རྫོང་སར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར།

བློ་གྲོས་ཕུན་ཚོགས།        2013-02-27

མཁྱེན་བརྩེ་སྐུ་ཕྲེང་གཉིས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ་པདྨ་ཡེ་ཤེས་རྡོ་རྗེ་ནི།   །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས།   །དཔལ་ལྡན་སངས་རྒྱས་པདྨ་སྐྱེས།   །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ།   །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་།   །ཆེ་བ་སངས་རྒྱས་རིགས་སྔགས་འཆང་།   །རྡོ་རྗེ་རྣོན་པོ་རལ་གྲི་ཆེ།   །ཞེས་དང་།   རྗེ་གོང་མའི་དུས་གསུམ་གྱི་རྣམ་ཐར་ཞལ་གསུང་མ་ལས་མ་འོངས་པའི་སྐབས།   །ཚེ་འདི་འཕོས་མ་ཐག་པ་ནས།   །སྤྲུལ་གཞི་རི་བོ་རྩེ་ལྔ་རུ།   །པཎ་ཆེན་བི་མའི་ཐུགས་ཀར་ཐིམ།   །སྤྲུལ་པ་ལྔ་འབྱུང་སྨོན་ལམ་མཐུས།   །རིས་མེད་བསྟན་པར་ཕན་ཅེས་གསུངས།   །ཞེས་གསུངས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་ལྔ་བྱོན་པའི་བྱེ་བྲག་ཕྲིན་ལས་ཀྱི་ཟློས་གར་དེ་མ་ཐག་པའི་མཆོག་གི་སྤྲུལ་པའི་སྐུ་སྟེ།   དམ་པ་འདི་ཉིད་ཀྱི་རྣམ་ཐར་ཞལ་གསུང་མ་ལས།   །དཔལ་ལྡན་ས་སྐྱའི་ཆོས་གྲྭ་དེ།   །ཡང་ཡང་དྲན་པས་ཚེ་སྔོན་མར།   །འཁོན་གདུང་ཞིག་ཏུ་སྐྱེས་པ་ཡི།   །བག་ཆགས་ཡད་ཡུད་དྲན་པར་གྱུར།   །མངའ་རིས་པཎ་ཆེན་ལྷ་བཙུན་ཆེ།   །ངག་དབང་བློ་བཟང་རྒྱ་མཚོ་དང་།   །ཚངས་དབྱངས་རྒྱ་མཚོ་དཔལ་མཁྱེན་སོགས།   །ཐར་ཐོར་ཙམ་ཞིག་སྐབས་རེར་དྲན།   ཞེས་གསུངས་པས་མཚོན།   སྐྱེས་པའི་རབས་ནི་རྗེ་གོང་མའི་སྐྱེས་རབས་ཀྱིས་ཞལ་གསལ་ཞིང་།   །ཁྱད་པར་སྐྱེས་རབས་གསོལ་འདེབས་ཞལ་གསུང་མ་གཞིར་བྱས་ཏེ་སྐྱེས་རབས་རྣམ་ཐར་རྒྱས་པ་རྗེ་ཉིད་ཀྱི་ཞལ་སློབ་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གིས་བསྒྲིགས་པ་སོགས་ལས་ཞལ་གསལ་བ་ལྟར་ལ།   དེའང་དམ་པ་དེ་ཉིད་ཐུན་མོང་གདུལ་བྱའི་སྣང་ངོར་ཇི་ལྟར་མཚན་དཔེ་བཞད་པའི་ཚུལ་ནི།   བདུད་འདུལ་ནུས་ལྡན་རྡོ་རྗེའི་གདུང་བརྒྱུད་ལས་བྱོན་པ་གསེར་པ་གཏེར་སྲས་འགྱུར་མེད་ཚེ་དབང་རྒྱ་མཚོ་དང་ཨ་ལྕགས་འབྲུ་ཡི་རིགས་ཨ་མདོ་གསེར་གྱི་བྱ་བྲལ་ཞེས་པའི་གྲུབ་ཐོབ་ཀྱི་རིགས་སུ་བྱུང་བ་ཚུལ་ཁྲིམས་འཚོ་ཞེས་པའི་སྲས་སུ་རབ་བྱུང་བཅོ་ལྔའི་རྣམ་རྒྱལ་ཞེས་པ་ཆུ་མོ་སྤྲུལ་གྱི་གནམ་ལོར་མདོ་སྨད་ཟལ་མོ་སྒང་གི་ཆར་ས་ཡི་མདུད་བཞི་གྲགས་པའི་བྱེ་བྲག་རེ་ཁེ་ས་ཡི་མདུད་པ་སྟེ།   ནང་གསེས་ཨ་བྱམས་ཞེས་པར་སྐུ་བལྟམས།   ཡབ་ཀྱིས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞེས་པའི་མཚན་གསོལ།   དེ་ནས་རྗེ་གོང་མའི་སྐུ་དབོན་ཀུན་གཟིགས་སི་ཏུ་རིན་པོ་ཆེས་ཀཿཐོག་གི་གདན་སར་མཁྱེན་བརྩེའི་སྤྲུལ་སྐུ་གཅིག་གནང་གྲུབ་པར་འཇམ་མགོན་བློ་གྲོས་མཐའ་ཡས་མཆོག་ལ་ཡང་ཡང་གསོལ་བ་བཏབ་པ་ལྟར།   ཀུན་གཟིགས་མཁྱེན་བརྩེའི་དབང་པོ་ཉིད་ཆོས་རྒྱལ་ཁྲི་སྲོང་གི་སྐུ་དང་།   གུ་རུ་རིན་པོ་ཆེའི་གསུང་ནམ་མཁའི་སྙིང་པོའི་ཐུགས།   བི་མ་མི་ཏྲའི་ཡོན་ཏན།   ལང་གྲོ་ལོ་ཙཱ་བའི་ཕྲིན་ལས་བཅས་གཅིག་ཏུ་བསྡུས་པའི་རྣམ་རོལ་དུ་གསུངས་པ་དང་།   ཀཿཐོག་གི་གདན་ས་མདོ་ཁམས་གནས་ཆེན་ཉེར་ལྔ་ལས་ཕྲིན་ལས་འགྲོ་འདུལ་གྱི་གནས་གཙོར་བསྔགས་ཤིང་།   ལང་གྲོའི་རྣམ་འཕྲུལ་རིག་འཛིན་ཀློང་གསལ་སྙིང་པོས་བསྟན་པ་གཞིར་བཞེངས་མཛད་པའི་རྟེན་འབྲེལ་སོགས་ཀྱིས་ཕྲིན་ལས་ཀྱི་རྣམ་འཕྲུལ་རྗེ་འདི་ཉིད་སྐུ་བདག་ཞུས་ན་བསྟན་འགྲོ་སྤྱི་སྒེར་ཡོངས་ལ་ཕན་པ་རླབས་ཆེན་འབྱུང་རྒྱུ་དང་།   དེ་ལྟ་ནའང་མཁྱེན་བརྩེའི་རྣམ་འཕྲུལ་སྔགས་སྤྱོད་ཀྱི་རྣམ་ཐར་འཛིན་པ་ཞིག་ཀྱང་འབྱུང་བར་གསུངས་ན།   འདི་ཉིད་རིག་པ་འཛིན་པའི་གདུང་རིགས་ལས་བྱོན་པ་སོགས་རིམ་གྱིས་སྔགས་སྤྱོད་ལ་ཞུགས་ནས་གནས་ཡུལ་འགྲིམས་པ་ཞིག་ཡོང་ནའང་ངེས་མེད་ལ།   །སི་ཏུ་རིན་པོ་ཆེ་རང་གི་བླ་བྲང་དེར་ཟུར་དུ་སྐུ་བདག་མཛད་པ་ལས་དགོན་པ་གཞུང་གིས་ཁྲི་སྟོན་བྱེད་པ་དང་བསྟན་པའི་འགན་བཀལ་བ་སོགས་བྱེད་མི་ཉན་ཅེས་པའི་བཀའ་བསླབ་དང་བཅས་གནང་བར་མཛད་པ་བཞིན།   དགུང་གྲངས་བདུན་གྱི་སྟེང་འཁྲུངས་གཞིས་ནས་ཀཿཐོག་རིག་འཛིན་ཀློང་གསལ་སྙིང་པོའི་གཟིམས་ཁང་རྫོང་མགོ་བཀྲ་ཤིས་ཁང་གསར་དུ་གདན་འདྲེན་ཞུས་ཏེ་དེར་བཞུགས་སྟན་འཁོད།   ཆོས་སྡེ་དེར་གསན་བསམ་གྱི་རིགས་ལ་ཐུགས་བརྩོན་རྒྱ་ཆེར་གནང་བཞིན་པའི་སྐབས་རྩ་བའི་གདན་ས་རྫོང་སར་དུ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་ངོས་འཛིན།   ཀརྨ་པ་མཁའ་ཁྱབ་རྡོ་རྗེས་མཚན་གསོལ་གནང་བའི་མཆོག་སྤྲུལ་བསྟན་བདག་ཏུ་མངའ་གསོལ་བ་དེ་བློ་བུར་དུ་སྤྲུལ་པ་བསྡུས་སོང་བ་དང་།   རྗེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཉིད་འཇམ་མགོན་རིན་པོ་ཆེས་ངོས་འཛིན་གནང་ཞིང་སྐུ་ཆུང་ངུ་ནས་དམ་པའི་རྣམ་ཐར་མཐའ་དག་ཡོངས་སུ་རྫོགས་པའི་དབང་གིས་གོང་མའི་སྐུ་དབོན་མཛོད་སྐལ་བཟང་རྡོ་རྗེས་སི་ཏུ་རིན་པོ་ཆེ་ལ་ཐ་ཚིག་གནད་བཀར་གྱི་ཚུལ་དུ་གདན་ས་ལྟེ་བ་རྫོང་སར་དགོན་དུ་བཞུགས་འགོད་དགོས་པ་ནན་ཆེར་ཞུས་བཞིན་དུ།   དགུང་གྲངས་བཅོ་ལྔའི་སྟེང་རྫོང་སར་བཀྲ་ཤིས་ལྷ་རྩེའི་འོག་མིན་བླ་མའི་བཞུགས་གནས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ཏུ་རིས་བྲལ་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད།   དེ་ནས་རྗེ་གོང་མའི་རྣམ་ཐར་རྗེས་སུ་འཛིན་པས་ཐོག་མར་བསྟན་པའི་འཇུག་སྒོ་སྡོམ་པ་གསུམ་གྱི་བསླབ་པ་ཇི་ལྟར་བཞེས་ཚུལ་ནི།   དགུང་གྲངས་བཅུར་ཕེབས་སྐབས་ཀུན་གཟིགས་དྷརྨ་སཱ་ར་སོགས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས།   དགུང་ལོ་ཉེར་དྲུག་ཐོག་རུ་དམ་ཨོ་རྒྱན་བསམ་གཏན་གླིང་དུ་མཁན་ཆེན་འཇིགས་མེད་པདྨ་བློ་གསལ་སོགས་ལས་བསྙེན་པར་རྫོགས།   ཕྱིས་སུ་དགུང་གྲངས་སོ་ལྔའི་སྟེང་དབུས་ཕེབས་ཐོག་མའི་སྐབས་རྗེ་གོང་མའི་ཕྱག་བཞེས་ལྟར་ཨོ་རྒྱན་སྨིན་གྲོལ་གླིང་དུ་མཁན་ཆེན་ངག་དབང་ཐུབ་བསྟན་ནོར་བུ་སོགས་ལས་སློབ་བཅུ་ཚོགས་ཀྱི་ཞལ་སྔ་ནས་བསྙེན་རྫོགས་སྐྱར་ཏེ་བཞེས་པས་སོ་ཐར་གྱི་སྡོམ་པ་བཞེས།   ཀཿཐོག་སི་ཏུ་རིན་པོ་ཆེ།   མཁན་ཆེན་ཀུན་བཟང་དཔལ་ལྡན།   འཇམ་དབྱངས་བློ་གཏེར་དབང་པོ།   ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ།   སྒ་སྟོན་ངག་དབང་ལེགས་པ་སོགས་ལས་ཐེག་ཆེན་ལུགས་གཉིས་ཀྱི་ཐུགས་བསྐྱེད་བཞེས།   རྡོ་རྗེ་ཐེག་པར་དབང་གི་དག་བྱ་དག་བྱེད་ཀྱི་གོ་དོན་ངོ་འཕྲོད་པས་རྒྱུད་སྡེའི་དབང་ཆེན་ཞིག་ལ་ངོས་འཛིན་དགོས་པས།   ཀཿཐོག་སི་ཏུ་པཎ་ཆེས་ལས།   སྔ་འགྱུར་བཀའ་མའི་སྒྱུ་འཕྲུལ་ཞི་ཁྲོ།   ལུང་ཨ་ནུ་ཡོ་ག་ཚོགས་ཆེན་འདུས་པ།   མན་ངག་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་བཅས་ཀྱི་དབང་བཀའ་ཡོངས་རྫོགས་བཞེས།   རྫོང་སར་རྡོར་འཛིན་བླ་མ་བྷོ་དྷི་བྷ་དྲ་ལས་ཀྱེ་རྡོར་མན་ངག་ལུགས་ཀྱི་རྒྱུ་ལམ་གྱི་དབང་གསན་པ་དང་།   དཔོན་སློབ་བློ་གཏེར་དབང་པོ་དང་།   འཇམ་མགོན་ངག་དབང་ལེགས་པ་རྣམ་གཉིས་མདུན་གསུང་ངག་ལམ་འབྲས་དང་འབྲེལ་རྡུལ་ཚོན་ལ་བརྟེན་པའི་དཔལ་ཀྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང་བསྐུར་གསན་པས་མཚོན།   གསང་ཆེན་རྡོ་རྗེ་ཐེག་པའི་སྡོམ་པ་བཞེས་ནས་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་གྱུར་ཅིང་།   དེ་ལྟར་སྡོམ་པ་གསུམ་དང་འབྲེལ་བའི་བསླབ་པའི་གནས་ཆེ་ཕྲ་ཐམས་ཅད་ལས་ཅུང་ཟད་ཀྱང་འདའ་མ་མྱོང་བས་ཀུན་གྱི་མིག་རྒྱན་དུ་གྱུར་པ་ཡོད།   རིས་སུ་མ་ཆད་པའི་མཁས་གྲུབ་དུ་མར་བསྟེན་ཏེ་གསན་བསམ་གྱི་ཕ་མཐར་སོན་པའི་ཚུལ་ནི།   སྔར་འཁྲུངས་གཞིས་སུ་བཞུགས་སྐབས་དགུང་ལོ་དྲུག་སྟེང་ནས་ཞང་པོ་བླ་མ་དགེ་ལེགས་ཀྱི་མདུན་ལྗགས་ཀློག་བསླབ་པས་ཡིག་དཀར་ནག་བླ་མ་དགོངས་འདུས་ཀྱི་ཆོས་སྤྱོད་ཡན་ལག་བདུན་པ་དང་མཎྜལ་བཅས་ཚེགས་མེད་མཁྱེན།   ཕྱིས་ཀཿཐོག་གདན་སར་འཁོད་ནས་རྗེ་སི་ཏུ་རིན་པོ་ཆེའི་ཡོངས་འཛིན་མཁན་ཆེན་ཐུབ་བསྟན་རིག་འཛིན་རྒྱ་མཚོ་རྗེ་ཉིད་ཀྱི་ཡོངས་འཛིན་དུ་བཞག་པའི་མདུན་ལྗགས་ཀློག་ཕྱག་བྲིས་ནས་བརྩམས་ལོ་གཅིག་ལྷག་རིང་ཀཿཐོག་གི་སྒྲིག་འདོན་པུ་སྟི་བཅུ་སྐོར་བློར་འཛིན་བྱང་ཆུབ་པར་ཀུན་གཟིགས་སི་ཏུ་རིན་པོ་ཆེ་ལ་རྒྱུག་འབུལ་ཞུས།   དགུང་ལོ་བཅུ་པ་ནས་ཡོངས་འཛིན་དེ་ཉིད་ལས་སུམ་རྟགས་དབྱངས་ཅན་སྒྲ་མདོ།   སྐར་རྩིས་བཅས་དང་།   དཔལ་ཡུལ་བླ་མ་ཤེར་འོད་ལས་སྒྲ་ཀ་ལཱ་པ།   དཔལ་ཡུལ་བླ་མ་ཤེར་འོད་ལས་སྒྲ་ཀ་ལཱ་པ།   མཁས་དབང་བཀྲ་ཤིས་ཆོས་འཕེལ་ལས་སྙན་ངག།   བླ་སྨན་ཨ་ཚང་ལས་གསོ་རིག་རྒྱུད་བཞི་དང་།   དངུལ་བཙོ་རིན་ཆེན་རིལ་བུ་ཁག་བཅས་ཀྱི་ཕྱག་ལེན།   མཁན་ཆེན་ཀུན་དཔལ་ལས་ཚད་མ་རྣམ་འགྲེལ་སོགས་དང་།   ནང་དོན་རིག་པའི་སྐོར།   ཀཿཐོག་སི་ཏུ་པཎ་ཆེན།   མཁན་ཆེན་ཀུན་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ།   ཀཿཐོག་མཁན་བླ་མ་བསྟན་བཟང་།   མཁན་ཨ་ཀ་རིན་པོ་ཆེ།   མཁན་སྐལ་བཟང་དབང་ཕྱུག་སོགས་ལས་སྤྱོད་འཇུག།   སྡོམ་གསུམ་རྣམ་ངེས་རྩ་འགྲེལ།   ཡོན་ཏན་མཛོད་རྩ་འགྲེལ།   ཡིད་བཞིན་མཛོད་རྩ་འགྲེལ།   བྱམས་ཆོས་སྡེ་ལྔ།   འདུལ་བ་མདོ་རྩ་དང་མེ་ཏོག་ཕྲེང་རྒྱུད།   །ཀཱ་རི་ཀཱ་ཆེ་ཆུང་དང་སོར་མདོ་བཅས།   དབུ་མ་རིགས་ཚོགས་ལྔ་དང་།   དབུ་མ་རྒྱན།   མངོན་པ་གོང་འོག།   སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་བཀའ་ལུགས་ཡོངས་རྫོགས་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་བཤད།   མི་ཕམ་དུས་འཁོར་འགྲེལ་ཆེན་སྟེང་ཞིབ་ཁྲིད།   བདེ་མཆོག་རྩ་རྒྱུད་དང་གུར་སམ་རྒྱུད་བཤད་མཁྱེན་བརྩེའི་ཉེ་བརྒྱུད་ཅན་སོགས་དང་།   གསང་བདག་བློ་གཏེར་ཞབས་ལས་སྤྱི་ལྗོན་བརྟག་གསུམ་སོགས་ཀུན་ཏུ་དགོས་པའི་གཞུང་བདུན།   གནས་གསར་བཀྲ་འཕེལ་ལས་ཕུར་པ་རྩ་དུམ།   རྔོག་ལུགས་ཀྱེ་རྡོར་རྒྱུད་བཤད།   དབོན་སྟོད་མཁན་རིན་པོ་ཆེ་མཁྱེན་རབ་མདུན་དུས་འཁོར་བསྡུས་རྒྱུད་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་ཁྲིད་སོགས་ཀྱིས་མཚོན་བཤད་རྒྱུན་འདེགས་པའི་བཀའ་ཆེན་བཅུ་ལས་བརྒྱུད་པའི་མདོ་སྔགས་ཀྱི་གཞུང་བཤད་ཕལ་མོ་ཆེ་གསན།   དེ་དག་ལས་འདུལ་བ་མེ་ཏོག་ཕྲེང་བརྒྱུད་དང་མདོ་རྩ།   སོར་མདོ་དང་དགེ་ཚུལ་གྱི་ཀཱ་རི་ཀཱ་ཆེ་ཆུང་།   མངོན་པ་གོང་འོག་ཤེར་ཕྱིན་མངོན་རྟོགས་རྒྱན།   དབུ་མ་རྩ་འཇུག་བཞི་གསུམ།   དབུ་མ་རྒྱན།   སྤྱོད་འཇུག།   སྒྱུ་འཕྲུལ་གསང་སྙིང་།   ཀྱེ་རྡོར་བརྟག་གཉིས་བཅས་རྒྱ་གཞུང་དང་།   ཡིད་བཞིན་མཛོད་སྡོམ་གསུམ་རྣམ་ངེས།   ཡོན་ཏན་མཛོད།   མཁས་འཇུག་སོགས་བོད་གཞུང་བཅས་སོ་སོའི་རྩ་བ་དང་ས་བཅད་ཐུགས་འཛིན།   འགྲེལ་པ་ལ་གཟིགས་རྟོགས་ཀྱིས་བཀའ་གནད་དོགས་དཔྱོད་གོ་དོན་རྒྱུག་འབུལ།   བརྒལ་བརྟགས་ཀྱི་དམ་བཅའ་ཕེལ་ངེས་མཛད།   སྤྱིར་དམ་པ་འདི་ཉིད་སྔོན་གྱི་བག་ཆགས་ལྟ་བུའི་བསྡུས་ཚད་ཀྱི་རིགས་པ་ལ་ཤིན་ཏུ་མཉེས་ཤིང་བློ་གསལ་དག་མདུན་དུ་ཕྱིན་པ་ཙམ་གྱིས་དེ་ཉིད་གང་ལ་འདྲིས་ཆ་ཆེ་བའི་གཞུང་ལས་བརྩམས་ཏེ་རྩོད་པ་གནང་ཞིང་བརྒལ་བརྟག་མཛད་པ་ཞིག་ཡིན་ལ།   དེ་ཡང་ཇི་ལྟར་ཞལ་བཞེས་གནང་བ་ལུང་དང་རིགས་པས་བརྒལ་བརྟགས་ཇི་ཙམ་བྱས་ཀྱང་གཏིང་ཇེ་ཟབ་དང་།   སྒྲུབ་བྱེད་ཀྱི་རིགས་པ་རྣོ་མྱུར་ཐོགས་མེད་དུ་མངའ།   ཁྱད་པར་རིས་སུ་མ་ཆད་པའི་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་དང་མན་ངག་གི་སྨིན་གྲོལ་གྱི་གདམས་པ་ཇི་ལྟར་གསན་པའི་ཚུལ་ནི།   ཀུན་གཟིགས་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས་མདོ་སྒྱུ་སེམས་གསུམ་བཀའ་མའི་སྐོར།   རྙིང་མ་རྒྱུད་འབུམ་གྱི་ལུང་།   སྙིང་ཐིག་ཡ་བཞི་སོགས་ཆོས་བཀའ་རྒྱ་ཆེར་གསན།   དཔོན་སློབ་བློ་གཏེར་རིན་པོ་ཆེ་ལས་གསུང་ངག་ལམ་འབྲས་སློབ་བཤད།   རྒྱུད་སྡེ་ཀུན་བཏུས་རྣལ་འབྱོར་རྒྱུད་ཡན་སོགས་གསན།   ལམ་འབྲས་ཀུན་གཞི་རྒྱུ་རྒྱུད་ཀྱི་ལྟ་བ་འཁོར་འདས་དབྱེར་མེད་སྐབས་དོན་གྱི་ཡེ་ཤེས་ཐུགས་རྒྱུད་ལ་འཁྲུངས་པར་གསུངས་པས་ཐུན་མིན་བླ་མར་འཛིན།   རྒྱུད་སྡེའི་འཕྲོ་ཐར་རྩེ་ཞབས་དྲུང་བྱམས་པ་ཀུན་བཟང་བསྟན་ཉི་ལས་གསན།   ཡབ་རྗེ་འགྱུར་མེད་ཚེ་དབང་རྒྱ་མཚོ་ལས་རིན་ཆེན་གཏེར་མཛོད་དང་།   མཆོག་གླིང་གཏེར་ཆོས་སྐོར་ཡོངས་རྫོགས་གསན།   དགོན་ཆེན་མཁན་རྒན་བསམ་གཏན་བློ་གྲོས་ལས་སྒྲུབ་ཐབས་ཀུན་བཏུས་སོགས་གསན།   རྡོ་གྲུབ་བསྟན་པའི་ཉི་མ་ལས་ཀློང་ཆེན་སྙིང་ཐིག་སྐོར་ཡོངས་རྫོགས་ཡེ་ཤེས་བླ་མ་སྨིན་ཁྲིད་སོགས་གསན།   ཞེ་ཆེན་རྒྱབ་ཚབ་པདྨ་རྣམ་རྒྱལ་མདུན་གདམས་ངག་མཛོད་དང་བྱང་གཏེར་སོགས་རྒྱ་ཆེར་གསན།   །སྒ་སྟོན་ངག་དབང་ལེགས་པ་ལས་གསུངས་ངག་ལམ་འབྲས་དང་མགོན་པོའི་སྐོར་སོགས་དང་།   ཐར་ལམ་ངག་དབང་བརྟན་པ་ལས་རྒྱལ་བཀའ་རིན་པོ་ཆེའི་ལུང་སོགས་ཀྱིས་མཚོན།   རྣམ་ཐར་ཞལ་གསུང་མ་ལས།   །མདོར་ན་ཡོངས་འཛིན་བརྒྱད་ཅུ་ལྷག།   བསྟེན་ནས་དམ་ཆོས་རྒྱ་ཆེར་ཐོབ།   །བོད་ཡུལ་ཤིང་རྟ་ཆེ་བརྒྱད་པོ།   ཀུན་ལ་དག་སྣང་ཆེར་བསྐྱེད་ཅིང་།   །ལོག་རྟོག་སྒྲིབ་པས་མ་གོས་ཤིང་།   གཤེ་སྐུར་གྲུབ་མཐའི་ཕྱོགས་འཛིན་སྤངས།   དབང་ཁྲིད་མན་ངག་རྒྱུད་ལུང་རྣམས།   །རྒྱུན་བཞུགས་ཐམས་ཅད་འབད་པ་ཆེས།   །ཉན་དང་མཉན་པར་འགྱུར་བར་སྨོན་ཞེས་གསུངས་པ་ལྟར་རྗེ་འདི་ཉིད་རིགས་རུས་གོ་གནས་ཐོབ་འབྱོར་གྱིས་དྲེགས་པས་རང་ལས་དམན་པའི་བླ་མ་ལ་ཆོས་ཀྱི་ཡོན་ཏན་ཇི་ཙམ་ཡོད་ཀྱང་ཆེ་བ་ཉམས་ཀྱི་དོགས་པས་བླ་མར་བསྟེན་མི་སྤོབས་པ་དང་།   །རང་ཉིད་ཡོན་ཏན་ཅན་དུ་རློམས་པའི་རྒྱུད་ཁེངས་པས་དག་སྣང་གི་མིག་འགྲིབ་ནས་གང་ཟག་སུ་ལའང་ཡོན་ཏན་ཇི་ཙམ་ཆེ་ཡང་འདུད་པར་མི་བྱེད་པ་དང་།   རང་ལུགས་ཁོ་ནར་ཞེན་ཕྱོགས་ཀྱིས་གྲུབ་མཐའ་ཆོས་བརྒྱུད་གཞན་གྱི་བརྒྱུད་འཛིན་ལ་ཡོན་ཏན་ཛི་ཙམ་ཡོད་ཀྱང་ངོ་མཚར་དུ་མི་འཛིན་པས་དོན་དུ་མི་གཉེར་བ་གལ་ཆུང་ཆོས་ལ་བྱས་ནས་བཞག་པ་མ་ཡིན་པར་གངས་རིའི་ཁྲོད་ཀྱི་ཐུབ་བསྟན་རིན་པོ་ཆེ་ཡིན་ནོ་ཅོག་སོ་སོའི་ཆོས་རྒྱུན་ཁུངས་དང་འབྲེལ་ངེས་པ་རྣམས་ཕྱོགས་རིས་དང་ཆོག་ཤེས་མེད་པ་དུས་རྟག་ཏུ་འབད་པ་ཆེན་པོས་སྐྱོ་དུབ་མི་མངའ་བའི་དབང་གིས་མང་དུ་ཐོས་པ་རྒྱ་མཚོའི་ཕ་མཐར་སོན་པ་སྟེ།   །རྗེ་གོང་མའི་རྣམ་ཐར་བཞིན་གཙུག་ནོར་བརྒྱད་ཅུ་ལྷག་བསྟེན་ནས་རེ་རེ་བཞིན་ཇི་ལྟར་བཞེས་པའི་ཚུལ་གསན་ཡིན་ཆེན་མོ་པོད་བཞི་དང་།   རྣམ་ཐར་ཆེན་མོ་ལས་ཀྱང་ཅུང་ཟད་འབྱུང་བ་རྣམས་སུ་གསལ་ཞིང་།   འདིར་མཚོན་ཙམ་ལས་སྤྲོ་བར་མ་ནུས་སོ།   །དེ་དག་གསན་པ་ཙམ་དུ་མ་བཞག་པར་སྒོམ་པས་ཉམས་སུ་ལེན་པའི་ཚུལ་ཡང་།   དམ་པ་འདི་ཉིད་སྐུ་ཆུང་ངུ་ནས་བསྙེན་སྒྲུབ་ཅུང་གནང་མཛད་ནའང་གཙོ་ཆེར་དགུང་གྲངས་དྲུག་ཡན་ནས་བཞི་བཅུ་སྐོར་བར་ཐོས་པ་ཁོ་ན་གཙོར་འདོན་མཛད་ཅིང་།   དགུང་གྲངས་བཞི་བཅུ་ནས་རེ་གསུམ་བར་ཐེམ་སྤངས་ཀྱི་ཚུལ་དུ་ཕལ་ཆེར་སྐུ་མཚམས་བཅད་རྒྱ་གནང་ལ།   དེ་དག་གི་རིང་སྔ་རྗེས།   ངོར་པའི་ཕྱག་བཞེས་ཀྱེ་རྡོར་གཞི་བསྙེན་སྔོན་དངོས་རྗེས་ཚང་ཞིབ་རྒྱས།   འཁོན་ལུགས་ཕུར་པའི་གཞི་བསྙེན་ཤིན་ཏུ་ཟབ་རྒྱས།   གསང་འདུས་འཇམ་རྡོར།   ཚར་ལུགས་འཇིགས་བྱེད།   ནཱ་རོ་མཁའ་སྤྱོད་ཀྱི་ལྗགས་བསྙེན།   མགོན་པོ་གུར་གྱི་སྲུང་བ་བྲག་རྫོང་མ་ཐེངས་གསུམ།   མགོན་པོའི་ནང་གསང་སོགས་དང་འབྲེལ་བའི་ཡི་གེ་བདུན་པ་འབུམ་བརྒྱད་ཅུ་ལྷག།   མགོན་པོ་ཞལ་བཞི་པའི་གསང་སྒྲུབ།   དེའི་ཚེ་སྒྲུབ་ཞག་བདུན་མ་དང་།   དཀར་པོ་ཚེ་འཕེལ་སོགས།   རས་ཆུང་སྙན་བརྒྱུད་ཀྱི་བདེ་མཆོག་ལྷན་སྐྱེས་ཡབ་བཀའ་ཡུམ་བཀའ་གཉིས།   ཤངས་ཆོས་རྒྱུད་སྡེ་ལྷ་ལྔ་མདོར་བསྡུས་དང་ལྷ་བཞི་དྲིལ་སྒྲུབ།   ཕྱག་དྲུག་མཐིང་གའི་བླ་རྣམ་སོགས།   །སྒྲུབ་བཏུས་ཁོངས་ནས་བྱ་རྒྱུད་རིགས་གསུམ་སྤྱི་དཀྱིལ་གྱི་བསྙེན་པ་རྒྱས་པ།   མི་ཏྲའི་ཚེ་དཀར།   བ་རི་ལུགས་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས།   ས་མནྟ་ཤྲཱིའི་དབྱངས་ཅན་མ་དཀར་མོ་སྟེ་དཀར་པོ་ལྷ་གསུམ་དང་།   གྲུབ་རྒྱལ་ཚེ་དཔག་མེད།   བ་རིའི་རྣམ་རྒྱལ་དཀར་མོ།   སྒྲ་མི་སྙན་གྱི་ཚེ་སྒྲུབ།   ཚེ་ལྷ་རྣམ་གསུམ་ལ་བསྟེན་པའི་བླ་མའི་རྣལ་འབྱོར།   འཇམ་དཔལ་བསྟོད་སྒྲུབ།   མ་ཏིའི་འཇམ་དཀར།   དམ་པའི་ལུགས་ཀྱི་སྨྲ་སེང་།   དབྱངས་ཅན་དཀར་མོ་ཕུར་བུའི་ལུགས།   དབྱངས་ཅན་དམར་མོ་བིཀྵ་པ་རིའི་ལུགས།   ཀངྐ་དཏྟའི་ལུགས་ཀྱི་ཕག་དཀར།   མི་གཡོ་བ་དཀར་པོ་དཱ་ན་ཤཱི་ལའི་ལུགས།   ཇོ་ལུགས་སྒྲོལ་དཀར།   ཉི་སྦས་ལུགས་ཀྱི་རྩ་བའི་སྒྲོལ་ལྗང་།   གསེར་ཆོས་འཇམ་ནག་དང་ཁྱུང་ཁྲ།   རིགས་བྱེད་མ་བཅས།   །ཕྱག་རྡོར་འབྱུང་འདུལ་དང་།   ཨུ་ཙརྱ།   མདོ་ལུགས་གོས་སྔོན་ཅན་བཅས།   སྐྱེས་སྒང་རྟ་མགྲིན།   རྣམ་འཇོམས་བ་རི་ལུགས།   སྨེ་བརྩེགས་ཇོ་བོ་ལུགས།   གྲྭ་མངོན་ཛཾ་དམར།   ཤངས་པའི་གསེར་ཆོས་ཕྱག་དྲུག་དཀར་པོ་བཅས།   །གདུགས་དཀར་མཆོག་གྲུབ་མ་ཁྲི་ཚར་སྐོར་ཞལ་འདོན་གནང་བ་སོགས་གསར་ཕྱོགས་གཙོ་ཆེ་བ་དང་།   རིགས་ཐམས་ཅད་ཀྱི་ཁྱབ་བྱེད་བཀའ་གཏེར་ཟུང་འབྲེལ་སྨིན་ལུགས་རྡོར་སེམས་ཐུགས་ཀྱི་སྒྲུབ་པ།   ཡང་གཏེར་རྩ་གསུམ་དྲིལ་སྒྲུབ།   ཆོས་དབང་བླ་མ་གསང་འདུས་བསྙེན་ཆེན།   རཏ་གླིང་ཚེ་སྒྲུབ་གསང་འདུས།   མཁའ་འགྲོ་ཡང་ཏིག་གི་བྱིན་རླབས་བླ་སྒྲུབ།   འཕྲེང་གཏེར་གྲོལ་ཏིག་གི་བླ་སྒྲུབ་གདུང་བ་ཞི་བྱེད།   འཇའ་ཚོན་དཀོན་མཆོག་སྤྱི་འདུས།   ལྔ་པའི་རྒྱ་ཅན་ཆོས་སྡེ་ཚེ་སྒྲུབ་དྭངས་མ་བཅུད་འདྲེན།   །ཀློང་སྙིང་བླ་མ་རིག་འཛིན་འདུས་པ།   རྗེ་མཁྱེན་བརྩེ་དང་མཆོག་གླིང་ཟུང་གི་གཏེར་ཆོས་ཕྱི་སྒྲུབ་བར་ཆད་ཀུན་སེལ།   དེའི་སྒོས་སྒྲུབ་ནས་རིག་འཛིན་རྒྱལ་བའི་གདུང་འཛིན།   ནང་སྒྲུབ་བསམ་པ་ལྷུན་གྲུབ་བཅས།   འཇམ་མགོན་རིན་པོ་ཆེ་དང་མཁྱེན་བརྩེ་ཟུང་གི་ཆོས་བཀའ་གསང་ཐིག་བླ་སྒྲུབ།   ཀློང་སྙིང་ཡང་གསང་བླ་སྒྲུབ་ཐིག་རྒྱ།   གྲུབ་ཐོབ་ཐུགས་ཏིག་གི་བླ་སྒྲུབ།   རྒྱ་ཅན་གྲོ་ལོད་དང་།   ཀརྨ་གུ་རུ།   སྨིན་གཏེར་དྲག་དམར།   གནམ་ཆོས་གུར་དྲག་ཕུར་ཤམ་ཅན།   ཀློང་གསལ་གཏུམ་དྲག་དམར་ནག།   ཀློང་སྙིང་བླ་མ་དྲག་པོ་དཔལ་ཆེན་འདུས་པ་དང་།   དྲག་པོ་རྟ་ཁྱུང་བཅས།   ཐུགས་སྒྲུབ་གྲོ་ལོད།   འཇམ་མགོན་གྲོ་ལོད་གསང་སྒྲུབ་བཅས།   ཉང་གཏེར་བཀའ་བརྒྱད་བདེར་འདུས་བསྙེན་ཆེན།   ཡང་གཏེར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བསྙེན་སྒྲུབ་གཟབ་སྤྲོས་སྒྲུབ་ཆེན་སྨན་སྒྲུབ་དང་འབྲེལ་བ།   གྲུབ་ཐོབ་ཐུགས་ཐིག་བཀའ་བརྒྱད་ཁྲག་འཐུང་འདུས་པ།   ཐུགས་སྒྲུབ་བླ་མ་སྨྲ་སེང་།   རྒྱུད་ལུགས་འཇམ་དཔལ་ཞི་བའི་བསྙེན་ཆེན།   བྱང་ལུགས་ཞང་ཁྲོམས་གཤིན་རྗེ་ཚེ་བདག་གཞི་བསྙེན།   སྙན་བརྒྱུད་གཤིན་རྗེ་ཐེངས་གཉིས།   འོད་གསལ་སྙིང་ཐིག་གི་འཇམ་དཔལ་འཆི་བདག་ཟིལ་གནོན།   ཐུགས་སྒྲུབ་ཕ་རོལ་རྒོལ་འཇོམས་ལན་གཉིས།   གྲོལ་ཏིག་ཡང་བཟློག།   རིན་ཆེན་གླིང་པའི་ནཱ་ག་རཀྴ་བཅས།   བྱང་གཏེར་ཚེ་སྒྲུབ་ལྕགས་སྡོང་མ།   ཐུགས་སྒྲུབ་ཚེ་དམར།   ཐུགས་ཆེན་ཡང་སྙིང་འདུས་པ།   འཁོར་བ་དོང་སྤྲུགས།   ཡང་གཏེར་རྟ་མགྲིན་དྲེགས་སྒྲོལ།   གནམ་ལྕགས་མེ་འཁོར།   གཉེན་པོ་ལྷ་ལྔ།   རྒྱ་ཅན་རྟ་མགྲིན་ཁམས་གསུམ་ཟིལ་གནོན།   སྙན་བརྒྱུད་རྟ་མཆོག་རོལ་པ་བཅས།   སྙན་བརྒྱུད་ཡང་དག་ཟབ་ཏིག།   ཡང་ཕུར་སྦྲགས་མ།   ཡང་གཏེར་ཕྱག་རྡོར་རྡོ་རྗེ་མེ་འབར།   ཀློང་གསལ་ཕྱག་རྡོར།   ཐུགས་སྒྲུབ་ཕྱག་རྡོར་རྡོ་རྗེ་བེ་ཅོན།   གཡུ་ཐོག་སྙིང་ཐིག་བླ་སྒྲུབ།   སྨན་བླ་ལོངས་སྐུ་ཟུར་མཁར་ལུགས།   བླ་སྒྲུབ་བྱིན་རླབས་སྙིང་པོ་བཅས།   ཆོས་དབང་ཕུར་པ་ཡང་གསང་སྤུ་གྲི།   རཏ་གླིང་ཕུར་པའི་གསང་སྒྲུབ།   བདུད་འདུལ་ཕུར་པའི་གསང་སྒྲུབ།   ཀློང་སྙིང་ཕུར་པ་བདུད་དཔུང་ཟིལ་གནོན།   སྙན་བརྒྱུད་ཕུར་པ།   འོད་གསལ་སྙིང་ཐིག་གི་ཕུར་པ་འདུས་པའི་དྲིལ་སྒྲུབ།   མཆོག་གཏེར་ཟབ་བདུན་ཕུར་པ་དང་།   དེའི་རྣོ་སོ་ཁྲོ་རྒྱལ་སྟོབས་འདུས།   གསང་ཐིག་ཕུར་པ་ཐེངས་གཉིས་བཅས།   ཉང་གཏེར་ཁྲོས་ནག།   ཆོས་དབང་སྒྲོལ་དཀར།   རྒྱ་ཅན་སྒྲོལ་དཀར་ཡིད་བཞིན་ནོར་མཆོག།   ཀློང་སྙིང་ཡུམ་བཀའ་བདེ་ཆེན་རྒྱལ་མོ།   ཡང་གཏེར་མཁའ་འགྲོ་གསང་འདུས་དཀྱིལ་འཁོར་ཡོངས་རྫོགས་ལ་བརྟེན་པའི་བསྙེན་སྒྲུབ་སྦྲགས་མ་དང་།   རྒྱུན་ཁྱེར་ལ་བརྟེན་པའི་བསྙེན་རྐྱང་།   དེའི་ཞི་རྒྱས་དབང་གསུམ་གྱི་ཕག་མོ།   ཞིག་གླིང་སྒྲོལ་དཀར།   རྒྱ་ཅན་གསང་སྒྲུབ་སེང་གདོང་མ།   ཇོ་ལུགས་སྒྲོལ་དཀར་བརྒྱུད་པ་གསུམ་ལྡན་འཇིགས་གླིང་ལ་བཀའ་བབས་པ།   ཐུགས་སྒྲུབ་སྒྲོལ་ལྗང་།   མཆོག་གཏེར་བི་མ་ལའི་སེང་གདོང་།   ཡང་གཏེར་ཞི་བྱེད་གདུགས་དཀར།   རྨ་བྱ་ཆེན་མོ།   ཀློང་གསལ་ཛཾ་སེར།   དག་སྣང་ཚེ་ཡུམ་མཎྜ་ལཱི་ཐེངས་གསུམ།   དགོངས་གཏེར་ཕག་དཀར་ཤེས་རབ་གསལ་བྱེད།   ཡང་གཏེར་ངོ་རོང་ཟོམ་པདྨ་མཁའ་འགྲོ།   བྱང་ལུགས་ཀིང་དམར།   དམ་གྲིབ་ཉེས་སེལ།   ཐུགས་སྒྲུབ་སྨེ་བརྩེགས།   དག་སྣང་མི་ཏྲའི་ཚེ་དཔག་མེད་དཀར་དམར་གཉིས།   ཡང་གཏེར་དྲང་སྲོང་དྲི་མེད་ཞི་བའི་ཚེ་སྒྲུབ།   དགོངས་གཏེར་འཕགས་མའི་སྙིང་ཐིག་ལན་གསུམ།   གླིང་གཏེར་ཚེ་ཡུམ་ཙཎྜ་ལཱི།   རྒྱ་ཅན་དམག་ཟོར་ཞི་བའི་ཚེ་སྒྲུབ།   ཉང་གཏེར་ཕྱག་བཞི་པ་དཀར་པོ་ཚེ་འཕེལ་བཅས་ལ་དུས་གྲངས་མཚན་མ་ཅི་རིགས་པའི་ལྗགས་བསྙེན་གནང་བ་འདི་དག་དགུང་གྲངས་ང་དྲུག་བཞེས་པ་ཡན་གཙོ་བོར་རྣམ་ཐར་ཞལ་གསུང་མ་ལས་འབྱུང་བཞིན་བཀོད་པ་ཡིན་ནོ།   །དེ་ལྟར་ཐུགས་ཉམས་སུ་བཞེས་པས་ཐུན་མོང་ནང་གི་དྲོད་རྟགས་ཇི་ལྟར་མངའ་བའི་ཚུལ་སོ་སོའི་སྐྱེ་བོའི་བློ་ཡི་སྤྱོད་ཡུལ་ལས་རིང་དུ་བརྒལ་ཀྱང་།   ཐུན་མོང་གདུལ་བྱའི་མཐོང་སྣང་མཐུན་པར་འཇིག་རྟེན་ཚུལ་མཐོང་གི་མཛེས་ཆོས་ཙམ་དུ་མ་ཡིན་པ་རྗེ་འདི་ཉིད་ཀྱི་སྐུ་ཚེ་ཧྲིལ་པོར་ཐོས་བསམ་སྒོམ་གསུམ་དང་རྒྱལ་བསྟན་སྙིང་པོའི་རྩ་ལག་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་སྒོ་དུ་མ་ནས་སྤེལ་བར་མཛད་པ་ནི་དམ་པའི་རིགས་ཅན་ངེས་པའི་ཐུན་མོང་མ་ཡིན་པའི་མངོན་རྟགས་དངོས་ཡིན་ལ།   །མེ་སྤྲེལ་ས་ཟླའི་ཚེས་ཉེར་ལྔར་ཁྲ་འབྲུག་གི་གཙུག་ལག་ཁང་དུ་ཚོགས་དང་མཆོད་པ་གཟབ་རྒྱས་ཀྱིས་ཁྱམས་སྟོད་སྟེགས་བུར་རས་བྲིས་ལ་བརྟེན་པའི་ཡང་གཏེར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་སྒྲུབ་མཆོད་དང་འབྲེལ་རབ་ཏུ་གནས་པའི་ཆོ་གས་ནང་གི་ལྷ་ཁང་ཆེ་ཕྲ་ཚང་མ་དང་།   ཕྱི་རོལ་དུ་གླིང་སྐོར་གྱི་མཆོད་རྟེན་ཁག་བཅས་ལ་ཁྲུས་གསོལ་དང་རབ་གནས་མེ་ཏོག་འཐོར་བ།   མཆོག་གི་ལས་སྦྱོར་བདུད་རྩི་སྨན་སྒྲུབ།   ཐུན་མོང་དུ་ཚེའི་སྒྲུབ་པ།   དྲག་པོའི་ལས་སྦྱོར་གཏོར་བཟློག།   སྐོང་བཤགས་དང་ཚོགས་ཀྱི་མཆོད་པ་བརྒྱ་ཕྲག་ལྷག་གྲངས་གསོག་བཅས་སོ་སོར་གཟབ་རྒྱས་ཉིན་གཅིག་གི་ཁོངས་སུ་གྲུབ་པར་མཛད།   དེའི་ཉིན་ཐུགས་སྣང་ཤིན་ཏུ་སྤྲོ་བའི་ཚུལ་གྱིས་སྔར་བན་གཙང་དུ་སྒྲུབ་ཆེན་ལས་ད་རེས་དགོས་པ་ཆེ་སོང་ཞེས་གསུང་འཕྲོས་ཀྱང་ཕེབས།   །དེའང་གསུང་ཆོག་དབུ་ཉི་དྲོས་ཙམ་དུ་ཚུགས་ཤིང་།   བར་མཚམས་གུང་གསེང་སོགས་ཡུན་རིང་ཙམ་གནང་མོད།   དགོང་ཀ་སྔ་ཆར་ནས་གྲུབ་ཅིང་ནམ་མཁའ་སྤྲིན་འཇའ་ཤར་བ་སོགས་དེར་ཡོད་རྣམས་ངོ་མཚར་གྱི་གནས་ལ་བཀོད་པར་མཛད།   རྫོང་སར་གཙུག་ལག་ཁང་དུ་སྒྲུབ་ཐབས་ཀུན་བཏུས་ཀྱི་དབང་ལུང་གསུང་སྐབས་རྣམ་སྲས་སེར་ཆེན་གྱི་རྗེས་གནང་སྐབས་ཚོགས་གྲལ་གྱི་བར་དུ་གསེར་འཐོར་བ་སློབ་མ་ཁ་ཤས་ནས་རྙེད་པ།   རིམ་གྱིས་ཐམས་ཅད་ནས་ཞིབ་ཏུ་བཙལ་བ་རྩེ་ལྷ་ཁང་དེའི་བླ་བྲེའི་སྟེང་ཚུན་མང་པོ་བབས་པ་དང་།   མདོར་ན་རིན་ཆེན་དང་པོ་སིལ་མར་བརྡལ་བས་ལྷ་ཁང་གི་ཕྱི་ནང་ཐམས་ཅད་ཁྱབ་པ་དངོས་སུ་གསེར་དད་རྟེན་དུ་ཁྱེར་རྒྱུ་ཡོད་པ་བྱུང་།   སྔར་ཀཿཐོག་ཏུ་བཞུགས་སྐབས་དངུལ་ཆུ་དཀར་ཡོལ་ཕྱེད་ཙམ་བཞེས་ཀྱང་སྐུ་ལུས་ལ་ཅུང་ཟད་ཀྱང་མ་གནོད།   འཛིན་རྣམ་རྒྱལ་མགོན་པོ་ཞེས་པ་སྔར་ཆོས་རྗེ་ཁུ་དབོན་རྒྱ་ནག་ཏུ་ཕེབས་སྐབས་བཞེངས་ཤིང་ནང་རྟེན་དུ་སྟོན་མཆོག་ཐུབ་དབང་གི་འཁར་གསིལ་སོགས་བཞུགས་པའི་ལོ་རྒྱུས་ངོ་མཚར་ཅན་དེ་ཉིད་ཕྱིས་སུ་ཆ་ཕྲེང་བའི་གྲྭ་དམག་གིས་ཉམས་ཆག་བཏང་བ།   རྗེ་འདིས་ཉམས་གསོས་ཀྱི་རབ་གནས་གནང་བའི་བགེགས་བསྐྲད་སྐབས་དགོངས་གཏད་ཀྱིས་དྲག་ཏུ་གཟིར་བས་དངོས་སུ་སྐུ་རྟེན་གཡོ་འགུལ་ཆེར་བྱུང་བའི་མདུན་དེར་ལས་རྡོར་སོགས་ནས་གུ་གུལ་བདུག་ཅིང་ཡོད་པ་བྲེད་བསྔངས་ཀྱིས་བྲོས་དགོས་བྱུང་བ་ཡོངས་གྲགས་དང་།   སྡེ་དགེ་སྲས་མོ་གཡུ་སྒྲོན་གྱིས་ནང་ཆེན་དུ་སྒྲོལ་མ་ཉེར་གཅིག་གི་ལྷ་ཁང་བཞེངས་པའི་རབ་གནས་དགོངས་པ་གཏད་པས་སྒྲོལ་སྐུ་གཅིག་སྤྱན་གཉིས་ཀ་རང་བྱུང་གསལ་བར་བྱོན་པ་དང་།   རྫོང་སར་གདན་སར་ཕེབས་ནས་ཡུན་རིང་མ་ལོན་པའི་སྐབས་ཞིག་གུ་རུའི་སྐུ་ཚབ་སྒྲུབ་པས་རེག་མི་བཟོད་པའི་དྲོད་འབར་བ་བྱུང་།   ཁམས་སྡེ་དགེ་རྨུགས་སངས་སྤྲུལ་སྐུ་ཀུན་བཟང་བོད་དུ་ཕེབས་ཏེ་ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་གངས་རི་ཐོད་དཀར་དུ་བདུད་རྩི་སྨན་སྒྲུབ་འཛུག་པར་དགོངས་གཏད་ཞུས་པ་ལྟར་ཐུགས་སྨོན་གནང་ཆོག་པའི་ཕྱག་བྲིས་འབྱོར་བ།   ཟླ་བ་དེར་སྨན་སྒྲུབ་འཛུག་རྒྱུ་མ་བྱུང་ཡང་ཚེས་བཅུའི་ཉིན་ཀུན་མཁྱེན་གཟིམ་ཕུག་ནས་ཤུག་གསེབ་བླ་བྲང་བར་སྨན་དྲིས་ཁྱབ་སྟེ་ངོ་མཚར་གྱི་གནས་ལ་བཀོད་པ་དང་།   དགུང་གྲངས་རེ་གསུམ་ཤིང་ལུག་ལོར་དབུས་ཕེབས་སྐབས་ཟླ་བདུན་པའི་ཚེས་གཉིས་ཉིན་རི་མདའ་སྟོང་དུ་ཕེབས་པ་ན།   དུང་མདོ་དགོན་པའི་གཙུག་ལག་ཁང་བརྟེན་པར་བཅས་པ་བཞེངས་གྲུབ་པ་ལ་རབ་གནས་ཞུས་པར་ཟླ་བ་དེའི་ཚེས་བཅོ་ལྔའི་ཉིན་རབ་གནས་དགོངས་གཏད་མཛད་རྒྱུར་ཞལ་བཞེས་གནང་བ་བཞིན་གོང་ཚེས་ཉིན་དགེ་འདུན་འདུས་ཏེ་བསྟན་པ་རྒྱས་ཆོག་དང་འབྲེལ་མཆོད་པ་རྒྱས་སྤྲོས་བཅས་ཉི་དྲོས་ལ་ལྷ་ཁང་གི་སྟེང་ནས་ཡོ་བྱད་དང་རོལ་མོ་སོགས་ཀྱི་མཆོད་སྤྲིན་འབུལ་སྐབས་སྟེང་གི་ནམ་མཁའ་འཇའ་འོད་ཤར་བ་བཅས་དངོས་སུ་རབ་གནས་ཀྱི་མེ་ཏོག་སྔོན་པོ་ཤས་ཆེ་བའི་འབྲས་ཁ་དོག་སྣ་ཚོགས་པ་ཆར་བཞིན་དུ་བབས་པས་གཙུག་ལག་ཁང་གི་ཕྱི་ནང་ཀུན་ཏུ་ཁྱབ་པའི་ངོ་མཚར་བྱུང་བ་དེར་ཡོད་ཀུན་གྱིས་མངོན་སུམ་དུ་མཐོང་ཞིང་རབ་གནས་མེ་ཏོག་དད་རྟེན་དུའང་མང་དུ་ཐོབ་ཚུལ་གོ་ཆོས་བྱུང་བ་འདིའི་ཕྱོགས་ནས་ཡོང་བའི་རིགས་ལ་དངོས་བརྒྱུད་རྩད་གཅོད་ཡང་ཡང་བྱས་པས་ཐམས་ཅད་ངག་མཐུན་པར་འདུག་པས་ངོ་མཚར་ཤིན་ཏུ་ཆེ་བར་སོམ་ཉི་དང་བྲལ་བས་བཀོད་པ་དང་།   །སྔོན་ཆད་གདན་སར་བཞུགས་བཞིན་ཉིན་ལམ་མང་པོས་ཆོད་པར་རབ་གནས་མེ་ཏོག་ཟངས་ཐལ་དུ་གནང་བའི་ལོ་རྒྱུས་ཀྱང་མང་དུ་མངའ་བའོ།   །ཞེས་དེལ་མཁྱེན་རིན་པོ་ཆེས་མཛད་པའི་རྣམ་ཐར་རྒྱས་པ་ལས་ལེ་ཚན་འདི་རྣམས་བཏུས་པ་ཡིན་ལ།   དབུས་ཕེབས་རྗེས་མའི་ལམ་ཡིག་ཏུ་གྲགས་པའི་ཕྱག་བྲིས་དངོས་ལས།   བསམ་ཡས་སུ་ཐོག་མར་ཕེབས་སྐབས་འཇའ་ཚོན་ཤིན་ཏུ་བཀྲག་མདངས་ཅན་དབུ་རྩེའི་སྟེང་ནས་འཁོར་བའི་ཚུལ་ལྟ་བུར་ཤར་ཞིང་།   ཆར་ཟིམ་བུར་འབེབས་པ་སོགས་བྱུང་།   བར་ཁང་དུ་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཚོགས་འབུམ་ཐེར་ལྷག་དང་མཆོད་འབུལ་ཞིབ་རྒྱས།   །གཞུང་གི་བཀའ་འབྲེལ་རབ་གནས་སོགས་གནང་སྐབས་མཆོད་རྟེན་ཞིག་ལས་མཚན་མོ་ཆུ་ཚོད་གཅིག་གི་ཡུན་ཙམ་དུ་མེ་འབར་བ་ཀུན་གྱིས་མཐོང་།   ཁྱད་པར་དུ་ཟླ་༣ཚེས༡༥ཉིན་ཧས་པོ་རིར་ལྷ་བསང་དང་།   རི་ཁྲུས།   རབ་གནས།   ལྷ་སྲིན་དམ་བསྒྲགས་སྐབས་བསྐུལ་དབུ་ཚུགས་པ་དང་མོས་གུས་ཀྱི་རྐྱེན་ལས་གུ་རུ་རིན་པོ་ཆེ་རྡོ་རྗེ་གྲོ་ལོད་སོགས་ནམ་མཁའ་གང་བས་རྡོ་རྗེའི་གར་བསྒྱུར་བ་དང་རང་ཡང་སྣང་བ་གཏད་མེད་ཀྱིས་འཆམས་སྟབས་བྱས།   དམ་བསྒྲགས་དངོས་གཞི་ལ་ལྷ་སྲིན་སྡེ་བརྒྱད་ཀླུ་དང་བཞི་བདག་གྲངས་མེད་ཡོད་སྙམ་གྱིས་འདུད་ཅིང་སྲོག་སྙིང་བླངས་ཏེ་རང་དྲག་པོར་གསལ་བའི་གདན་དང་ཐུགས་ཀར་བསྟིམ་ནས་སྲོག་དང་དབྱེར་མེད་བྱས།   ཟོར་སྐབས་ཀླ་ཀློ་དམ་སྲིའི་གྲོང་ཁྱེར་བརླག་པའི་གསལ་སྣང་དང་།   བྱིན་འབེབས་སོགས་རྒྱས་པར་བྱས།   མདོར་ན་འདིའི་ཉིན་ཁམས་དྭངས།   འདོན་སྤྲོ།   རིག་ངར་ཐོན་པ་སོགས་ཅུང་ཞིག་བསྟན་འགྲོར་ཕན་སྙམ་པ་བྱུང་ངོ་།   །ཞེས་པས་མཚོན་ཤིན་ཏུ་མང་པོ་བཞུགས་ཀྱང་།   འོག་ཏུའང་ཅུང་ཟད་འབྱུང་ལ་ཆུ་ཐིག་མྱོང་བས་རྒྱ་མཚོའི་རོ་རྟོགས་ནུས་པ་ལྟར་མཚོན་ཙམ་མོ།   དེ་སྐབས་མདོ་ཁམས་ཀྱི་སྤྲུལ་སྐུ་ཕལ་ཆེར་རྗེ་འདི་ཉིད་ཀྱིས་ངོས་འཛིན་གནང་།   །དེ་ལྟར་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱིས་བསྟན་དང་འགྲོ་བའི་དོན་ཇི་ལྟར་མཛད་པའི་ཚུལ་ལས་ཟབ་རྒྱས་ཆོས་ཀྱི་འཁོར་ལོས་བསྟན་འགྲོར་ཕན་བདེ་སྤེལ་བའི་ཚུལ་ནི།   དགུང་ལོ་དགུ་པར་ཀླིང་དཀར་རྒྱལ་བློན་ལ་གང་བློ་མ་ཐུགས་ཐོག་ནས་འཆད་པ་དང་།   བཅུ་གཅིག་ལོར་ཀཿཐོག་ཚོགས་ཁང་ཆེན་མོར་བདེ་ཆེན་ཞིང་སྒྲུབ་ཀྱི་ཚོགས་དབུར་བཞུགས་ཏེ་བདེ་སྨོན་ལྗགས་བཤད་རྒྱས་པར་གནང་བ་དང་།   གདན་སར་ཞབས་འཁོད་ནས་རིང་པོར་མ་ལོན་སྐབས།   རྫོང་སར་རང་གི་བླ་གྲྭ་ཉི་ཤུ་སྐོར་ལ་སྤྱོད་འཇུག།   སྡོམ་གསུམ་རྣམ་ངེས།   ཤེར་ཕྱིན་སྡུད་པ།   རྒྱུད་བླ་མ།   བཟང་སྤྱོད་སོགས་ཀྱི་བཤད་པ་དང་།   སྔ་རྗེས་ཅི་རིགས།   སུམ་རྟགས།   དག་ཡིག།   སྙན་ངག་སོགས་ལན་ཁ་ཤས།   རྒྱུད་བླ་མ་ལན་གཉིས་ཤེར་ཕྱིན་སྡུད་པ་དང་སྤྱོད་འཇུག་ལན་མང་།   དྭགས་པོའི་ཐར་རྒྱན་ལན་གཅིག།   མངོན་རྟོགས་རྒྱན་རོང་སྟོན་འགྲེལ་པ་དང་སྦྲགས་ཚར་གཅིག།   འདུལ་པ་མེ་ཏོག་ཕྲེང་བརྒྱུད་ལན་ཁ་ཤས།   །ཡིད་བཞིན་མཛོད་ཚར་དུ་མ།   ཡོན་ཏན་མཛོད་ཚར་གསུམ།   ཆོས་དབྱིངས་མཛོད་ཚར་གཅིག།   མར་ལུགས་བརྟག་གཉིས་རྒྱུད་བཤད་དང་།   རྒྱུད་བླ་མ།   ཟབ་མོ་ནང་དོན་གཞུང་ཆུང་གཉིས་བཅས་ལན་གཉིས།   རྩ་བརྒྱུད་བརྟག་གཉིས་ས་ལུགས་ཞིབ་རྒྱས་ལན་བཞི།   གུར་སམ་བཤད་པ་ལན་གསུམ།   བདེ་མཆོག་རྩ་རྒྱུད་ཀྱི་བཤད་པ་ལན་གཅིག།   དུས་འཁོར་རྒྱུད་བཤད་མི་ཕམ་འགྲེལ་ཆེན་སྟེང་ལན་གཅིག།   ལམ་རིམ་ཡེ་ཤེས་སྙིང་པོ་ལན་མང་།   སྒྱུ་འཕྲུལ་གསང་བ་སྙིང་པོ་དང་།   སྤྱི་མདོ་དགོངས་པ་འདུས་པ།   ཕུར་པ་རྩ་དུམ་གྱི་རྒྱུད་བཤད་བཅས་ལན་ལྔ་ཡིས་མཚོན་མདོ་སྔགས་ཀྱི་བཤད་པ་ཡང་མི་ཉུང་བར་གནང་།   དེ་དག་རྣམས་ཀྱི་སྐབས་སུ།   རྒྱུད་གཞུང་གི་བཤད་ཁྲིད་དག་ཀྱང་ཟབ་དོན་མན་ངག་གིས་དབུལ་བའི་རྟོག་གེའི་བཤད་ཡམས་དང་།   གང་ཤེས་གང་དྲན་ཤ་ཟིན་སྤུ་བསྡུས་ལྟ་བུ་མ་ཡིན་པར་རྒྱས་བཤད་རྣམས་ཀྱི་ཟབ་དོན་སྙིང་པོར་དྲིལ།   བསྡུས་པའི་རིགས་ཞིབ་ཅིང་རྒྱས་པར་བཀྲལ་ཏེ་བློ་གྲོས་དམན་མཆོག་ཀུན་གྱི་རྒྱུད་ལ་སྨིན་ངེས་པའི་འཆད་བྱ་མདོ་སྔགས་གང་ཡིན་གྱི་གཞུང་དོན་ཐད་ཀར་གསལ་རྒྱས་སུ་སྟོན་པར་མཛད་ཅིང་།   སྐབས་ཐོབ་གསར་རྙིང་གི་བཤད་རྒྱུན་དང་ཡིག་ཆ་སོགས་གང་ལ་བརྟེན་པའི་དགོངས་དོན་མཐའ་དག་གསལ་བར་མཛད་པ་ཙམ་ལས།   གཞན་དགོངས་པ་མཐུན་མིན་དང་འཐད་མི་འཐད་ཀྱི་དགག་སྒྲུབ་རིགས་གཏན་ནས་མི་མཛད།   སྣོད་ལྡན་བློ་གྲོས་མཆོག་གྱུར་གྱི་རིགས་ལ་ཟབ་དོན་ལས་འཕྲོས་པའི་གསུང་བཤད་ཤིན་ཏུ་ངོ་མཚར་བ་རྒྱས་པར་གནང་།   གཞན་ཡང་སྡོམ་པ་གསུམ་དང་འབྲེལ་བའི་ཟབ་ཆོས་ཅི་རིགས་གསུང་ཚུལ་ལ།   ཁམས་བྱེའི་བཤད་གྲྭ་བརྗེ་བཀྲོལ་རེའི་མཚམས་དབང་ཆོས་རྒྱ་ཆེ་རེ་གསུང་སྲོལ་གྱིས་མཚོན་གཟིམ་སྐྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་གྱི་དབང་ཁང་དུ་ནམ་རྒྱུན་དང་།   སྐུ་ཚེའི་སྨད་དབུས་ཕྱོགས་ལྷ་ལྡན།   རྡོར་སྨིན་གཉིས།   ལྷོ་བྲག་སྣ་བོ་ཅོག།   མཁར་ཆུ།   ལྷ་ལུང་།   ཡར་འབྲོག་སྟག་ལུང་།   གཙང་གླིང་བུ་དགོན།   ས་སྐྱ་གོང་།   འབྲས་ལྗོངས་རྒྱལ་ས།   པདྨ་ཡང་རྩེ།   རྡོ་རྗེ་གླིང་སོགས་སུ་བཀའ་ཆོས་འགའ་ཞིག་གསུངས་པ་རྣམས་ལས་བསྟན་པའི་གཞི་རྟེན་སོ་ཐར་དགེ་ཚུལ་སློང་གི་སྡོམ་པ་ཕྱིས་སྔགས་སྤྱོད་མ་མཛད་ཀྱི་བར་མང་ཙམ་བསྒྲུབས།   བྱང་ཆུབ་སེམས་སྡོམ་བཀའ་སྲོལ་གཉིས་གསར་རྙིང་ཡིག་ཆ་སྣ་ཚོགས་སྟེང་སྔ་ཕྱི་ལན་གྲངས་ཆེས་མང་བ།   རྡོ་རྗེ་ཐེག་པའི་ཆོས་འཁོར་གདམས་ངག་མཛོད་ལན་གཉིས།   སྒྲུབ་ཐབས་ཀུན་བཏུས་ལན་བཞི།   ལམ་འབྲས་སློབ་བཤད་ལན་གསུམ།   ཚོགས་བཤད་ལན་གཉིས།   ངོར་ལུགས་དཀྱིལ་འཁོར་བདུན་གྱི་དབང་ཆེན་ལན་བཞི།   སྔ་འགྱུར་རྙིང་མ་བཀའ་མ་ལན་གསུམ།   རིན་ཆེན་གཏེར་མཛོད་དབང་ཁྲིད་ལུང་བཅས་ལན་གཅིགགཏེར་མཛོད་བཀའ་རྒྱ་ལན་གསུམ།   སྙིང་ཐིག་ཡ་བཞི་ཚར་ལྔ།   མཛོད་བདུན་ལུང་ཚར་གཉིས།   །བྱང་གཏེར་སྐོར་ཁ་ཚང་ལན་གཅིག།   འཇའ་ཚོན་པོད་དྲུག་ལན་གཅིག།   ལྔ་པའི་རྒྱ་ཅན་ཉེར་ལྔ་ལན་བཞི།   སྨིན་གཏེར་ཡོངས་རྫོགས་ལན་བཞི།   སྒྲུབ་ཐབས་འདོད་བུམ་ཐེངས་གསུམ།   བདུད་འདུལ་དང་ཀློང་གསལ་ཆོས་སྐོར་ཚར་གཉིས།   ཀུན་གཟིགས་མཁྱེན་བརྩེའི་གཏེར་ཆོས་ཡོངས་རྗོགས་དང་།   བཀའ་འབུམ་ཚར་གཉིས།   མཆོག་གླིང་གཏེར་ཆོས་ཡོངས་རྫོགས་ཚར་གསུམ།   རྒྱུད་སྡེ་ཀུན་བཏུས་དཀྱུས་གཅིག་མ་གསུང་ནའང་སྔོན་རྗེས་ཚར་གཅིག་སོང་བར་གསུངས།   ས་སྐྱའི་གོང་མ་ལྔ་དང་ངོར་ཆེན་བཀའ་འབུམ་ལུང་ཚར་གཅིག།   རྙིང་མ་རྒྱུད་འབུམ་ལུང་ཚར་གཅིག་གསུངས་པས་མཚོན་ཞིབ་པར་རྣམ་ཐར་ཆེན་མོར་རྒྱས་པ་འབྱུང་།   སྐུ་ཚེ་སྨད་དུ་འཁོར་འདས་དབྱེར་མེད།   ཕྱག་རྒྱ་ཆེན་པོ།   རྫོགས་ཆེན་རྣམས་ཀྱི་སྨིན་ཁྲིད་ཀྱང་སློབ་མ་སྣོད་ལྡན་མང་པོ་ལག་གནང་བ་སྟེ།   དེ་དག་གི་སྐབས་སུ་དབུ་མ་ལུགས་ཀྱི་སེམས་བསྐྱེད་དང་།   ཐུགས་རྗེ་ཆེན་པོའི་དབང་རྗེས་ཐུན་མོང་བ།   འཕོ་ལུང་།   རྐྱེན་སེལ་དབང་རྗེས་ཕྲན་ཚེགས།   ཚེ་དབང་སོགས་ཀུན་ལ་འཆད་རུང་རིགས་ཁྱབ་གདལ་དུ་གནང་བ་ཙམ་ལས།   གཞན་ཐམས་ཅད་གང་བྱུང་བྱུང་ལ་ཁྲོམ་ཆོས་སུ་གྱུར་པ་གཏན་ནས་མི་མཛད་ཅིང་།   ཁྱིམ་པ་ཕོ་མོ་ལ་ཡི་གེ་དྲུག་པའི་བསྒོམ་བཟླས་དང་།   ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་དང་བསགས་སྦྱོང་གི་སྒོ་ནས་རྣམ་དཀར་སྒྲུབ་པ་དང་།   དགེ་ཚུལ་སློང་གི་སྡོམ་པའི་རྟེན་ཅན་གདམས་ཟབ་དོན་དུ་གཉེར་བ་དག་ལ་གཙོ་བོར་རང་རང་བློ་མོས་དང་འཚམས་པར་རྟེན་ཁྲིམས་གཙང་དང་ཆོས་ལུགས་རང་རང་གི་ཡི་དམ་བསྙེན་སྒྲུབ་ཉམས་ལེན་སོགས་གསར་རྙིང་ཆོས་བཀའ་གང་དགོས་སོ་སོར་སྟོན་པར་མཛད་ལ།   གྲུབ་མཐའ་ཆོས་ལུགས་བསྟན་པ་རིས་མེད་ལ་དག་སྣང་གིས་ཆོས་སྒོ་མཐའ་ཡས་པ་གསན་བསམ་འཛིན་སྤེལ་སྐྱོང་བའི་མཁས་བཙུན་དམ་པའི་ངང་ཚུལ་དང་ཐུགས་བསྐྱེད་ཅན་དག་ལ་ལྷག་པར་དགྱེས་པས་ཟབ་ཅིང་རྒྱ་ཚེའི་ཆོས་སྒོ་ཡངས་པོར་སྟོན།   གསར་རྙིང་གྲུབ་མཐའ་རང་རང་གི་ཆོས་བརྒྱུད་ལ་ཡིད་ཆེས་ཀྱི་ངེས་པས་ཐོས་བསམ་སྒོམ་པ་རྩལ་དུ་འདོན་པ་རྣམས་ལའང་སོ་སོའི་ལྟ་གྲུབ་ཀྱི་འཇོག་མཚམས།   བརྒྱུད་འཛིན་གྱི་རྣམ་ཐར།   ཆོས་ཀྱི་ཆེ་བ།   ཐ་ན་ཕྱག་བཞེས་དབྱངས་རོལ་ཚུན་ཞིབ་པར་ཐུགས་ལ་མངའ་ཞིང་སོ་སོར་མ་འདྲེས་པར་བཀའ་ལུང་རྗེན་པར་སྩོལ་བས་རེ་བ་རྫོགས་པར་བསྐང་ཞིང་ཡིད་ཆེས་ལྷག་པར་འཕེལ་བར་མཛད།   གྲུབ་མཐའ་ཆོས་ལུགས་ཕན་ཚུན་གཡོ་ཐབས་སམ་དབང་ཆེ་ཆུང་གིས་བསྒྱུར་བ་དང་།   རང་ལུགས་བཞག་ནས་ཨ་གསར་ཅོལ་ཆུང་ཀླད་ཡངས་ཀྱིས་རེ་རེ་རྙེད་དུས་རེ་རེ་བོར་བའི་རིགས་རྣམས་དང་།   ལྷག་བར་དུ་ཡང་གྲུབ་མཐའི་ཕྱོགས་ཁྱེར་གྱི་ཆོས་དང་གང་ཟག་ལ་སྐྱོན་འདོགས།   སྤྲིངས་ཡིག།   དྲི་བ།   འབྱམས་ཡིག་སོགས་ཤེས་རྒྱུད་ཟིང་ཟིང་པོར་ཕྱེད་ཅིང་རྩོད་པ་འཕེལ་བྱེད་ཀྱི་རིགས་ལ་གཏན་ནས་མི་དགྱེས།   བཀའ་ལས་ཀྱང་།   དེང་སང་རྩོད་ལྡན་སྙིགས་ལྔའི་ལྟ་བའི་སྙིགས་མ་ཆེས་བདོ་བས་བོད་མི་རེའི་རྒྱུད་ལ་ལྟ་བ་རེ་འབྱུང་བར་གསུངས་པ་བཞིན།   བསྟན་སྒོར་ཞུགས་པ་རྣམས་ལྟ་ཅི།   སོ་སྐྱེ་ཁྱིམ་པ་ཡན་ཆད་ཀྱི་ཁ་ལ་ལྟ་གྲུབ་རེ་ཁྱེར་ནས་ཆོས་ལུགས་ཕན་ཚུན་ལྟ་གྲུབ་དག་མིན་ལབ་གླེང་འདི་ནི་གཟུར་གནས་ཀྱི་རྩོད་པ་ལྟ་གྲུབ་རྣམ་དག་གི་སྒྲུབ་བྱེད་ཕར་ཞོག།   ཀུན་གྱི་ཤེས་རྒྱུད་བདུད་ཀྱིས་བརླམས་པས་བསྟན་པ་ནང་དབྱེན་དང་བསྟན་སེལ་ཕུང་དཀྲུག་གི་གཞིར་སོང་ནས་བསྟན་པའི་རྒྱུན་དང་འགྲོ་བའི་བདེ་སྐྱིད་མྱུར་དུ་ཉམས་བྱེད་འབའ་ཞིག་གི་རྒྱུར་འགྲོ་བ་ཤས་ཆེ།   ལར་ཡང་བསྟན་པའི་སྲོལ་འབྱེད་ཆེན་པོ་འཕགས་པའི་ས་ལ་བཞུགས་ངེས་པ་རྣམས་དང་།   བསྟན་འཛིན་མཁས་གྲུབ་རིམ་བྱོན་དག་གིས་དཔྱད་གསུམ་དག་པས་གཏན་ལ་ཕབས།   སྒོམ་སྒྲུབ་ཉམས་བཞེས་ཀྱི་ལམ་རྟགས་དང་མཆོག་གི་གྲུབ་འབྲས་མངོན་དུ་མཛད་པའི་བསྟན་པ་རྣམ་དག་གསེར་ཞུན་མ་འདྲ་བ་རྣམས་ལ་སོ་སྐྱེའི་རྣམ་རྟོག་གིས་དཔྱད་པར་འདོད་པ་ནི་རང་ཉིད་ཉམས་པའི་རྒྱུ་ལས་གཞན་མེད།   དེས་ན་རང་རང་བསྟན་པ་གང་གི་སྒོར་ཞུགས་པ་དེའི་ལྟ་གྲུབ་ལ་ངེས་ཤེས་སྐྱེ་བའི་ཐབས་ལ་ནན་དུ་བརྩོན་ཅིང་ཉམས་ལེན་སྙིང་པོར་བྱེད་པ་ཤིན་ཏུ་ལེགས།   འོན་ཀྱང་གྲུབ་མཐའ་ཀུན་ལ་ཕྱོགས་རིས་ཀྱི་ངན་རྟོག་མཐའ་དག་དོར་ལ་དག་སྣང་སྦྱོང་བ་གལ་ཆེ་ཞིང་།   དེར་མ་ཟད་རིས་མེད་པའི་མདོ་སྔགས་ཀྱི་གཞུང་འགྲེལ་རྣམས་ལ་དག་པའི་སྣང་བས་ཞིབ་ཏུ་མཇལ་ན་འཆད་ཐབས་དང་འགྲེལ་ཚུལ་འདྲ་མིན་དག་ལ་སོ་སོར་སྐབས་སུ་བབས་པའི་ཁྱད་ཆོས་ངོ་མཚར་ཅན་རེ་བཞུགས་ཤིང་།   མཐར་འབྲས་ཀྱི་དོན་གཅིག་ཏུ་འབབས་པས་ན།   རང་རང་ངེས་ཤེས་སྐྱེས་པའི་ལྟ་བ་དེའི་དོགས་སེལ་དང་ཆེ་བ་འདོན་པའི་སྒྲུབ་བྱེད་དུ་འགྱུར་ཞིང་ཐོས་བསམ་གྱི་བློ་སྐྱེད་གོང་འཕེལ་དུ་བྱེད།   ཀུན་ལ་རྒྱུ་མཚན་ཤེས་པས་དད་པའི་སྣང་བ་རང་ཤུགས་ཀྱིས་འབྱུང་བ་སོགས་དགོས་པ་ཤིན་ཏུ་ཆེ།   དུས་དབང་གིས་སྣང་སྟོང་གི་སྒྲུབ་ཕྱོགས་རྩལ་འདོན་ཆེ་ཆུང་དང་།   བརྒྱུད་པ་ཕན་ཚུན་ཐུགས་ནང་མཐུན་མི་མཐུན་ཕྲན་བུས་ཆོས་མཐུན་རྩོད་པ་བསྟན་པའི་རྒྱན་དུ་འགྱུར་བ་འོང་དཀའ་བས་ཐམས་ཅད་ནས་བསྟན་པ་ནང་མཐུན་འབྱུང་ཐབས་རེ་མཛད་ན་ཕན་ཆེ་ཚུལ་འདོམས་པར་མཛད།   དེ་ལྟ་བུའི་གདུལ་བྱ་སྐྱོངས་པའི་ཞལ་སློབ་ཀྱི་ཚོགས་ཀྱང་།   སྨིན་གླིང་མཁན་གཅུང་རྣམ་གཉིས།   རྫོགས་ཆེན་ཡིད་བཞིན་དྲུག་པ་དང་མཁྱེན་བརྩེ།   ཞེ་ཆེན་རབ་འབྱམས་དྲུག་པ།   མཁྱེན་སྤྲུལ་རབ་གསལ་ཟླ་བ།   ཀཿཐོག་སི་ཏུ་སོགས་མཁན་སྤྲུལ་ཕལ་མོ་ཆེས་མཚོན་རྙིང་ཕྱོགས།   ས་སྐྱའི་ཕོ་བྲང་ཁག་གི་ཁྲི་ཆེན་གཞུང་ཟུར།   ངོར་ཨེ་ཝཾ་པའི་མཁན་ཞབས་རྣམ་པ།   ནཱ་ལེནྡྲའི་གཟིམས་འོག་དང་བཅོ་བརྒྱད་ཁྲི་ཆེན་སོགས་ས་སྐྱ།   སྐུ་ཞབས་སི་ཏུ་པདྨ་དབང་ཆེན་ཡབ་སྲས།   རྒྱལ་སྲས་འཇམ་མགོན་མཆོག་སྤྲུལ་འབྲུག་ཆེན་རིན་པོ་ཆེ་སོགས་བཀའ་བརྒྱུད།   མཁས་དབང་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས།   ཀུན་གླིང་རྟ་ཚག་རྗེ་དྲུང་།   མི་ཉག་ཀྱི་ལེ་སྐྱབས་མགོན།   ཏྲེ་ཧོར་དགེ་སྟག་མཆོག་སྤྲུལ།   གོ་འཇོ་འགྲོ་འདྲེན་སྤྲུལ་སྐུ་སོགས་དགེ་ལུགས་ཕྱོགས་ཀྱིས་མཚོན་བསྟན་འཛིན་གྱི་སྐྱེས་ཆེན་ཡོངས་གྲགས་བགྲངས་ཀྱིས་མི་ལོང་བ་རྣམས་དང་།   རྒྱ་ནག་གོ་མིན་ཏང་གི་གཙོ་འཛིན་ཅང་ཅེ་ཧྲིས་ཁྲིན་ཏུར་ཆེད་དུ་གདན་ཞུས་བྱས་ཀྱང་སྙུན་རྐྱེན་གྱིས་ཕེབས་མ་ཐུབ།   བོད་ཀྱི་མི་ཆེན་བཀའ་མདའ་རྩིས་གསུམ་ཕལ་ཆེར།   སྡེ་དགེ་ཆོས་རྒྱལ།   གླིང་རྒྱལ།   ནང་ཆེན་རྒྱལ་བློན།   འབྲས་ལྗོངས་ཆོས་རྒྱལ་སོགས་ཀྱིས་མཚོན་བོད་དང་བོད་ཆེན་པོའི་ལྗོངས་ཀྱི་མི་ཆེན་ཁག་ཕལ་ཆེར་ནས་དད་ལྡན་མུ་ལྟོ་ཕལ་པ་ཡན་ཆད་གང་ཟག་མཆོག་དམན་གྱི་བྱེ་བྲག་མེད་ཅིང་བསྟན་པ་རིས་སུ་མ་ཆད་པའི་སློབ་ཚོགས་གྲངས་ལས་འདས་པ་སྐྱོངས།   དམ་པ་འདི་ཉིད་ཀྱི་གསུང་རྩོམ་སྐོར་རྣམས་ཀྱང་ཐུགས་སྲས་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་ནས་བསྡུ་འཚོལ་དང་ཤིང་སྤར་ཧ་ལམ་ཐོན་བཞིན་པ་པོད་བཅོ་ལྔ་ལྷག་ཙམ་བཞུགས་ཤིང་ད་དུང་མུ་མཐུད་འཚོལ་སྡུད་གནང་བཞིན།   ཞར་བྱུང་བསོད་རྣམས་ཀྱི་ཚོགས་བསགས་སྒོ་དུ་མ་ནས་བསྒྲུབས་པའི་ཚུལ་ནི།   དད་རྫས་ཆུད་ཟོས་སུ་མ་ཤོར་བར་རྗེ་གོང་མའི་གསུང་འབུམ་པོད་ཆེན་བཅུ་གསུམ་ལྷག་ཙམ་དང་།   འདུས་མདོའི་འགྲེལ་པ།   གསང་སྙིང་ཊཱིཀ།   མི་ཕམ་གསུང་སྐོར་པོད་གཉིས།   གཞུང་ཆེན་རྣམས་ཀྱི་རྩ་བ་སོགས་ཤིང་སྤར་པོད་ཉེར་ལྔ་བརྐོས།   ཁམས་བྱེ་རིགས་གསུམ་ལྷ་ཁང་རྨངས་ནས་གསར་བཞེངས།   དེར་མགོན་པོ་མ་ཕམ་པའི་སྐུ་གསེར་ཟངས་ལས་བསྐྲུན་པ་ཐོག་ཚད་ལྔ་པས་མཚོན་རྟེན་གསུམ་ཅི་རིགས།   བཤད་གྲཱ་གསར་འཛུག་ལ་གྲྭ་ཤག་སོགས་རྟེན་དང་བརྟེན་པ་བཅས་གསར་བཞེངས།   མཁན་སློབ་ལྔ་བཅུ་ང་གསུམ་ལ་ཕོགས་ཐེབས་སྦྱོར་འཇགས་གནང་བའི་ཕྲིན་ལས་ད་སྐབས་ཀྱང་རྒྱལ་ཕྱི་ནང་ཀུན་ཏུ་དར་རྒྱས་བྱུང་དང་འབྱུང་བཞིན་པ།   ཀུན་གཟིགས་སི་ཏུ་རིན་པོ་ཆེ་སྐུ་གཤེགས་ནས་སྔ་འགྱུར་བསྟན་པའི་འབྱུང་གནས་ཀཿཐོག་རྡོ་རྗེ་གདན་གྱི་བསྟན་པ་སྔ་ཕྱི་མི་ལོ་བཅོ་ལྔར་གཟིགས།   དེ་སྐབས་རྒྱུད་སྡེའི་བཤད་གྲྭ་ཐུབ་བསྟན་ནོར་བུའི་ལྷུན་པོའི་སྤྱི་རྐང་གཏན་མེད་གྱུར་པ་གཞིར་བཞེངས་ཀྱི་ཉམས་གསོ་མཁན་སློབ་ཞལ་གྲངས་ཞེ་ལྔ་ལ་ཕོགས་ཐེབས་སྦྱོར་འཇག།   ཟངས་མདོག་དཔལ་རིའི་བློས་བསླངས་མཇུག་སྐྱོང་།   ཐུབ་ཆེན་ལྷ་ཁང་རྟེན་དང་བརྟེན་པར་བཅས་གསར་བཞེངས་ལ་ཐུབ་ཆེན་ཐོགས་བརྩེགས་གསུམ་ཅན་གསེར་ཟངས་ལས་བསྐྲུན་པ་བཅས་གཙོ་ཆེར་རྗེ་ཉིད་ཀྱི་ཕྱག་རྫས་གཏོང་།   ཆོས་རྒྱལ་སྡེ་དགེས་སྔོན་དུ་སྦྱོར་འཇགས་གནང་ཡང་ཕྱིས་ཉམས་ཆག་གྱུར་པ་དྲྭ་སྒང་སྒྲུབ་སྡེ་གསར་བཙུགས་ལ་སྒྲུབ་ཤག་གསར་བཞེངས།   སྒྲུབ་གྲྭ་ལྔ་བཅུ་ཐམ་པ་ཇི་སྲིད་བསྟན་པ་གནས་ཀྱི་བར་བཞུགས་པའི་ཕོགས་ཐེགས་སྦྱོར་འཇགས་གནང་།   ཉམས་བཞེས་གསུང་ངག་ལམ་འབྲས་གཙོ་བོ་གྱུར་པའི་དཔལ་ལྡན་ས་སྐྱའི་སྙན་བརྒྱུད་སྐོར་ཡིན་ལ་བཞུགས་ཐེངས་རེར་ལོ་བཞི་རེའི་ཡུན་ཚད་ཅན།   རོང་མེ་དཀར་མོ་སྟག་ཚང་གི་སྒྲུབ་གྲྭ་གསར་འཛུག་ལ་སྒྲུབ་ཁང་སྔར་ཡོད་རྒྱ་བསྐྱེད།   སྒྲུབ་གྲྭ་དཔོན་སློབ་དགུ་དང་སྒྲུབ་གཡོག་བཅས་ལ་མཆོད་ཕོགས་ཐེབས་རྩ་སྦྱོར་འཇགས།   ཉམས་ལེན་གཙོ་བོ་མཁྱེན་ཀོང་མཆོག་གསུམ་གྱི་ཟབ་གཏེར་གཙོ་བོ་དང་།   ཞར་བྱུང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ལ་འབྲེལ་འཇོག་སྒྲུབ་ཐེངས་རེར་ལོ་ལྔ་རེའི་ཡུན་ཚད་ཅན།   གཟིམ་ཁང་རྙིང་པ་རྒྱ་བསྐྱེད།   དབུ་རྩེའི་ལྷ་ཁང་དང་འབྲེལ་བའི་གཟིམ་ཆུང་ཐོག་བརྩེགས་བཞི་པ་གསར་བཞེངས།   སྐུ་གོང་མའི་དགོངས་བཞེད་དབུ་རྩེའི་ལྷ་ཁང་རྩེགས་ཞབས་མར་ནང་གི་རྟེན་གསུམ་ཡོངས་རྫོགས་གསར་བཞེངས་རིན་ཐང་ཟླ་མེད།   དབུ་རྩེའི་བསང་ཁང་རྟེན་དང་བརྟེན་པར་བཅས་གསར་བཞེངས།   གསུང་རྟེན་ཁོ་ན་བཞེངས་པའང་།   གསེར་བྲིས་བུ་སྟི་གཉིས་བརྒྱ་ལྷག་བརྩིས་པའི་པོད་ཉིས་སྟོང་ལྔ་བརྒྱ་ལྷག་གསར་བཞེངས་མཛད།   མདོ་ཁམས་སུ་བཤད་སྒྲུབ་ཀྱི་སྡེ་གསར་དུ་འཛུགས་པ་རྣམས་ལའང་མཁན་པོ་བཏང་བ་ཐེབས་རྩ་ཞབས་འདེགས་ཞལ་བཀོད་སོགས་ཀྱི་བཀའ་དྲིན་སྩལ་བ་མང་།   ཡུལ་དམ་པ་རྣམ་ལ་བསྙེན་བསྐུར།   དབུས་གཙང་གྲྭ་ས་ཆེན་པོ་རྣམས་ཀྱིས་མཚོན་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་ལ་ཕྱག་འགྱེད་ཡོན་རྒྱག།   དམན་ལ་སྦྱིན་བཏང་སྨན་ཁོ་ནའང་།   རིན་ཆེན་རིལ་ནག་ཆེན་མོ།   ཡང་ཟབ།   མང་སྦྱོར།   ཤེལ་དཀར་མཆོད་རྟེན།   རཏྣ་བསམ་འཕེལ།   དབང་རིལ་ཉེར་ལྔ།   ཟླ་ཤེལ་ཆེན་མོ་སོགས་བསྡུ་སྒྲུབ་ཚུལ་བཞིན་ཕྱག་ལེན་བསྟར་བ་སོགས་ཀྱི་སྦྱིན་བཏང་མཛད་པས་མཚོན་རྗེ་འདི་ཉིད་ཀྱི་མཛད་པ་རྣམ་ཐར་ཆེན་མོར་ཅུང་རྒྱས་ཙམ་བཞུགས་ཀྱང་རེ་རེ་བཞིན་བརྗོད་མི་ནུས།   འདི་དག་གཙོ་ཆེར་རྩ་བའི་གདན་ས་རྫོང་སར་དུ་བཞུགས་རིང་ཡིན་ལ།   དགུང་གྲངས་རེ་གསུམ་པ་ཤིང་ལུག་ལོ་ནས་སྐུ་འཁོར་ཉུང་བསྡུས།   དབུས་ཕྱོགས་དང་།   ལྷོ་ཁ།   ཡར་འབྲོག།   སྣར་ཐང་།   ས་སྐྱ་སོགས་བརྒྱུད་དེ།   འབྲས་ལྗོངས།   རྡོར་གླིང་།   འཕགས་ཡུལ་ལ་ཐེངས་གཉིས།   བལ་ཡུལ་རྣམས་སུ་གནས་གཟིགས།   མཆོད་འབུལ།   ཚོགས་འཁོར།   བསྟན་རིམ།   སྨོན་ལམ་སོགས་གནང་།   གང་དུ་བྱོན་པའི་གནས་ཡུལ་གྱི་འགྲོ་བ་མང་པོས་སྐུ་མཇལ་གསུང་ཐོས།   ཐུགས་ཀྱིས་ཁྱབ་པའི་སྒོ་ནས་འབྲེལ་ཚད་དོན་ལྡན་དུ་མཛད་དོ།   །དེ་དག་གིས་ཐུན་མོང་ཕྱིའི་རྣམ་ཐར་ཅུང་ཟད་བསྟན་ནས།   ད་ནི་ཐུན་མིན་ནང་དང་གསང་བའི་རྣམ་ཐར་ཅུང་ཟད་གླེང་ན།   སྤྱིར་ཡེ་ཤེས་དག་པའི་སྣང་བ་ལ་དབང་འབྱོར་བ་རྣམས་ཀྱི་སྤྱོད་ཡུལ་ལས་ངེད་ཅག་ཡིད་དཔྱོད་ཀྱིས་དམ་པ་འདི་ཉིད་ཀྱི་ནང་དང་གསང་བའི་རྣམ་ཐར་འདི་དང་འདི་ཞེས་དཔྱད་ཡུལ་དུ་མ་གྱུར་མོད།   གཟིགས་སྣང་ཁྱད་པར་ཅན་གྱི་ཤོག་དྲིལ་སྔོན་རྫོང་སར་བཞུགས་རིང་གནང་བའི་ཕྱག་བྲིས་ཕྱག་བསྟར་མ་མང་ཙམ་དཔེ་ཝར་རིན་པོ་ཆེའི་ཕྱག་ཏུ་འབྱོར་བ་རྣམས་རྗེ་དེ་ཉིད་ཀྱིས་བསྐུལ་ཏེ།   མཁན་ཀུན་དགའ་དབང་ཕྱུག་གིས་བསྡུ་སྒྲིག་གསང་རྣམ་པོད་གཅིག་བཀའ་འབུམ་གྲས་སུ་བཞུགས་ཤིང་།   སྐུ་ཚེའི་སྨད་གནས་གཟིགས་ཕེབས་ནས་ཕྱག་བྲིས་རྣམས་རྣམ་ཐར་ཆེན་མོར་བཞུགས་པ་བཅས་ཀྱི་ནང་ནས།   །ཤོག་དྲིལ་གཅིག་ཙམ་དཔེ་བཤུ་བྱས་པར་འདི་ལྟར་འབྱུང་སྟེ།   ཟླ་༩པའི་ཚེས༥ལ་ཇོ་ནང་བདེ་མཆོག་སྟོད་འགྲེལ་ཅུང་ཟད་བལྟས་པའི་རྐྱེན་གྱིས།   གྲུབ་ཆེན་ནག་པོ་སྤྱོད་པ་ཁྲུ་གང་ཙམ་པ་ཁྲིའུ་སྟེང་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ་ཞིག་མཐོང་ཉམས་བྱུང་བ་དང་།   མོས་གུས་ཤིན་ཏུ་དྲག་པོ་བཟོད་མེད་ཀྱིས་ལུས་ལ་འཕར་གཡོ་ཤིན་ཏུ་ཆེན་པོས་བཟོད་མེད་དུ་གྱུར་པ་དང་།   དེ་ཉིད་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པར་གྱུར་པའི་ཞལ་དུ་ངེད་མིད་ནས་མཁའ་གསང་ནས་ཕྱིར་ཐོན་པ།   རང་བདེ་མཆོག་གི་སྐུར་གྱུར་པའི་ལུས་དཀྱིལ་གྱི་ལྷ་དང་བཅས་ཁྲ་ཤིག་གེ་མཐོང་ཉམས་བྱུང་བ་དང་།   མདུན་གྱི་བླ་མ་བདེ་མཆོག་ཧཱུྃ་སྔོན་པོར་གྱུར་ནས་དབྱིངས་སུ་ཐིམ་པའི་ཉམས་བྱུང་ཡང་།   ཅི་འདྲ་ཡིན་བརྟག་དཀའ།   ཁ་སྐྱག་པས་ཆོད།   ཧ་ཧ།   ལས་ངན་ཁྱོད་མི་ཆོས་བླ་མའི་བརྫུན་བཤད་དམྱལ་བར་འགྲོ་རན་གདའོ།   །དེ་ནས་ཚེས༡༤ཆད་པའི་ཚེས༡༥་ཟླ་སྐར་ཤར་བ་ལ་བལྟས།   ཟླ་བའི་རི་བོང་ནང་།   རྗེ་བླ་མ་གཞོན་འཛུམ་དགྱེས་ཉམས་གསེར་མདོག་པཎ་ཞུ་སོགས་སྐུ་ཆས་སྤྱི་ལྟར་ལ་དཔྲལ་བར་མཇམ་དཀར།   མགྲིན་པར་སྨྲ་སེང་དམར།   ཕྱག་ཆོས་འཆད།   ཐུགས་ཀར་རྡོ་རྗེ་རྣོན་པོ་སྔོ།   རལ་གྲི་གླེགས་བམ།   ལྟེ་བར་འཇམ་དཔལ་གསེར་མདོག་ཞལ་གཅིག་ཕྱག་བཞི་པ་རྣམས་ཡོད་པ་ཤེས་ཉམས་ལ་སྣང་མཐར་འགགས།   གུ་ཧྱ།   གུ་ཧྱ།   ཆེས༢༢ཀྱི་ཕྱི་ཐུན་སྒང་།   རས་ཆུང་སྙན་བརྒྱུད་འགའ་ཞིག་མཇལ།   སྤྱིར་ཆུང་ནས་མོས་པ་ཆེ་ཞིང་།   སྙན་བརྒྱུད་རྫོགས་པར་ཐོབ་ན་སྙམ་པའི་གདུང་བ་དྲག་པོ་ཡོད།   འདི་སྐོར་དུ་ལྷག་པར་དྲན་སྐབས་ཁེལ་བའི་རྐྱེན་གྱིས།   འཁྲུལ་སྣང་ཆང་གིས་བཟི་བ་ལྟ་བུའི་ངང་།   གཙང་སྨྱོན་ཧེ་རུ་ཀ།   སྐུ་མདོག་སྨུག་ནག།   བོང་ཤིན་ཏུ་ཆེ་བ།   སྐུ་ཕལ་ཆེར་གཅེར་བུ།   སྨད་ཨང་རག་དང་།   ཕྲག་གཡོན་མར་དར་གྱི་ག་ཤལ་ལྟ་བུ་ཡོད་པ་ཞལ་ངོ་ཁྲོ་གཟུགས།   རྒྱ་འགྲམ་ཅན་ཞིག་བྱུང་ནས།   །རལ་གྲི་ཞིག་ངེད་ལ་བརྒྱབ།   དེ་མ་ཐག་དུར་ཁྲོད་ཀྱི་བཀོད་པ་བྱུང་།   རྣམ་སྨིན་གྱི་ལུས་ཞལ་དུ་གྱུར་མིད་མཛད་པས།   བླ་མ་འཁོར་ལོ་སྡོམ་པ་ལྷན་སྐྱེས་སུ་གྱུར་པའི་མཁའ་གསང་དུ།   བདེ་མཆོག་ཞལ་ཕྱག་རྒྱས་པ་བསྒྱུར་ནས་ཕྱིར་བཏོན་པ་དང་།   ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་དུ།   །འཇུག་པ་མེད་པའི་བུམ་དབང་།   བརྟུལ་ཞུགས་སྤྱོད་པའི་དབང་།   གསང་དབང་ལ་ཌཱ་ཀི་མང་པོ་བྱུང་བས་བྱང་སེམས་བླུད།   ཤེར་དབང་ཕྱག་རྒྱ་སྤྲོས།   །ཡུམ་ཕག་མོར་བསྟིམས་པ་དང་སྦྱོར་ཡང་།   བདེ་ཆེན་འདྲེན་པ་ནི་མ་བྱུང་།   བདེ་གསལ་གྱི་ཤེས་པ་རྟོག་མེད་དང་།   དབང་བཞི་པར།   །མ་སྐྱེས་པས་ནི་མི་འགགས་ཅིང་།   །འགྲོ་དང་འོང་མེད་ཀུན་ཏུ་ཁྱབ།   །བདེ་ཆེན་ཆོས་མཆོག་མི་གཡོ་བ།   །མཁའ་མཉམ་རྣམ་གྲོལ་གོས་པ་མེད།   །ཅེས་རྫོགས་ཆེན་ནས་བྱུང་བའི་རྒྱུད་ཀྱི་གླུ་དེས་ངོ་སྤྲོད་མཐར།   བླ་མ་སྔར་བཞིན་གྱུར།   ཌཱ་ཀི་མས་གླེགས་བམ་སོར་དྲུག་དར་གྱིས་དྲིལ་བ་པོད་ལྔ་དྲུག་ཙམ་ཞིག་བླ་མར་གཏད་པ།   རང་ཐ་མལ་པར་གྱུར་པའི་སྤྱི་བོར་བཞག་ནས་བཀའ་ལུང་གཏད་མཐར་བླ་མ་རང་ལ་ཐིམ།   རང་བླ་མར་གྱུར་ངང་ཉམས་སད།   དེ་དག་གི་སྐབས་སུ་ལུས་འདར།   འཕར་སྤྲུགས་དྲག་པོ་བྱུང་ངོ་།   ཨྠིྀཚེས༢༨ནུབ་སྲོད་ཐུན་ལ་ཉམས་འཆར།   གཏེར་ཆེན་འགྱུར་མེད་རྡོ་རྗེ་སྐུ་ཆས་གཟབ་འཕྱོར།   དབུ་ཞྭ་པད་ཞུ་སྔོན་པོ།   གཡས་ཕུར་པ་པུས་གཡས་གཡོན་མཉམ་བཞག་ཐོད་པ་ཅན་ལ།   འཁོར་ཌཱ་ཀི་ལྔ་ཙམ་གྱིས་བསྐོར་བ་ལ།   མོས་གུས་བྱས་པས།   མཐར་ཌཱ་ཀི་རྣམས་སྐུ་ལ་འཁྲིལ་བའི་བྱང་སེམས།   ཌཱ་ཀི་ཐོད་པ་ཐོགས་པ་ཞིག་གིས་རང་ལ་བླུད་བདེ་བའི་ཡེ་ཤེས་རྒྱས།   རྗེ་ཡི་གསུང་གིས།   ཨཿགཞི་གྲོལ་རིག་པ་རང་སྣང་བ།   །གཞི་རྫོགས་ལྷུན་གྲུབ་འཕོ་འགྱུར་བྲལ།   །ཐམས་ཅད་མཁའ་མཉམ་བྱང་ཆུབ་སེམས།   །དུས་གསུམ་དུས་མེད་དབྱིངས་ཀྱི་ངང་།   །ཞེས་པའི་མཐར།   ཨ་ཡི་སྒྲ་ཆེན་པོས་བླ་མ་ཉིད་ཨར་གྱུར།   ཨ་རང་ལ་ཐིམ་པས་རང་ལུས་ཨར་གྱུར།   དབྱིངས་སུ་ཡལ།   རིག་སྟོང་རྗེན་པ་ཟང་ཐལ་ངང་ལ་གནས་མཐར་ཉམས་སད་པས།   གོང་གི་ཚིག་དེ་སྨག་ནང་ཚོད་བྲིས་ཀྱིས་བཀོད།   འདི་སྐོར་གཏེར་ཆེན་རྣམ་ཐར་མཇལ་སྐབས་ཡིན་པས་དེས་རྐྱེན་སེམས་སྣང་སྐྱག་གཏད་མེད་དོ།   །ཚེས་༢༠ཐོ་རངས་ལམ་དུས་འདོན་སྐབས་ཉམས་ཀྱི་སྣང་ཆར།   མདུན་མཁར་རྗེ་བཙུན་གྲགས་རྒྱལ་དཀར་ཆས་བསྒྲེས་ཉམས་ཤིན་ཏུ་ཆེ་བ།   ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཡོན་མ་ངེས།   སྐུ་ཤིན་ཏུ་གསལ་བ་ལ་དངོས་སུ་ཡོད་སྙམ་ཀྱི་ལག་གཉིས་བརྐྱངས་ནས་འཇུས་པས་བཟུང་རྒྱུ་ནི་གང་ཡང་མ་བྱུང་སྐུ་ཡེ་རེ་སྤྱི་བོར་བྱོན་ནས།   །སངས་རྒྱས་ཀུན་བདག་སྐུ་ཡི་མཆོག།   ཡེ་ཤེས་སྐུ་སྟེ་རང་བྱུང་བ།   འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི།   །བྱིན་གྱིས་བརླབ་ཅིང་དབང་བསྐུར་རོ།   །ཞེས་ཕྱག་སྤྱི་བོར་བཞག་སྙམ།   དེ་ནས་ཕྱག་རྡོར་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པར་གྱུར་ཏེ།   ཧ་ཧ་ཧཱུྃ་ཧཱུྃ།   ཕཊ་ཕཊཿགསུངས་ནས་སྐུ་མི་སྣང་བར་གྱུར།   རིག་པ་འཛིན་བྲལ་དུ་ཡུད་ཙམ་གནས་སོ།   །ཚེས༣སྔ་ཐུན་གྲོལ་དུས་ཉི་ཡོལ་ནས་སྡོད་པའི་སྣང་བར་མདུན་མཁར་ཐང་རྒྱལ་དམར་སྨུག་མཉམ་བཞག་ཚེ་བུམ།   མདུན་ཤར་ཐང་རྒྱལ་ཞི་བ་རྡོ་རྗེ་ཐུགས་ཀ།   དྲིལ་བུ་དཀུར་བརྟེན།   ལྷོར་རྒྱས་པ་སྒེག་ཉམས་ནོར་བུ་ཐུགས་ཀ།   ཐོད་པ་བདུད་རྩི།   ནུབ་དབང་ཆགས་ཉམས་དམར་ལྕགས་ཀྱུ།   གཡོན་མེ་ལོང་ཡུ་བ་ཅན།   བྱང་ལྗང་ཁྲོ་ཉམས་རལ་གྲི་ཕྱར་ཕུར་པ་གདེང་།   ཐམས་ཅད་ཞབས་ཕྱེད་སྐྱིལ་ཅན་གྱི་སྣང་བ་ཤར།   ཟླ་བ་དེའི་ཚེས༤།   ལྟག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་གྱི་ཕྱི་དྲོའི་བཟླས་ཐུན་སྐབས།   རྗེ་གྲུབ་དབང་ཐང་རྒྱལ་ལ་མོས་གུས་དང་མཁའ་འགྲོའི་མཚན་གསོལ་སོགས་ཀྱི་གསོལ་འདེབས་བྱས་པའི་ཤེས་ཉམས་ལ།   རྗེ་གྲུབ་ཐོབ་སྐུ་མདོག་དམར་སྨུག་ཅན་ཞིག་སྨིན་མཚམས་ཐད་ཉེ་བར་བྱོན་ནས།   ཕྱག་གཡས་པས་ཚེ་བུམ་མགོ་ཐོག་འཇོག་པས།   བདུད་རྩི་དམར་སེར་གྱིས་ལུས་གང་།   དེ་ཡང་ཐིག་ལེ་མང་པོ་ཡོད་པས་ལུས་གང་།   ཡང་གྲུབ་ཐོབ་ཉིད་གུར་དྲག་ཞལ་གཅིག་ཕྱག་གཉིས་པར་གྱུར་པའི་གནས་གསུམ་ནས་གུར་དྲག་དཀར་དམར་མཐིང་གསུམ་སྤྲོས་རང་ལ་ཐིམ།   ཡང་དེ་མཁའ་འགྲོ་སྡེ་ལྔར་གྱུར།   འོད་ཟེར་སྤྲོས་རང་ལ་ཐིམ།   ཡང་ཀུན་བཟང་ཡབ་ཡུམ་རྒྱན་མེད་དབུ་སྐྲ་ཐོར་ཅོག་ཕྱེད་གྲོལ་ཅན་གྱུར་ནས་རང་ལ་ཐིམ་པ་དང་།   གང་ལའང་འཛིན་མེད་ཀྱིས།   རིག་པ་སྟོང་གསལ་ནམ་མཁའ་ལྟ་བུའི་ངང་དུ་གནས་པ་ཞིག་བྱུང་རུང་འོག་འགྱུའི་ཤེས་པའི་ཡིད་དཔྱོད་བལྟར་མི་མངོན་པ་ཡིན་ཤས་ཆེ།   ཨོཾ་བཛྲ་ས་ཏྭ་ཧཱུྃ།   ཟླ་༡༠ཚེས༡༡གི་སྔ་ཐུན་སྐབས།   མདུན་མཁར་འཇིགས་མེད་གླིང་པ་སྔགས་ཆས།   ཕྱག་སྟབས་སོགས་དཀྱུས་ལྟར་དབུ་སྐྲ་ཐོར་ཅོག་ནག་པོ་ཅན་ལ།   མོས་གུས་བྱས་པས་ཕྱག་ཆོས་འཆད་གླེགས་རལ་ཅན་དུ་གྱུར་ནས།   སྐུ་ཡི་བྱིན་བརླབ་འོད་ཟེར་དང་།   གསུང་པུསྟི།   ཐུགས་རལ་གྲི།   ཡོན་ཏན་ནོར་བུ།   ཕྲིན་ལས་རྒྱ་གྲམ་རྣམས་གནས་ལྔ་ནས་སྤྲོས་ཏེ་བྱིན་རླབས་བསྩལ་བའི་མཐར་རང་ལ་ཐིམ་པ་དང་རང་ལུས་འོད་སྨུག་པོ་ཙིཏྟའི་དབྱིབས་ལྟར་གྱུར་པའི་ནང་དུ་ཨ་ཡིག།   དེ་ལས་འོད་སྤྲོ་བསྡུས་མཐར།   འོད་དེ་ཨ་ལ་ཐིམ།   དེ་ཡང་དམིགས་མེད་དུ་ཡལ་བར་གྱུར་པ་ཞིག་བྱུང་ཡང་།   །ཤེས་ཉམས་འཁྲུལ་པའི་བརྫུན་པོ་ཆེ།   །མི་རྟག་སྒྱུ་མའི་སྣང་བ་ལ།   །རང་གི་ཡིད་ཀྱང་མ་ཆེས་ན།   །གཞན་ལ་སྒྲོགས་པ་ལྟ་ཅི་ཞིག།   གསལ་ལ་མི་གསལ་འཁྲུལ་སྣང་འདིས།   །བྱིས་པའི་མགོ་བོ་སྦོས་པ་འདི།   །ཀུན་མཁྱེན་བླ་མའི་ཡེ་ཤེས་ཀྱི།   །རྡོ་རྗེས་གཞོམ་པར་མཛད་དུ་གསོལ།   །ཚེས༡༣གྱི་ཕྱི་ཐུན་སྐབས།   རྡོ་རྗེ་འཆང་བློ་གཏེར་ཞབས་དྲན།   མཆི་མ་འཁྲུགས་བའི་མོས་གུས་དང་།   གསོལ་འདེབས་ཤྭ་ལོ་ཀ་གསུམ་བྲིས།   སླར་ཡང་མོས་གུས་ཀྱི་རྐྱེན་ལས་ཤེས་ངོར།   གཞལ་མེད་ཁང་ཆུང་ངུ་ཞིག་གི་ནང་སེདྒེའི་ཁྲི་ལ།   རྡོ་རྗེ་འཆང་རབ་བྱུང་གི་ཆས།   པཎ་ཞུ་གསོལ།   ལང་ཚོ་རྒྱས་པ་བཟི་བརྗིད་ཕུན་སུམ་ཚོགས་པའི་སྐུ་གཡས་རྒྱུད་སྡེ་རབ་འབྱམས་ཀྱི་པུསྟི་བརྩེགས་པ་ཞིག་བཞུགས་པར།   རྒྱུད་སྡེ་ཐམས་ཅད་ཀྱི་བྱིན་དབང་ཞིག་ཐོབ་ན་སྙམ་པའི་མོད།   མདུན་མཁར་རྒྱུད་སྡེའི་དཀྱིལ་འཁོར་གྲངས་མེད་པ།   བློས་བསླངས་ནི་མིན་པ།   རས་བྲིས་ལྟ་བུ་ལ།   དེ་ལས་ཆེས་གསལ་བ་དང་།   བུམ་དབང་ནི་གསལ་པོ་ཞིག་ཀྱང་མ་བྱུང་།   གསང་དབང་ཐོད་ཆང་།   ཐུགས་ཤེར་ཡེ་ཕྱག་རྒྱ་སྤྲད་པ་དང་།   །སྙོམས་ཞུགས་ཀྱི་བདེ་བ་བག་ཙམ་སྐྱེས།   དབང་བཞི་པ་ཤེལ་རྡོ་ཧཱུྃ་ཡིག།   ཁྱད་པར་ཐུགས་ཀ་ནས་འོད་ལྔའི་གོང་བུ་སྙིམ་པ་ཁ་སྦྱོར་ཙམ་ནང་དུ།   ཨཿཡིག་ཕྲ་བ་ཡོད་པ་བསྟིམས་ནས།   བླ་མ་རྡོ་རྗེ་འཆང་སྔོན་པོར་གྱུར་ནས་རང་ལ་ཐིམ་པ་དང་།   སླར་ཡང་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་སྔོ་དམར།   ཞབས་གར་སྟབས་ཅན་མདུན་མཁར་བྱོན་ཏེ།   དཔའ་བོ་མཁའ་འགྲོ་རྣམས་གར་སྟབས་ཚུབས་སེས།   གླེགས་བམ་རྣམས་གཏད་ནས་ཆོས་ཀྱི་བདག་པོ་ཡིན་པའི་དབུགས་དབྱུངས།   བླ་མ་རིག་འཛིན་འཁོར་བཅས་གླེགས་བམ་དང་བཅས་པ་རང་ལ་ཐིམ་པ་དང་།   རང་ཡང་ཧེ་རུ་ཀ་དེར་གྱུར་ནས།   དཔའ་བོ་མཁའ་འགྲོས་བསྐོར་བར་གྱུར་པའི་ངང་ཉམས་སད་ཅིང་།   དེ་ནས་ཡུད་ཙམ་བར་རིག་པ་གཏད་མེད་དུ་གྱུར་ཏོ།   གུ་ཧྱ།   ཚེས༡༧ལ།   བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ་འཐོར་ཀློག་བྱས།   དེ་ནུབ་སྲོད་ཐུན་སྐབས།   རྗེ་མཁྱེན་བརྩེས།   ལཱུ་ཧི་པ་ལས་ཉེ་བརྒྱུད་བརྙེས་པའི་རྣམ་ཐར་ཡིད་ཡུལ་ཤར་རྐྱེན་གྱིས་བྱས་པ་ལྟ་བུས།   མདུན་མཁར་ལཱུ་ཧི་པ་སྔོ་ནག་རལ་པ་ཐོད་དུ་ཐོར་ཚུགས་འབུར་ཆེན།   འཇིགས་སུ་རུང་བ།   གཡས་ཉ་བཟུང་ནས་ཞལ་དུ་འགྲད་པ་གཡོན་མཉམ་བཞག་ཐོད་པ་ཅན་ཤེས་ཉམས་ངོར་གསལ་བས།   ཨེ་མ་ཧོཿསངས་རྒྱས་ཀུན་གྱི་བདེ་བ་ཆེ།   །ཡང་དག་ཡེ་ཤེས་སྒྱུ་མ་མཆོག།   བདེ་ཆེན་མཆོག་གི་གྲུབ་སྟེར་བ།   །རྣལ་འབྱོར་ཀུན་བདག་ཨེ་མ་ཧོཿཞེས་གསུངས་ཤིང་།   ཐུགས་ཀར་བདེ་མཆོག་ཞལ་ཕྱག་རྒྱས་པ་གཙོ་འཁོར་རྣམས་བཞུགས་པ་དང་དེ་ནས་རང་གིས།   ཨེ་མ་ཧོཿཡང་དག་ཡེ་ཤེས་བདེ་བ་ཆེན་པོའི་དཔལ།   །རྣལ་འབྱོར་སྒྱུ་མ་མཁའ་འགྲོ་བདེ་བའི་མཆོག།   སངས་རྒྱས་ཀུན་གྱི་གསང་བའི་འདོད་སྟེར་མ།   །ཡང་དག་ཡེ་ཤེས་བདག་གིས་འགྲུབ་པར་མཛོད།   །ཅེས་གསོལ་བས།   ལཱུ་ཧི་པའི་ཕྱི་དབྱིབས་ཀྱང་བདེ་མཆོག་གི་སྐུར་གྱུར་པས་རང་ཞལ་དུ་དྲངས།   ཡེ་ཤེས་སེམས་དཔའི་སྐུ་ཡི་དབྱིབས་བརྒྱུད།   མཁའ་གསང་ནས་ཕྱིས་བཏོན་པ།   རང་ལུས་འདི་ཡིན་མེད་པར།   བདེ་མཆོག་གི་མཁའ་གསང་།   བུམ་གཏེར་ཆེན་པོའི་དབྱིབས་འདྲ་བ།   སྨུག་པོ་མཆིན་ཁ་འོད་འཕྲོ་བ་དེ་ཉིད་རང་གི་སྤྱི་གཙུག་ཏུ་ཁ་སྦྱར་ནས།   བདུད་རྩི་བབས་པས་བུམ་དབང་།   གསང་བ།   ཤེར་ཡེ།   དབང་བཞི་པ་རྣམས་བདུད་རྩིའི་རྒྱུན་གཅིག་གིས་བསྐུར་བའི་མཐར།   ཌཱ་མ་རུའི་སྒྲ་ཞིག་གིས་སྣང་ཆ་དབྱིངས་སུ་ཐིམ་པར་གྱུར་ཏོ།   །ཚིགས་བཅད་འདི་རྣ་བའི་ལམ་ནས་ཐོས་རྒྱུ་དངོས་ཀྱང་མེད་པའི་རང་གི་ཤེས་ཉམས་དང་།   ཕྱི་རོལ་ནས་གསུངས་ཉམས་འདྲེས་པ་ལྟར་རེད་ལགས།   ཟླ་༡༠ཚེས༡༦ལ་སྔ་ཐུན་དུ།   ཐང་རྒྱལ་དང་།   ལྷ་བཙུན་ནམ་མཁའ་འཇིགས་མེད་གཉིས་ཀྱིས།   ཧེ་རུ་ཀའི་ཆས་དབང་བསྐུར་བའི་སྣང་བ་བྱུང་།   ཚེས་༡༧རིག་པའི་རྩལ་དབང་སྐབས་ཆས་ཞུགས་ཀྱང་བྱས།   བྱིན་རླབས་ཀྱི་བབས་ཆེན་པོ་ཞིག་ཀྱང་བྱུང་།   དབང་གྲུབ་པའི་གཏང་རག་མཎྜལ་སྐབས།   རང་ཉིད་དེའི་སྔོན་ནས་རིག་པ་གསལ་ངར་ཐོན་པས།   མཉམ་བཞག་ལྟ་སྟང་གི་དབྱིངས་ལ་གཟིར་བས།   རིག་འཛིན་ཆེན་པོ་སྐུ་དབྱིབས་སྔར་འདྲ་ལ་དམར་མདངས་ཆེ་བ།   སྐུ་གཟན་དམར་ཁ་གསོལ་བ་དང་།   ཕྱག་གཉིས་ཀྱི་དགོངས་ཟང་གླེགས་བམ་གྱི་བཀའ་གཏད་མཛད་པ།   ཤེལ་རྡོ་དང་།   གཞན་ཡང་དབང་རྫས་གཅིག་ཡོད་སྙམ་ཡང་མ་ངེས་ཤིང་།   ཐུགས་ཀ་ནས་ཨ་ཡིག་སྤྲོས་པ་རང་གི་སྙིང་ཁར་ཐིམ་པ་དང་།   མཎྜལ་འདོན་རྒྱུ་ཞོགས་ནས་དར་ཙམ་ལུས་པ་འཕར་གཡོ་གཉིས་བྱུང་བ་དང་ཉམས་སད་པར་གྱུར་ཏོ།   །དེས་མཚོན་ཏེ་རེ་རེ་བཞིན་བརྗོད་པར་མི་ནུས་ཀྱང་།   དོན་གྱི་སྙིང་པོ་བསྡུས་ཏེ་རྗེ་གོང་མའི་རྣམ་ཐར་བཞིན་ཟབ་མོ་ཉེ་བརྒྱུད་ཀྱི་དག་སྣང་བྱུང་ཚུལ་ཅུང་ཟད་བརྗོད་ན།   ཐོག་མར་སྔ་འགྱུར་རྙིང་མའི་སྐོར་ལ།   གནུབས་ཆེན་སངས་རྒྱས་ཡེ་ཤེས་ལས།   སྔར་འགྱུར་བཀའ་མའི་ཆོས་སྐོར་སྤྱི་དང་།   ཁྱད་པར་མདོ་དགོངས་འདུས་ཀྱི་ཆོས་སྐོར་ཡོངས་རྫོགས་སྔ་ཕྱིར་ཉེ་བརྒྱུད་དུ་གསན།   སྐལ་ལྡན་རྒྱལ་པོ་ཛཿའཁོར་ལོས་བསྒྱུར་བའི་ཆས་ཅན་ལས།   ཏནྟྲ་སྡེ་བཅོ་བརྒྱད་ཀྱི་དབང་བསྐུར་ཆོས་སྐོར་ཉེ་བརྒྱུད་ཁྱད་པར་ཅན་གསན།   དཔལ་སྤྲུལ་སེམས་དཔའ་ཆེན་པོ་ལས།   རྒྱུད་ལུགས་འཇམ་དཔལ་གྱི་དབང་བསྐུར་གསན།   གཏེར་མའི་སྐོར་ལ།   སྤྱིར་འོད་གསལ་དུ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ་ལས།   མཁྱེན་བརྩེ་གོང་མའི་སྙན་བརྒྱུད་ཕུར་པས་མཐའ་རྟེན་ཅན་གྱི་རིན་ཆེན་གཏེར་མཛོད་ཡོངས་རྫོགས་གསན་པར་གསུངས་ཤིང་།   ཁྱད་པར་དག་པའི་སྣང་བར།   ཟངས་མདོག་དཔལ་གྱི་རི་བོའི་པདྨ་འོད་ཀྱི་གཞལ་ཡས་སུ་ལན་གསུམ་ཕེབས་པར།   གུ་རུ་པདྨ་དངོས་ཀྱི་དྲུང་ལས།   དང་པོར་བླ་མ་གསང་འདུས་ཀྱི་དབང་ཆེན།   གཉིས་པར།   དཀོན་སྤྱིའི་དབང་དང་།   གཏེར་ཆོས་པོད་མང་གི་བཀའ་གཏད།   གསུམ་པར་སྒྲུབ་པ་བཀར་བརྒྱད་ཀྱི་དབང་ཆེན་རྣམས་ཉེ་བརྒྱུད་དུ་གསན།   མངའ་བདག་ཉང་ཉི་མ་འོད་ཟེར་ལས།   གསང་ཡེའི་དབང་དང་།   བཀའ་བརྒྱད་ཀྱི་དབང་།   ཕུར་པའི་དབང་ཆེན་བཅས་ཉེ་བརྒྱུད་དུ་གསན།   རིག་འཛིན་རྒོད་ལྡེམ་ལས།   དགོངས་པ་ཟང་ཐལ་དང་།   ཚེ་སྒྲུབ་ལྕགས་སྡོང་མ་ཉེ་བརྒྱུད་དུ་གསན།   མཁན་སློབ་ཆོས་གསུམ་ལས།   སྡོམ་གསུམ་གྱི་གནད་བསྡུས་རེ་གསན།   གཏེར་ཆེན་རྡོ་རྗེ་གླིང་པ་ལས།   རང་གཏེར་ཡོངས་རྫོགས་དང་།   སེ་ར་མཁའ་འགྲོ་ལས།   དེ་ཉིད་ཀྱི་གཏེར་ཆོས་སྐོར།   ལས་རབ་གླིང་པ་ལས།   རྟ་མགྲིན་གྱི་དབང་བསྐུར།   མཆོག་གྱུར་བདེ་ཆེན་གླིང་པ་ལས།   སྒྱུ་འཕྲུལ་ཚེ་དཀར་གྱི་དབང་བསྐུར་རྣམས་གསན།   པཎ་ཆེན་བི་མ་ལས།   གླེགས་བམ་གྱི་བཀའ་གཏད་དང་།   རིག་འཛིན་འཇའ་ཚོན་སྙིང་པོ་ལས།   དཀོན་སྤྱི་དང་ཕུར་པ།   ཞི་ཁྲོ་སོགས་གཏེར་ཆོས་མང་པོའི་དབང་བསྐུར་ཉེ་བརྒྱུད་དུ་གསན།   ཙྭ་འདྲའི་འཇམ་མགོན་ཀོང་སྤྲུལ་ཡང་སྲིད་ལས།   དག་པའི་སྣང་བར།   རིན་ཆེན་གཏེར་མཛོད་ཀྱི་བཅུད་སྙིང་རྩ་གསུམ་ཆོས་སྲུང་སོགས་ཀྱི་དབང་བསྐུར་བསན་པ་སོགས་བསམ་གྱིས་མི་ཁྱབ་པ་བཞུགས།   གཉིས་པ་ཕྱི་འགྱུར་གསར་མའི་ཆོས་སྐོར་ལ།   དང་པོ་ནི་བླ་མ་རྡོ་རྗེ་འཆང་ཉིད་དཔལ་འཁོར་ལོ་བདེ་མཆོག་དང་ཐ་མི་དད་པར་བཞུགས་པས།   བདེ་མཆོག་ཡབ་ཡུམ་དང་དེའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་གསལ་སྣང་ཡང་ཡང་བཞེས་ཤིང་།   གཞན་ཡང་གྲུབ་ཆེན་ནག་པོ་སྤྱོད་པ་དང་།   ལཱུ་ཧི་པ།   རྣལ་འབྱོར་དབང་ཕྱུག་མི་ལ་རས་པ།   །རྗེ་བཙུན་གྲགས་པ་རྒྱལ་མཚན།   གྲུབ་སྨྱོན་གཙང་པ་རྒྱ་རས།   གྲུབ་ཆེན་ཐང་སྟོང་རྒྱལ་པོ།   ཇོ་ནང་རྗེ་བཙུན་སྒྲོལ་མགོན་སོགས་ལས།   དཔལ་འཁོར་ལོ་བདེ་མཆོག་གི་དབང་བསྐུར་དང་བྱིན་རླབས་སོགས་ཤིན་ཏུ་གསལ་ཞིང་ངོ་མཐར་ཅན་མང་པོ་ཉེ་བརྒྱུད་དུ་གསན།   རྡོ་རྗེ་ཕག་མོས་ཀྱང་དབང་བསྐུར་ཞིང་བྱིན་གྱིས་བརླབས།   རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཡང་མཇལ་ཞིང་བྱིན་རླབས་བཞེས་པ་སོགས་བཞུགས།   གཉིས་པ་ནི།   བླ་མ་རྡོ་རྗེ་འཆང་ཉིད་རྣལ་འབྱོར་གྱི་དབང་ཕྱུག་བིཪྺ་པ་དང་ངོ་བོ་དབྱེར་མེད་དུ་བཞུགས་པས།   གྲུབ་དབང་དེ་ཉིད་ཀྱིས་ཞལ་བསྟན་པ་དང་།   དབང་བསྐུར་བ།   བྱིན་གྱིས་བརླབས་པ།   དབྱེར་མེད་དུ་གྱུར་པ་སོགས་ཤིན་ཏུ་མང་།   དཔལ་ཀྱེ་རྡོ་རྗེ་དང་།   བདག་མེད་ལྷ་མོ་བཅོ་ལྔའི་ཞལ་གཟིགས་ཤིང་བྱིན་རླབས་བཞེས་པ་དང་།   པཎ་ཆེན་ག་ཡ་དྷཱ་ར་ལས།   གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་བཅུད་སྙིང་དང་།   བླ་མ་ས་སྐྱ་པ་ཆེན་པོ་ལས།   ལམ་འབྲས་རྣམ་འགྲེལ་བཅུ་གཅིག།   བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས།   ཀྱེ་རྡོར་དབང་དང་།   ལམ་འབྲས་རྒྱུད་གསུམ་གྱི་ཁྲིད་ལ་སོགས་པ་སྟེ།   དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར་ཉེ་བརྒྱུད་དུ་གསན།   གསུམ་པ་ནི།   རྒྱ་གར་གྱི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལས།   གསང་འདུས་འཇམ་པའི་རྡོ་རྗེའི་དབང་ཆེན་དང་།   །གསང་འདུས་ཆོས་སྐོར་གྱི་གླེགས་བམ་གྱི་གདམས་གཏད།   གཉན་ལོ་ཙཱ་དར་མ་གྲགས་ལས་ཀྱང་།   གསང་འདུས་འཇམ་པའི་རྡོ་རྗེའི་དབང་ཆེན།   ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལས།   གསང་འདུས་མི་བསྐྱོད་པ།   རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་ལས།   གསང་བ་འདུས་པ་གསན་པ་ལ་སོགས་པ་སྟེ།   དཔལ་གསང་བ་འདུས་པའི་ཆོས་སྐོར་ཉེ་བརྒྱུད་དུ་གསན།   བཞི་པ་ནི།   གྲུབ་ཆེན་ལ་ལི་ཏ་བཛྲ་ལས།   རྡོ་རྗེ་འཇིགས་བྱེད་ཀྱི་དབང་བསྐུར་ངོ་མཚར་ཅན་དང་།   གཤིན་རྗེའི་གཤེད་ཀྱི་དཀྱིལ་འཁོར་དངོས་དང་།   སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་ལས།   འཇམ་དཔལ་གཤིན་རྗེའི་དབང་དང་།   རྒྱུད་ལུང་མན་ངག་གི་གདམས་གཏད་དང་བཅས་པ་བཞེས་པ་སྟེ།   དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་ཉེ་བརྒྱུད་དུ་གསན།   ལྔ་པ་ནི།   རྡོ་རྗེ་ཕུར་པ་དངོས་ལས།   སྐུ་གསང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་བཞེས་པ་དང་།   ལང་ལབ་བྱང་ཆུབ་རྡོ་རྗེ་ལས།   ཕུར་པའི་དབང་བསྐུར་ངོ་མཚར་ཅན་དང་།   ཕུར་པའི་རྒྱུད་ལུང་མན་ངག་ཡོངས་སུ་རྫོགས་པའི་གླེགས་བམ་གྱི་གདམས་གཏད་བཞེས།   ས་སྐྱ་སྒྲོལ་མ་ཕོ་བྲང་གི་གདུང་སྲས་ཀུན་དགའ་རིན་ཆེན་ལས་ཀྱང་།   དག་སྣང་དུ་ཕུར་པའི་དབང་བཞེས་པ་སྟེ།   དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཆོས་སྐོར་ཉེ་བརྒྱུད་དུ་གསན།   དྲུག་པ་ནི།   ཀུན་མཁྱེན་ཆེན་པོ་ཇོ་ནང་རྗེ་བཙུན་ལས།   དུས་ཀྱི་འཁོར་ལོའི་དབང་བསྐུར་ཁྱད་པར་ཅན་བཞེས་པ་དང་།   མནལ་ལམ་འོད་གསལ་དུ།   འཇིག་རྟེན་མགོན་པོ་རྒྱལ་མཆོག་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ལས་ཀྱང་།   དུས་འཁོར་གྱི་དབང་བཞེས།   ཀུན་མཁྱེན་བུ་སྟོན་ཆེན་པོ་ལས།   འགྲེལ་ཆེན་དྲི་མེད་འོད་བཞེས་པ་སྟེ།   དཔལ་དུས་ཀྱི་འཁོལ་ལོའི་ཆོས་སྐོར་ཉེ་བརྒྱུད་དུ་གསན།   བདུན་པ་ནི།   རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་དངོས་ལས།   དབང་བཞི་ཁྱད་པར་ཅན་བཞེས་པ་དང་།   གསང་བདག་བློ་གཏེར་དབང་པོ་ཉིད།   དཔལ་ནག་པོ་ཆེན་པོ་དངོས་སུ་གཟིགས་ཏེ་དབང་བཞི་སོགས་གནང་།   དཔལ་མགོན་ཞལ་བྲམ་གཟུགས་སུ་གཟིགས་པ་དངོས་ལས།   སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་བཞེས།   མགོན་པོ་ཕྱག་བཞི་པ་དངོས་ལས།   སྐུ་གསུང་ཐུགས་སོགས་ཀྱི་དབང་བསྐུར་བཞེས་པ་སོགས་ཏེ།   རྡོ་རྗེའི་ཆོས་སྲུང་རྣམས་ཀྱི་ཆོས་སྐོར་ཉེ་རྒྱུད་དུ་གསན།   བརྒྱད་པ་ནི།   རྗེ་བཙུན་མ་སྒྲོལ་དཀར་དངོས་ཀྱིས་ཚེ་དབང་བསྐུར་བའི་ཉམས་བཞེས་པ་དང་།   མ་གཅིག་གྲུབ་པའི་རྒྱལ་མོ་དང་།   གྲུབ་ཆེན་ཐང་རྒྱལ་ལས།   ཚེ་དབང་ཁྱད་པར་ཅན་ལན་འགའ་རེ་བཞེས་པ་དང་།   ཆོས་རྗེ་ས་པཎ་ལས།   ཚེ་ཡི་བྱིན་རླབས།   མཁྱེན་བརྩེའི་དབང་པོ་ལས།   ཚེ་དབང་།   རྗེ་བློ་གཏེར་དབང་པོ་ལས།   སྒྲོལ་དཀར་གྱི་དབང་བཞེས་པ་སོགས་ཏེ།   ཚེ་སྒྲུབ་ཀྱི་སྐོར་ཉེ་བརྒྱུད་དུ་གསན།   དགུ་པ་ནི།   གསང་བདག་རྡོ་རྗེ་འཆང་བློ་གཏེར་དབང་པོ་ལས།   དག་པའི་གཟིགས་ངོར་རྒྱུད་སྡེ་ཀུན་བཏུས་ཡོངས་རྫོགས་ཀྱི་དབང་དང་བྱིན་རླབས།   གླེགས་བམ་གྱི་གདམས་གཏད་སོགས།   ཤིན་ཏུ་ངོ་མཚར་ཞིང་ཁྱད་པར་འཕགས་པ་ཐེངས་ཁ་ཤས་ཉེ་བརྒྱུད་དུ་གསན།   བཅུ་པ་ནི།   ངོར་ཆེན་རྡོ་རྗེ་འཆང་ལས།   ཐེག་པ་ཆེན་པོའི་སོ་སོར་ཐར་པ་བསྙེན་རྫོགས་ཀྱི་སྡོམ་པ་དང་།   གྲུབ་ཆེན་ས་ར་ཧ་ལས།   གནས་བརྟན་རྒན་པོར་འགྱུར་པའི་དབང་བཅས་གསན།   མགོན་པོ་བྱམས་པ་ལས།   བྱམས་ཆོས་སྡེ་ལྔ་དང་།   དཔལ་ལྡན་ཟླ་གྲགས་ལས།   །དབུ་མ་འཇུག་པ།   ཆོས་རྗེ་ས་པཎ་ལས།   ཚད་མ་རིགས་གཏེར།   རྗེ་རིན་པོ་ཆེ་ལས།   ལེགས་བཤད་གསེར་ཕྲེང་།   ཀུན་མཁྱེན་རོང་སྟོན་ཆེན་པོ་ལས།   ཤེར་ཕྱིན་བརྒྱད་སྟོང་གི་གླེགས་བམ་དང་ཞི་བྱེད་ཀྱི་གླེགས་བམ་གཉིས་ཀྱིས་མདོ་སྔགས་ཀྱི་བཀའ་གཏད་དང་།   ཤེར་འགྲེལ་སོགས་ཉིད་ཀྱི་གསུང་སྐོར་ཡོངས་རྫོགས།   ཀུན་མཁྱེན་བསོད་ནམས་སེངྒེ་ལས།   རྗེ་དེ་ཉིད་ཀྱི་གསུང་རབ་ཡོངས་རྫོགས།   རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེ་ལས།   རྗེ་རང་ཉིད་ཀྱི་གསུང་འབུམ།   གནས་མདོ་ཀརྨ་ཆགས་མེད་ལས།   ཁོང་ཉིད་ཀྱི་གསུང་འབུམ།   རྫ་དཔལ་སྤྲུལ་རིན་པོ་ཆེ་ལས།   ཀློང་སྙིང་སྔོན་འགྲོའི་ཁྲིད་ཡིག།   རྨེ་རུ་ཆོས་འགྲུབ་ལས།   དེ་ཉིད་ཀྱི་གསུང་འབུམ།   མཁན་ཆེན་ངག་དཔལ་ལས།   ཁོང་ཉིད་ཀྱི་གསུང་འབུམ།   མཁས་དབང་བླ་མ་བཀྲ་འཕེལ་ལས།   བྱང་ཆུབ་ལམ་རིམ་གསེར་ཞུན་མ།   རྒྱལ་བ་ཡང་དགོན་པ་ལས།   རི་ཆོས་ཡོན་ཏན་ཀུན་འབྱུང་ལ་སོགས་པ་སྟེ།   མདོ་སྔགས་སྣ་ཚོགས་པའི་ཆོས་སྐོར་དཔག་ཏུ་མེད་པ་ཞིག་ཉེ་བརྒྱུད་དུ་གསན་པའོ།   །ཁྱད་པར་དགུང་གྲངས་ང་དྲུག་པར་རྟེན་བསྒྱུར་ཉེ་རྒྱུའི་སྤྱོད་པ་གནང་བའི་ཚུལ་ནི།   གསར་རྙིང་རྒྱུད་སྡེ་ཆེན་མོ་རྣམས་ནས་གསུངས་པའི་ལམ་གྱི་ཡོན་ཏན་མངོན་དུ་གྱུར་ཏེ་མཐར་འབྲས་མངོན་དུ་བྱེད་པར་ཉེ་རྒྱུའི་སྤྱོད་པའི་ས་མཚམས་སྔ་ས་ནས་སླེབས་ཏེ།   རྡོར་སེམས་ཀྱིས་ཞལ་གཟིགས་པ་ན།   རྟེན་འབྲེལ་མཐུན་རྐྱེན་དུ་གྱུར་ཏེ་ཉེ་རྒྱུའི་གྲོགས་དང་འགྲོགས་ནས་རྨ་སྨད་དུ་སོང་ན་ལོ་བརྒྱའི་མཐར་འཇའ་ལུས་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་པའི་ལུང་བསྟན་སོགས་མང་དུ་བྱུང་འདུག་ཀྱང་རྗེ་འདི་ཉིད་གསང་བ་སྲུང་བ་ལ་ཐུགས་སྒམ་ཞིང་།   བསྟན་པའི་མིག་ལྟོས་ལ་གཟིགས་ནས་རྟེན་འབྲེལ་ཐམས་ཅད་གཞན་དབང་དུ་གྱུར།   ཕྱིས་དགུང་གྲངས་ཞེ་དྲུག་སྐོར་ནས་སྐུ་ལུས་འཕར་གཡོ་ལྟ་བུའི་སྙུན་རྐྱེན་ལ་རྟེན།   སི་ཏུ་པདྨ་དབང་མཆོག།   སྐུ་ཡི་གཅུང་འཆི་མེད་པདྨ་རྡོ་རྗེ།   མཁྱེན་སྤྲུལ་རབ་གསལ་ཟླ་བ།   རྒྱལ་སྲས་འཇམ་མགོན་མཆོག་སྤྲུལ་སོགས་ལ་ལུང་བསྟན་བྱུང་བ་བཞིན་རྗེ་བླ་མར་གསོལ་བ་བཏབ་པ་དང་དུ་བཞེས་ཏེ།   རྗེ་བླ་མ་མཆོག་གི་གཟིགས་ལམ་དུ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་རོལ་དུ་གསལ་བའི་ལ་དཀར་སྲས་མོ་ཚེ་རིང་ཆོས་སྒྲོན་ཞེས་དམ་པའི་ཡོན་ཏན་སུས་ཀྱང་འགྲན་ཟླ་མེད་པ་ད་ལམ་ཞལ་བཞུགས་བཞིན་པ་འདི་ཉིད་གྲོགས་སུ་བསྟེན།   དེ་ནས་དགུང་ལོ་ང་དྲུག་སྟེང་གི་དགུང་ཀེག་གི་ལུང་བསྟན་ལས་གྲོལ་ཏེ་སྙུན་གཞི་སེངས་དྭངས་སོང་།   དེའི་ཚུལ་རྣམ་ཐར་ཞལ་གསུང་ལས།   ད་ནི་རང་ལོ་བརྒྱ་ཕྱེད་ལ།   །འདོད་ཡོན་བསེ་རུའི་གྲངས་ལྷག་སོན།   །གཏེར་སྟོན་དང་ནི་གྲུབ་ཐོབ་ཀྱི།   །ཤས་ཙམ་བདག་ལ་མི་བདོག་ཀྱང་།   །རེ་ཞིག་མ་ཤི་གསོན་གྱུར་ན།   །རང་དོན་སྒྲུབ་པའི་ཞར་བྱུང་དུ།   །གཞན་ལ་ཕན་པའང་ཆ་ཤས་འབྱུང་།   །དེ་ཕྱིར་གོང་མ་ཀུན་གཟིགས་རྗེའི།   །གསང་བའི་ལུང་གི་ཚིག་ཟུར་དང་།   །འཇམ་མགོན་ཀོང་ཆེན་ཞལ་འཕྲོས་སོགས།   །དམ་པ་རྣམས་ཀྱི་ལུང་བྱང་དང་།   །རང་གི་རིག་ངོར་ཐོན་པ་བཞིན།   །ཚེ་ལམ་ཕྱག་རྒྱའི་རྟེན་འབྲེལ་བསྒྲིགས།   །ཐེག་དམན་སོར་སྡོམ་ཕུལ་བྱས་ཤིང་།   །དེར་བརྟེན་རྟོགས་པ་མི་ལྡན་ཀྱང་།   །སེམས་བསྐྱེད་དགེ་བ་ཉིད་དུ་སྨོན།   །འདི་ཡིས་ཕན་པར་འགྱུར་བ་ཡི།   །དམ་བཅའ་བྱེད་དུ་མ་མཆིས་ཀྱང་།   །རང་གཞན་རྐྱེན་དབང་མ་གྱུར་ན།   །རེ་ཞིག་འཚོ་བར་འགྱུར་ཡང་སྲིད།   ཅེས་གསུངས་པ་ལྟར་རོ།   །ཁྱད་པར་ཟབ་གཏེར་གྱི་བཀའ་བབས་ཆེན་པོ་བཞུགས་པར་ངེས་ཀྱང་ཇི་བཞིན་རྩལ་འདོན་མ་གནང་ནའང་སྐུ་གསུང་ཐུགས་རྟེན།   བླ་རྡོ་སོགས་ཁྱད་མཚར་དུ་མ་ཕྱག་ཏུ་རྩོལ་མེད་ཀྱིས་འབྱོར་བ་དང་།   དགོངས་གཏེར་གྱི་ཆོས་ཚན་ཁ་ཤས་དང་།   རྡོ་རྗེའི་གནས་ཞལ་གསར་འབྱེད།   དེའི་གནས་ཡིག།   རྙིང་པ་རྣམས་ལ་གནས་ཆེན་བྱིན་འབེབས།   ལྷ་སྲིན་དམ་བསྒྲགས།   རབ་གནས་སོགས་ཆེད་དང་ཞར་བྱུང་དུ་མཛད་དོ།   །དེ་ལྟ་བུའི་རྣམ་ཐར་ཐུན་མོང་དང་ཐུན་མོང་མ་ཡིན་པ་བསམ་ཡུལ་ལས་འདས་པ་བསྟན་ནས།   དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་དྲུག་པའི་ས་ཕག་ཟླ་བ་ལྔ་པའི་ཚེས་དྲུག་གི་དགོངས་མོར།   སྔ་ཕྱིར་ས་གཡོ་བ་དང་སྒྲ་དང་མཚན་མོ་འོད་འཕྲོ་བ་ཆུ་པར་རྒྱབ་དུ་ཡོད་པ་སོགས་ཀྱི་ལྟས་ཁྱད་པར་ཅན་དང་བཅས་རྒྱ་གར་འབྲས་ལྗོངས་ཆོས་རྒྱལ་ཆེན་པོའི་གཙུག་ལག་ཁང་དུ་སླར་ཡང་བི་མ་ལའི་ཐུགས་ཀར་ཐིམ་པར་གྱུར་ཏོ།   །དམ་པ་འདི་ཉིད་ཀྱི་ཕྱིའི་གདུང་རྟེན་འབྲས་ལྗོངས་བཀྲ་ཤིས་སྡིངས་སུ་བཞུགས་ཤིང་ནང་གི་གདུང་རྟེན་འབྲས་ལྗོངས་གཙུག་ལག་ཁང་དུ་བཞུགས།   རྗེ་འདི་ཉིད་ཀྱི་རྣམ་ཐར་ཞལ་གསུང་ཚིགས་བཅད་མ་དང་།   ཐང་རྒྱལ་སྙན་རྒྱུད་ཀྱི་བླ་རྒྱུད་རྣམ་ཐར་ཁ་སྐོང་དུ་རྗེ་ཉིད་ཀྱི་རྣམ་ཐར་བསྡུས་པ་ཞལ་གསུང་།   དེལ་མཁྱེན་རྡོ་རྗེ་འཆང་གིས་མཛད་པའི་རྣམ་ཐར་ཆེན་མོ།   །མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གིས་བསྒྲིགས་པའི་གསང་བའི་རྣམ་ཐར་དང་།   འཁྲུངས་རབས་རྣམ་ཐར།   གསང་རྣམ་གསོལ་འདེབས་རྒྱས་བསྡུས་སོགས་དཔྱད་གཞིར་བྱས་ཏེ་མདོར་བསྡུས་གཟིགས་བདེར་བྲིས་སོ།   །གང་གི་གསང་བ་གསུམ་གྱི་ཆ་ཤས་ཙམ།   །མོས་ལྡན་རྗེས་འཇུག་སྤྲོ་བ་བསྐྱེད་སླད་དུ།   །ཅུང་ཟད་བརྫོད་འདིས་མཁའ་མཉམ་འགྲོ་བ་ཀུན།   །བླ་མ་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག།   ཅེས་པའང་རྫོང་སར་དགོན་གྱི་གནས་སྐབས་ལས་ཀའི་ཁུར་ལེན་པོ་བློ་གྲོས་ཕུན་ཚོགས་ནས་རབ་བྱུང་བཅུ་བདུན་པའི་ལྕགས་ལུག་ལོར་རྫོང་སར་ལོ་རྒྱུའི་བྲིས་པ་ལས་སླར་ལོ་དེ་ཉིད་དུ་མཁྱེན་བརྩེ་གོང་འོག་གཉིས་ཀྱི་རྣམ་ཐར་གཟིགས་བདེར་ཁོལ་དུ་ཕྱུང་བ་འདིས་དཔལ་ལྡན་བླ་མའི་ཕྲིན་ལས་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག།   དགེའོ།   །དགེའོ།   །དགེའོ།   །།   །
  • ལེ་ཚན་སྔོན་མ།:མི་ཉག་ཀུན་བསོད་ཀྱི་རྣམ་ཐར།
  • ལེ་ཚན་རྗེས་མ།:རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར།