ་གཤེགས་ཤིང་། སྐབས་དེར་རྒྱལ་ཟླའི་ནང་དུ་སྟག་མའི་མེ་ཏོག་དང་སེ་བའི་མེ་ཏོག་བཞད།མཁའ་ལས་རྣམ་པར་སྣང་མཛད་གཤེགས་སོ་ཞེས་པའི་སྒྲ་དང་།འཇའ་འོད་ཀྱི་གུར་ཁང་འཁྲིགས།མེ་ཏོག་གི་ཆར་བབ་པ་སོགས་ངོ་མཚར་བའི་ལྟས་དུ་མ་བཅས་བྱུང་ཡོད། གདུང་ཡང་བསྐུམ་ནས་ཁྲུ་གང་ཙམ་ལས་མ་ལྷག་ཅེས་གསུངས་སོ།།

མདོ་དྲི་མེད་གྲགས་པའི་མཛད་རྣམ།

     མདོ་རིན་པོ་ཆེ་དྲི་མེད་གྲགས་པའི་འོད་ཟེར་ནི་ཡབ་འགུ་ཐང་རྒྱལ་པོའི་བློན་ཁྱུང་རོལ་རྡོ་རྗེ་དང་ཡུམ་པདྨ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་རྟ་ལོ་སྟེ་སྤྱི་ལོ ༡༨༤༦ ལོར་སྐུ་འཁྲུངས།མདོ་རིན་པོ་ཆེ་དྲི་མེད་གྲགས་པའི་འོད་ཟེར་ནི་རིགས་སྲས་ཤེས་རབ་མེ་འབར་གྱི་ཡང་སྲིད་རེད་ཅེས་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་ཐུགས་ཐག་བཅད་པ་ཡིན་པར་གྲགས། རྗེས་སུ་རྫོགས་ཆེན་མཁན་པདྨ་བཛྲ་དང་།དཔལ་སྤྲུལ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མ་བསྟེན་ཅིང་།ལྷག་པའི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བ་དང་།གནས་ལྔ་ཡོངས་རྫོགས་ཀྱི་མཁས་པའི་ཚུལ།བཙུན་པའི་ཚུགས།གྲུབ་པའི་རྟགས་སོགས་དམ་པའི་ཚུལ་དགུས་བརྒྱན་པ་ལ།སྐབས་དེར་དར་མདོ་ན་ཕྱི་གླིང་གི་མི་མང་པས།བོད་རྒྱ་དབྱིན་གསུམ་གྱི་སྐད་དུ་ཆོས་འཆད་པར་མཛད་ཅིང་།ཕྱི་གླིང་པ་དང་།བོད་རྒྱ་སོག་གསུམ་གྱི་སློབ་མ་གྲངས་མང་བྱོན།རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མདུན་ཆོས་ཀྱི་བགྲོ་གླེང་སོགས་མཛད་པས།རྒྱལ་དབང་ཐུགས་ཤིན་ཏུ་དགྱེས་ཏེ་ཉིད་ཀྱི་མནབས་ཤམ་དང་སྐུ་འགག་བཅས་གནང་ནས།ཁྱེད་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་ཏུ་འདུག་གསུངས་པ་དང་། གཞན་ཡང་ཆོས་སྐྱོང་བྲན་དུ་ཁོལ།འབྱུང་བཞི་རང་དབང་བསྒྱུར་བ་སོགས་གྲུབ་རྟགས་ངོ་མཚར་བ་རྣམས་ནི་རྣམ་ཐར་དུ་གསལ་བ་ལྟར་དང་།ཕྱོགས་མེད་ཀྱི་གདུལ་བྱ་བསྐྱངས་ཚུལ་ཡང་།མཚོ་སྔོན།ཀན་ལྷོ།རེབ་གོང་།རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་སོགས་སུ་སློབ་ཚོགས་གྲངས་ལས་འདས། རིན་པོ་ཆེ་ཁོང་ནི་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྐུ་རུས་ཀྱི་གདུང་རྒྱུད་དངོས་མ་ཡིན་མོད།འོ་ན་ཁོང་གི་རྣམ་ཐར་འདིར་ཅིའི་ཕྱིར་བྲིས་པ་རེད་ཅེ་ན། རིགས་སྲས་ཤེས་རབ་མེ་འབར་གྱི་ཡང་སྲིད་ཡིན་པས་འདིར་བྲིས་པ་ཡིན།མཐར་དགུང་གྲངས་ལྔ་བཅུ་སྟེ་རབ་བྱུང་བཅུ་དྲུག་པའི་སྤྱི་ལོ༡༩༤༠ལོར་སྐུ་གཤེགས་སྐབས།རྒྱལ་ཟླའི་ནང་མེ་ཏོག་སེར་ཆེན་བཀྲ་བ་དང་།འཇའ་འོད་གདུང་དང་རིང་བསྲེལ་སོགས་ཀུན་གྱི་མཐུན་སྣང་ལ་གྲུབ་པའི་ངོ་མཚར་བའི་ལྟས་མང་ངོ་།།

སྤྲུལ་སྐུ་རང་བྱུང་གི་མཛད་རྣམ།

    སྤྲུལ་སྐུ་རང་བྱུང་ཚང་ནི་ཡབ་སྔགས་འཆང་ཀུན་བཟང་བསྟན་རྒྱས་དང་ཡུམ་རག་ཤུལ་རིག་བྱེད་མ་གཉིས་ཀྱི་སྲས་སུ།རབ་བྱུང་བཅོ་ལྔའི་ས་སྤྲེལ་ལོ་སྟེ་སྤྱི ༡༩༠༨ ལོར་སྐུ་འཁྲུངས།མདོ་རིན་པོ་ཆེའི་སྐུ་མཆེད་གཅུང་རང་བྱུང་རྡོ་རྗེ་ཚང་ནི། མདོ་དྲི་མེད་གྲགས་པའི་འོད་ཟེར་གྱི་སྐྱེས་ཕྲེང་གསོལ་འདེབས་ལས།རེས་འགའ་བླ་སློབ་རེས་འགའ་སྐུ་མཆེད་ཚུལ་ཞེས་པ་དང་མཐུན།དེ་ཡང་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་དང་།རྡོ་གྲུབ་ཡབ་སྲས་ཀྱི་གསུང་ལས་སྐུ་མཆེད་སོགས་ཀྱི་ཚུལ་དུ་འཁྲུངས་པར་གསུངས་པ་བཞིན།མདོ་དྲི་མེད་གྲགས་པའི་འོད་ཟེར་གྱི་ཡང་སྲིད་ཡིན་པ་བླ་མ་སྐྱབས་མགོན་གྱིས་ཐུགས་ཐག་བཅད།འབྲོག་མཁན་པོ་ཤེས་རབ་དང་།དཔལ་ཡུལ་དར་ཐང་མཁན་པོ་འོད་ནམ།རྫོགས་ཆེན་མཁན་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས།གླིང་སྤྲུལ་སོགས་སྐྱེས་ཆེན་དུ་མར་བསྟེན་ནས་རིག་གནས་སུམ་རྟགས་ནས་མདོ་མཚན་ཉིད་ཐེག་པ་མན་ཆོད་ལ་སྦྱང་བརྩོན་མཐར་ཕྱིན་པ་མཛད།ཁྱད་པར་དུ་གཅེན་རིན་པོ་ཆེ་ལས་ཐུན་མིན་གྱི་ཟབ་ཁྲིད་དང་།འབྲུག་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལས་སྙན་བརྒྱུད་དམར་ཁྲིད་སོགས་གསན་པས་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་ཞིག་རྒྱུད་ལ་འཁྲུངས་སོ།།

མདོ་རིན་པོ་ཆེའི་མཛད་རྣམ།

    མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་ནི་ཡབ་སྔགས་འཆང་ཀུན་བཟང་བསྟན་རྒྱས་དང་ཡུམ་རག་ཤུལ་རིག་བྱེད་མ་གཉིས་ཀྱི་སྲས་སུ།རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ལོ་སྟེ་སྤྱི་ལོ༡༨༩༠ལོར་སྐུ་འཁྲུངས།རྗེ་འདི་ཉིད་ནི་ཡབ་མེས་གོང་མ་ལས་ལྷག་པའི་གངས་ཅན་འཛིན་མའི་ཁྱོན་འདིར་སླར་ཡང་རྫོགས་ལྡན་དང་པོ་འཁྲུངས་པ་ལྟ་བུའི་དཔལ་ལ་བཀོད་ཀྱང་།མ་རུངས་ཡིད་སྲུབས་སྙིང་ལ་ཞུགས་པ་འགས་ཡོན་མཆོད་བར་ལུང་མེད་ཀྱི་ཕྲ་མ་བྱས་པའི་རྐྱེན་དང་།གདུལ་ཞིང་ཡང་ཕྱོགས་སུ་ཡོད་པར་གཟིགས་ཏེ་མཚོ་སྔོན་ཕྱོགས་ཆིབས་བསྒྱུར་གནང་།དེར་མཛད་འཕྲིན་ལྷག་པར་རྒྱས་ཤིང་།གྲུབ་བརྙེས་ཀྱི་མཛད་པས་སྣ་ཚོགས་པའི་གདུལ་བྱ་གྲངས་མེད་ཐར་ལམ་ལ་བཀོད་ཅིང་།ཡུལ་ཕྱོགས་ཀུན་ཏུ་ཆོས་འཁོར་བསྐོར་བ།རྟེན་གསུམ་བཞེངས་བ་སོགས་མདོར་ན་རྣམ་དཀར་གྱི་མཛད་པ་མཐའ་ཀླས་སུ་བྱུང་ཚུལ་ནི་ཁོང་གི་རྣམ་ཐར་དང་།ད་ལྟ་བྱང་པ་ནག་ཁག་གསུམ་སོགས་ཀྱི་དེར་གནས་ཀྱི་རྒན་རབས་ཀུན་གྱི་ངག་རྒྱུན་ན་གསལ་བོར་ཡོད་པ་ལ་དཔག་ན་ཤེས་ཐུབ་པ་ཡོད། ཁོང་གིས་ཆོས་ནམ་གསུང་སྐབས་སུ། བླ་མས་ཅི་གསུང་ཆོས་སུ་ཤེས་ན་སློབ་མའི་མཆོག།སློབ་མའི་བློ་ཁ་ཆོས་ལ་བསྒྱུར་ན་བླ་མའི་མཆོག ཅེས་གསུངས་སྲོལ་ཡོད་ཚུལ་རྨེ་བའི་ཨ་ཁུ་བཟང་གྲོལ་ལགས་ཀྱིས་ཕྲན་ལ་བཤད་པ་ལྟར་བྲིས། སྲས་མོ་ཟླ་གསལ་དབང་མོས་མཛད་པའི༼ མདོ་རིན་པོ་ཆེའི་རྣམ་ཐར་བསྡུས་པ༽ ལས། སྐབས་དེར་དམ་སྲི་སྙིང་ལ་ཞུགས་པའི་སྐྱིད་སྣང་དགོན་པའི་ཁྲི་པ་པད་རྡོར། མགར་བླ་དཔལ་ལྡན། གསེར་ཆུ་ཆོས་འཛིན་སོགས་དང་། མདོ་སྒར་གྱི་ཕྱག་མཛོད་ཡོན་ཏན་མཆུ་ལོ། ཡོན་ཏན་མིག་རིལ། སྐུ་རྒྱབ་རོང་མི་ཡེ་ཤེས་སོགས་ཀྱིས་ལྕགས་ལ་རྒྱལ་པོ་ལ་བླ་མ་མདོ་ཚང་ནི་རྒྱལ་སྲས་རལ་གྲིའི་སྲས་མིན་རྒྱལ་རོང་བསྟན་འཛིན་གྱི་བུ་ཡིན་པས།  འདི་མདོ་སྒར་གྱི་བསྟན་བདག་མི་འོང་། རྡོར་བྲག་མཁན་སྤྲུལ་རྣམ་རྒྱལ་རལ་གྲི་ཡིན་ཞེས་ལྕགས་ལ་རྒྱལ་པོ་ལ་རྫུན་གཏམ་དུ་མ་ཞུས་ནས། རྒྱལ་པོས་བརྟག་དཔྱད་གང་ཡང་མ་བྱས་པར་བདེན་པར་བཟུང་ནས་མདོ་ཚང་གི་རྟེན་སྒམ་རྣམས་ཐེའུ་ཡིས་མནན་བཅུག་ནས་བླ་མ་རྒྱང་ཕུད་གཏོང་དགོས་བསམ་སྐབས། གློ་བུར་དུ་རྫོང་འགག་རྒྱལ་པོ་གདན་དྲངས་ས་ཐོན་ནས་ས་ཆ་དེར་ཅུང་ཟད་བཞུགས།  དེ་རྗེས་ས་མང་པོར་བྱོན་ནས་འགྲོ་དོན་རྒྱ་ཆེན་པོ་མཛད། རྗེས་སུ་མི་ཉག་རང་ཡུལ་གྱི་དགོན་སྡེ་བཅུ་གསུམ་དང་།རག་ཤུལ་ཕ་ཚོ།གོ་རོ་ལྷ་སྡེ་བཅས་ཀྱིས་རང་ཡུལ་ལ་འབྱོན་དགོས་པར་ནན་ཞུ་ཞུས་པར་བརྟེན།  ཚུར་འབྱོན་རྒྱུ་ཞལ་བཞེས་གནང་སྟེ་བྱོན་སྐབས་རྨེ་ཁོག་ཏུ་མཐར་དགུང་ལོ་ལྔ་བཅུ་པ་རབ་བྱུང་བཅུ་དྲུག་པའི་ས་ཡོས་ལོ་སྟེ་སྤྱི་ལོ༡༩༣༩ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ།།

ཚེ་འཛིན་དབང་མོའི་མཛད་རྣམ།

    ཚེ་འཛིན་དབང་མོ་ཚང་ནི་ཡབ་རྒྱལ་སྲས་རལ་གྲི་སྔགས་འཆང་ཀུན་བཟང་བསྟན་རྒྱས་དང་ཡུམ་རག་ཤུལ་རིག་བྱེད་མ་གཉིས་ཀྱི་སྲས་མོ་རུ།རབ་བྱུང་བཅོ་ལྔ་པའི་ཤིང་རྟ་ལོ་སྟེ་སྤྱི་ལོ༡༨༩༤ལོར་སྐུ་འཁྲུངས།  མདོ་རིན་པོ་ཆེའི༼ རང་རྣམ་མེ་ཏོག་ཕྲེང་མཛེས།༽ ཀྱི་ལྡེབ་མ་༥པའི་སྲིབ་ན། ཤིང་ཕོ་རྟ་ལོར་ཡབ་རྗེ་ཆོས་ཀྱི་རྗེས།།བཀའ་དབང་སྨིན་གྲོལ་ཟབ་མོའི་སྒོ་འཕར་ཕྱེས།།ལུས་ངག་ཡིད་ལ་བྱིན་ཕེབས་སྣང་བ་འགྱུར། །མཐའ་རྟེན་བཀྲ་ཤིས་རྫས་རྟགས་དངོས་སུ་བསྩལ།།ལས་ཀྱི་དབང་མོ་ཨཱ་ཡུ་དེ་ཝཱ་བཙས།ཡོ་གའི་ཆོས་སྒོར་བདག་ཚུད་རྟེན་འབྲེལ་འགྲིག།ཞེས་གསུངས། ཚེ་འཛིན་དབང་མོ་ཁོང་ལ་སྲས་གཅིག་དང་སྲས་མོ་གཉིས་འཁྲུངས་ཡོད། སྲས་དང་སྲས་མོ་གཉིས་བྱིས་པའི་དུས་ནས་སྐུ་གཤེགས། འཁྲུངས་འདས་ཀྱི་སྐབས་སུ་རྟགས་མཚན་བསམ་གྱིས་མི་ཁྱབ་པ་མངོན་ཡོད་པར་བཤད། 

     ཐོས་བསམ་སློབ་གཉེར་མཛད་ཚུལ་ནི། ཁོང་བྱིས་པའི་དུས་ནས་གཅེན་པོ་མདོ་རིན་པོ་ཆེ་ལ་བསྟེན་ཏེ་འཛིན་གྲོལ་དང་ཁྲིད་ཡིག་ཡེ་ཤེས་བླ་མ། ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་སོགས་དབང་ཁྲིད་ཀྱི་གདམས་བཅུད་རྣམས་བཞེས་པས། རིག་པ་ངོ་འཕྲོད། སྙིང་རྗེའི་གཞན་དབང་དུ་གྱུར་ཏོ། །མི་ཉག་དཔལ་རི་དགོན་པའི་འོད་གསལ་ཉི་མའི་མདུན་ནས་ཡི་གེ་འབྲི་ཀློག་དང་། རྫོགས་ཆེན་མཁན་པོ་ཡོན་དགའི་མདུན་ནས་སྤྱོད་འཇུག་ཞུས། ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་མདུན་ནས་སྙིང་ཐིག་ཡ་བཞི་དང་། དུམ་གཉིས་སོགས་ཀྱི་དབང་ལུང་། ཨ་འཛོམས་སྙན་རྒྱུད་དམར་ཁྲིད་ཀྱི་གདམས་པ་རྣམས་ལེགས་པར་གསན། ཉམས་ལེན་དང་དགེ་སྦྱོར་ལ་རྒྱུན་དུ་བརྩོན་པས། རྟོགས་པ་མངོན་དུ་གྱུར་ཏོ། །འཇུ་མི་ཕམ་གྱི་དངོས་སློབ་ཁྲོ་རུ་འཇམ་དཔལ་གྱི་མདུན་ནས་གསོ་རིག་རྒྱུད་བཞིའི་བཤད་ཁྲིད་དང་། ཐུན་མིན་གྱི་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་བཞེས་པས། གསོ་རིག་གི་གཞུང་དང་མན་ངག་ཐམས་ཅད་ཐུགས་སུ་ཆུད། གློ་ཆུ་དང་། སྐྲན་ནད་ཅན་གྱི་རིགས་སོགས་བཅོས་པ་ལ་དཀའ་སྡུག་མེད་པར་གྱུར། དགེ་སྦྱོང་གི་ཆེད་དུ་ཡིན་གསུངས་ནས་ནད་པ་དབུལ་ཕྱུག་ཇི་ལྟར་བྱུང་ཡང་སྨན་རིན་ལེན་སྲོལ་མི་མངའ་འོ། །སྤྱི་ལོ༡༩༣༩ལོར་གཅེན་པོ་མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་སྐུ་གཤེགས། གཅེན་པོའི་ཆེད་དུ་གདུང་མཆོད་རྒྱ་ཆེར་བསྒྲུབས།  སྤྱི་ལོ༡༩༤༤ལོར་སྲས་མོ་ཟླ་གསལ་དབང་མོ་དང་། མ་གཅིག་པའི་མིང་པོ་སྤྲུལ་སྐུ་རང་བྱུང་དང་ལྷན་དུ་དབུས་ཕྱོགས་ལྷ་ལྡན་དུ་གནས་སྐོར་ལ་ཕེབས། ལྷ་སའི་ཇོ་ཤཱཀ་རྣམ་གསུམ་དང་། པོ་ཏ་ལ། བསམ་ཡས། ཚེ་རིང་ལྗོངས། གངས་རི་ཐོད་དཀར་སོགས་ལྷ་ལྡན་ཡུལ་གྱི་རྟེན་གཙོ་དང་སྒྲུབ་གནས་རྣམས་ལ་མཇལ་ཕྱག་སྐོར་གསུམ་བྱོན། སྤྱི་ལོ༡༩༤༦ལོར་སྤྲུལ་སྐུ་རང་བྱུང་སྐུ་གཤེགས། ཡང་གཅེན་པོའི་གདུང་མཆོད་རྒྱ་ཆེར་བསྒྲུབས། དེ་ནས་མདོ་སྒར་བདག་པོ་ཁོང་གི་སྟེང་དུ་བབས། སྐབས་དེར་སྲས་མོ་ཟླ་གསལ་དབང་མོ་ལ་མདོ་སྒར་གྱི་བདག་པོ་མཛད་དགོས་པའི་བཀའ་ནན་ཡང་ཡང་བསྩལ། སྲས་མོ་ཟླ་གསལ་དབང་མོ་ནི་བྱིས་པའི་དུས་ནས་འཁོར་བ་ལ་ཞེན་པ་ལོག་པ་ཞིག་ཡིན་པས་ཇི་ལྟར་བསྐུལ་ཡང་མདོ་སྒར་གྱི་བདག་པོ་མ་མཛད་ལ། མཐར་དགུང་ལོ་ཉེར་གཉིས་སྟེང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའོ། །མདོ་རིན་པོ་ཆེའི་ཡང་སྲིད་མི་ཉག་འགུ་ཐང་ཡུལ་དུ་འཁྲུངས་མོད། འོན་ཀྱང་ཁོ་ཚོས་བླུ་ཁ་མ་གནང་།  སྤྲུལ་སྐུ་ནི་བླུ་ཁ་མ་ལོན་པས། ཆུ་འབྲུག་ལོ་སྟེ་སྤྱི་ལོ༡༩༥༢ལོའི་ཟླ་བ་དང་པོའི་ཚེས་གཅིག་ལ་ཨ་པཾ་གཏེར་སྟོན་ཆོས་དབྱིངས་རྡོ་རྗེའི་སྲས་ལ་མདོ་རིན་པོ་ཆེའི་མཚན་གསོལ། ཁྲི་སྟོན་རྒྱ་ཆེར་མཛད། མདོ་སྒར་གྱི་བདག་པོར་བསྐོས། སྐབས་དེར་རྟེན་འབྲེལ་མི་ལེགས་པ་དུ་མ་བྱུང་། ལོ་དེར་མདོ་སྒར་ཚེ་འཛིན་དབང་མོ་ཁོང་གིས་སྙུན་གཞི་ཚབས་ཆེན་བཞེས། མཐར་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་ལོ་སྟེ་སྤྱི་ལོ༡༩༥༣ལོའི་ཟླ༨པའི་ཚེས༢༥ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་གཤེགས་སོ། །ཞེས་པ་འདི་ནི༼  མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་རིམ་བྱོན་གྱི་རྣམ་ཐར་གསལ་བའི་མེ་ལོང༽ གི་ལྡེབ་མ༣༦༩ནས༣༧༢བར་ལས་སྤྱི་ལོ༢༠༡༥ལོའི་ཟླ༤པར་བཏུས་སོ།།

སོ་མང་མཆོག་སྤྲུལ་གྱི་མཛད་རྣམ།  

    སོ་མང་མཆོག་སྤྲུལ་ནི་ཡབ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་སོ་མང་རྒྱལ་པོ་ཚེ་མགོན་རིག་འཛིན་དང་ཡུམ་ཁོང་གི་བཙུན་མོ་བསོད་ནམས་དབང་མོའམ་དོན་འགྲུབ་དབང་མོ་གཉིས་ཀྱི་སྲས་སུ།  རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ལོ་སྟེ་སྤྱི་ལོ༡༨༥༥ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས། ཁོང་གི་ཡབ་དངོས་ནི་སྐྱབས་མགོན་གྱི་སྲས་ཆུང་བ་རྒྱལ་སྲས་རལ་གྲི་ཡིན་པར་བཤད་ཡོད། 

    སྐུ་འཁྲུངས་པའི་དུས་དང་སྲས་མོ་མཁའ་དབྱིངས་སྒྲོལ་མའི་ཡང་སྲིད་ཡིན་ཚུལ་ནི་སྐྱབས་མགོན་གྱི༼ རང་རྣམ་མཁའ་འགྲོའི་ཞལ་ལུང༽ ནང་གསལ་པོར་བཞུགས། སྐྱབས་མགོན་ཡེ་ཤེས་རྡོ་རྗེའི་སྲས་མོ་མཁའ་དབྱིངས་སྒྲོལ་མ་སྐུ་གཤེགས་ནས་ཟླ་བ་ལྔ་དྲུག་གི་མཚམས་སུ་རྒྱལ་རོང་སོ་མང་རྒྱལ་པོའི་བཙུན་མོའི་ལྷུམས་སུ་ཞུགས། སྐྱབས་མགོན་གྱི་༼   རང་རྣམ་མཁའ་འགྲོའི་ཞལ་ལུང་།༽ ལྡེབ༢༣༨ན། སྟོན་པའི་བྱིན་རླབས་ལས་ཡེ་ཤེས་ཌཱཀྐིའི་སྤྲུལ་པའི་མྱུ་གུ་ཡང་ལྷུམས་སུ་ཞུགས་པར་མཛད་ཅིང་། གདུལ་བྱའི་བསོད་ནམས་ཀྱི་ཁྲོད་ན་ཐུགས་ཐིག་རྒྱུད་འཛིན་གྱི་སྐལ་བ་ཐོབ་པའི་ལུང་བསྟན་ཞེས་གསུངས་སོ། །སྐྱབས་མགོན་གྱི༼ རང་རྣམ་མཁའ་འགྲོའི་ཞལ་ལུང་།༽ ལྡེབ་མ༢༤༦ན། ས་དབང་རྒྱལ་སར་སྐུ་མཆེད་ལྷན་རྒྱས། སྲིང་མོ་ཡང་བཞུགས་འདུག་པ་གདོང་འཛོམས། མིང་སྲིང་གཉིས་ཀ་ནས་ཞབས་བརྟན་ཆ་ཤས་བསྒྲུབས་ཤིང་། སྐབས་དེར་ཞག་ཤས་བར་ནམ་མཁའ་ལ་འཇའ་སྤྲིན་འཁྲིགས་པ་དང་། རྒྱལ་སའི་གནས་ཁང་རྣམས་སུ་དྲི་བཟང་པོ་འཐུལ་བ་སོགས་ཡ་མཚན་པའི་ལྟས་འགའ་ཡང་བྱུང་། ཆུ་སྟོད་ཟླ་བའི་ཡར་ཚེས་དགེ་བར་རྒྱལ་སྲས་རིགས་ཀྱི་མྱུར་གུ་ཡང་འཁྲུངས་ཤིང་། ཞེས་གསུངས་སོ། །སྲས་མོ་མཁའ་དབྱིངས་སྒྲོལ་མའི་ཡང་སྲིད་དང་། རྒྱལ་སྲས་རལ་གྲིའི་སྲས་ཡིན་པས།སོ་མང་མཆོག་སྤྲུལ་དགུང་ལོ་གསུམ་མེ་སྦྲུལ་སྟེ་སྤྱི་ལོ༡༨༥༧ལོར། སྐྱབས་མགོན་ཡེ་ཤེས་རྡོ་རྗེས་སྐུ་བདག་མཛད། གདན་ས་ཚེ་བརྟན་གླིང་གི་སྒར་ཐོག་ཏུ་སྤྱན་དྲངས། དགའ་སྟོན་རྒྱ་ཆེར་མཛད། སྐྱབས་མགོན་གྱི༼  རང་རྣམ་མཁའ་འགྲོའི་ཞལ་ལུང་།༽ ལྡེབ༢༥༢ན། ངེད་ཅག་ཀུན་གྱིས་ལྷ་སྲས་གདན་དྲངས་ཤིང་། དགོན་ནས་བདག་ཡུམ་སྲས་བཅས་ཀྱིས་སྐྱེལ་མ་དང་བཅས། ཟླ་ཚེས་དགེ་བར་ཚེ་བརྟན་གླིང་དུ་གདན་འཇགས། དགའ་སྟོན་ལེགས་པའི་རྟེན་འབྲེལ་བསྒྲིགས་ཞེས་གསུངས་སོ། །མཛད་པ་འཕྲིན་ལས་ཀྱི་སྐོར་ནི། སོ་མང་རྒྱལ་པོ་ནས་སྤྲུལ་སྐུ་དེ་མདོ་སྒར་ལ་རྒྱུན་བཞུགས་ཆོག་པའི་གནང་བ་མ་ཐོབ། སོ་མང་ཀཿམཆོག་དགོན་གདན་ས་གཙོ་བོར་མཛད་དེ་བཞུགས་པར་བཤད། སྐུ་ན་གཞོན་པའི་སྐབས་སུ་སྐྱབས་མགོན་རིན་པོ་ཆེ་དང་། ཡབ་ཆེན་རྒྱལ་སྲས་རིག་པའི་རལ་གྲི། མདོ་དྲི་མེད་གྲགས་པ་སོགས་བསྟེན་ཏེ་སྙིང་ཐིག་དང་ཐུགས་ཐིག་གི་ཆོས་སྐོར་རྣམས་ལེགས་པར་གསན་བསམ་མཛད།  མཐར་དགུང་ལོ་བརྒྱད་ཅུ་པ་རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ལོ་སྟེ་སྤྱི་ལོ༡༨༥༥ལོར་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ། །ཞེས་པ་འདི་ནི༼  མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གདུང་རྒྱུད་རིམ་བྱོན་གྱི་རྣམ་ཐར་གསལ་བའི་མེ་ལོང་།༽ གི་ལྡེབ་མ༣༧༤ནས༣༧༦བར་ལས་སྤྱི་ལོ༢༠༡༥ལོའི་ཟླ༤པར་བཏུས་སོ།།

གཟན་དཀར་སྤྲུལ་སྐུའི་མཛད་རྣམ།

   ཐུབ་བསྟན་ཉི་མའམ་གཟན་དཀར་སྤྲུལ་སྐུ་ཚང་ནི་ཡབ་རྒྱལ་རོང་བ་དབྱང་ལགས་དང་ཡུམ་རྒྱལ་རོང་བ་རིན་ཆེན་ལྷ་མོ་གཉིས་ཀྱི་སྲས་སུ། བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོ་སྟེ་སྤྱི་ལོ༡༩༤༣ལོར་ཁམས་མི་ཉག་ལྷ་སྒང་དུ་སྐུ་འཁྲུངས། ཐོག་མར་ཁོང་ལྷ་སྒང་དགོན་པའི་ཚོགས་གདན་ཐོག་ཏུ་བཞག་ནས་དགོན་དེའི་གྲྭ་པ་བྱེད་རྒྱུའི་གྲ་སྒྲིག་བྱས། རྗེས་སུ་དགུང་ལོ་གསུམ་གྱི་ཐོག་ཏུ་མ་ཧཱ་ལྕུམ་ལུང་དགོན་པས་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་བྱས། ལྷ་སྒང་དགོན་པ་དང་མ་ཧཱ་ལྕུམ་ལུང་དགོན་པ་གཉིས་ཀྱི་ཐུན་མོང་གི་བླ་མ་བྱས་ཏེ་ལོ་བཅུ་གསུམ་གྱི་རིང་ལ་སྤྲུལ་སྐུའི་འཚོ་བ་ལ་རོལ། རྗེས་སུ་ཁོང་གྲྭ་སར་བྱོན་སྐབས་ས་སྐྱའི་གྲྭ་ས་སྡེ་དགེའི་རྫོང་གསར་དགོན་དང་། རྙིང་མའི་གྲྭ་ས་རྡོ་གྲུབ་ཆེན་དགོན་སོགས་ལ་ཕེབས་ཏེ་དཔེ་ཆ་སློབ་གཉེར་མཛད། མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པ་ཆེན་པོར་གྱུར། ངོ་རྒོལ་བཞི་དང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཁོང་ལ་འཐབ་རྩོད་འདྲ་མིན་སྣ་ཚོགས་བྱས་ཏེ་མཁལ་མ་གཏོར་ནས་འོ་བརྒྱལ་ཆེན་པོ་གཟིགས་ཀྱང་ཁོང་གི་སྐུ་ཚེ་ལ་བར་ཆད་བྱེད་མ་ཐུབ། གསུང་རྩོམ་སྐོར། 《བོད་རྒྱ་ཚིག་མཛོད་ཆེན་མོ་དང་།》 《བོད་དབྱིན་ཚིག་མཛོད་ཆེན་མོ》གཉིས་ཀྱི་རྩོམ་སྒྲིག་གཞོན་པའི་ལས་འགན་བཞེས་ཤིང་། 《བོད་རྒྱ་ཤན་སྦྱར་གྱི་གེ་སར་ཚིག་མཛོད》ཀྱི་གཙོ་སྒྲིག་པའི་འགན་བཞེས། དེ་མིན་ཆེད་རྩོམ་གྱི་དེབ་《ཕུང་པོ་ལྔའི་རྣམ་བཞག》དང་། ཤེས་བྱ་ཀུན་ཁྱབ་ཀྱི་ས་བཅད་དབུ་མེད་ཁོང་གི་ཕྱག་བསྟར་མ་དེབ་གསུམ་བརྩམས། གཞན་པ་ཁོང་ལ་དཔྱད་འབྲས་ཀྱི་ཆེད་རྩོམ་ཉེ་ཆར་མཐོང་མེད།  ཁོང་ནི་ཡིག་གཟུགས་ལའང་ཆེད་མཁས་པ་ཞིག་ཡིན། ཁོང་ནི་བོད་ཀྱི་སྐད་ཡིག་དང་། རྒྱའི་སྐད་ཡིག དབྱིན་ཇིའི་སྐད་ཡིག་བཅས་ལ་མཁས་པ་ཡིན། ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་གཏོགས་བཀའ་བསྟན་དཔེ་སྡུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མི་རིགས་ཞིབ་འཇུག་ཁང་གི་དབུ་གཙོ། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པ་དང་སྐབས་དགུ་པ་གཉིས་ཀྱི་འཐུས་མི་སོགས་ཀྱི་ལས་འགན་བཞེས་མྱོང་ངོ་།།ཞོར་ཞུ་ཁོང་རྒྱལ་ཁབ་ཀྱི་ལས་འཁྱུར་ངལ་གསོ་མཛད་ནས་ལོ་དུ་མ་ཞིག་སོང་ཡོད་ནའང་སྐུ་ཉིད་ཀྱིས་སྐད་ཡིག་མང་པོ་ལ་སློབ་སྦྱོང་མཛད་རྒྱུ་དང་བོད་ཀྱི་རིག་གནས་སྐོར་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དང་སློབ་གསོ་ལ་རྒྱབ་སྐྱོར་མཛད་རྒྱུ་སོགས་ནི་མཚམས་འཇོག་གཏན་ནས་མཛད་མ་མྱོང་ངོ་།།

གོ་རོ་མ་དང་འབྲེལ་ཡོད་མི་སྣའི་མཛད་རྣམ་མདོར་བསྡུས།

མདོ་ཟླ་གསལ་དབང་མོའི་མཛད་རྣམ།

    མདོ་སྒར་ཁའི་མདོ་རིན་པོ་ཆེ་ཚང་གི་གདུང་རྒྱུད་བཙུན་མ་ཟླ་གསལ་དབང་མོ་ཚང་ནི་ཕ་ཡབ་འཇུ་མི་ཕམ་གྱི་དངོས་སློབ་ཁྲོ་རུ་འཇམ་དཔལ་གྱི་སློབ་མ་རྒུ་རུ་གསང་སྔགས་རྡོ་རྗེའམ་གསང་ལོ་དང་མ་ཡུམ་མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེའི་ལྕམ་སྲིང་ཚེ་འཛིན་དབང་མོའམ་ཚེ་འཛིན་ཚང་གཉིས་ཀྱི་སྲས་མོ་རུ་རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོ་སྟེ་སྤྱི་ལོ༡༩༢༨ལོར་མགོ་ལོག་ཁྲ་ཚང་གནས་ནང་དུ་སྐུ་འཁྲུངས།  ཁོང་གི་འཁྲུངས་ས་མགོ་ལོག་ཡིན་ནའང་རུས་ཁོང་ནི་མི་ཉག་གོ་རོ་སྡེ་པ་དངོས་རེད། ཁོང་ཆུང་དུས་ནས་དམ་པའི་རང་རྟགས་གསལ་ཞིང་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བས་བསླབ་པ་ཐམས་ཅད་ཚེགས་མེད་པར་མཁྱེན། སྐུ་ཞང་མདོ་རིན་པོ་ཆེའི་མདུན་ནས་ཐུགས་ཐིག་སྐོར་དབང་ལུང་ཁྲིད་ཅི་རིགས་མནོས། དགུང་ལོ༢༣ཐོག་ཏུ་རྫོགས་ཆེན་དུ་གྲྭ་སར་ཕེབས་ཏེ་མཁན་པོ་ཐུབ་སྙན་གྱི་མདུན་ནས་དགེ་ཚུལ་མའི་སྡོམ་པ་ཞུས་ཏེ་བླ་མའི་གཙོ་བོར་བཀུར་ཞིང་། གཞན་མཁན་མགོན་རིས་དང་། ཨ་འཛོམས་རྒྱལ་སྲས་རིན་པོ་ཆེ། མདོ་འོད་རྣམ། སྒ་པ་མཁྱེན་བརྩེ། སྤྲུལ་རང་བྱུང་། ཁྲོ་རུ་འཇམ་དཔལ། རྒུ་རུ་གསང་ལོ། མ་ཡུམ་ཚེ་འཛིན་དབང་མོ་སོགས་མཁས་གྲུབ་གཉིས་ལྡན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པས་ཐུགས་རྒྱུད་ཡོངས་སུ་སྨིན་པར་མཛད། དུས་འགྱུར་གྱི་སྐབས་སུ་ཕ་ཡུལ་མི་ཉག་གོ་རོ་མ་ལྷ་སྡེ་རུ་ཕེབས་ཤིང་། རག་ཤུལ་ཁྱིམ་ཆེན་ཞང་ཁྱིམ་ནང་དུ་ཁྱིམ་གཞིས་མཛད་དེ་བཞུགས། དུས་ངན་རླུང་ཐན་སྐབས་ཁོང་གི་དམ་པའི་རང་གཤིས་ལྷག་པར་དུ་མངོན་ཞིང་། རྟག་པར་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ཏེ། གསོ་རིག་སྨན་གྱི་འཕྲིན་ལས་སྤེལ་ནས་གཞན་ཕན་དོན་གཉེར་གྱི་མཛད་པ་ཁོ་ན་བསྐྱངས། ད་སྐབས་ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་དེབ་ཆེན་གཅིག་མ་གཏོགས་མེད།  གཞན་གསུང་རྩོམ་དེབ་མང་པོ་ཞིག་བརྩམས་ཡོད་ཀྱང་ལོ་བཅུའི་ཆག་སྒོ་བྱུང་སྐབས་གཏོར་བརླགས་ཤོར་སོང་ངོ་།།༡༩༨༡ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་གནང་སྟེ་སྨན་རྩིས་འཛིན་གྲྭར་སྨན་རྩིས་དང་སྣོད་ལྡན་མང་པོར་ཐུགས་ཐིག་གི་དབང་ལུང་ཁྲིད་ཀྱི་བཀའ་ལུང་མང་དུ་གནང་ཡོད། སྤྱི་ལོ2018ལོའི་ཟླ12པའི་ཚེས20ཉིན་སྐུ་གཤེགས་སོ།།


  • ལེ་ཚན་སྔོན་མ།:རྒྱལ་རོང་མདོ་དྲི་མེད་གྲགས་པ་འོད་ཟེར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།