མི་ཉག་ཀུན་བསོད་ཀྱི་རྣམ་ཐར།

རྒྱ་རུ་རིག་བསྟན།        2012-08-08

མི་ཉག་ཀུན་བསོད་ནི་ཡབ་གོ་ཤུལ་དགའ་ལྡན་དང་། ཡུམ་ཁུས་མོ་བཟང་གི་སྲས་སུ་རབ་བྱུང་བཅུ་བཞིག་པའི་ཆུ་མོ་ལུག་གི་ལོར།སྤྱི་ལོ༡༨༢༣ཡུལ་མཎྜལ་ལ་ཁ་རུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་ཐམས་ཅད་ཚེགས་མེད་དུ་མཁྱེན། གླིང་སྤྲུལ་ཐུབ་བསྟན་དཔལ་བཟང་པོའི་མདུན་ནས་བསྙེན་རྫོགས་ཞུས་ཏེ་མཚན་ཐུབ་བསྟན་ཆོས་ཀྱི་གྲགས་པ་གསོལ། ཁོང་གྲྭ་ས་སེར་འབྲས་སོགས་སུ་ཕེབས་ཏེ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་མང་དུ་བསྟེན་ནས་གཞུང་ལུགས་ཀུན་ལ་ཐོས་བསམ་གྱི་མཐའ་རྒྱ་བཅད་ནས། སེར་འབྲས་གཉིས་ཀྱི་འཚོགས་གླེང་སྐབས་ཁོང་གིས་འདུལ་ཤིང་གཉིས་མདུན་རྒྱབ་རུ་གླེགས་ཐག་གིས་སྤྲས་ཏེ་སྤོབས་པ་བསྐྱེད་ནས་འདུལ་བ་པོད་བཅུ་གསུམ་ཐུགས་ཐོག་གིས་འཆད་ཐུབ་པས་མཁས་པ་སུས་ཀྱང་འགྲན་ཟླ་དབེན། སྐབས་དེར་ཀུན་གྱིས་ཁོང་ལ་ར་ཤེལ་པཎ་ཆེན་ཞེས་བསྟོད་བསྔགས་ཐོབ། གཞན་ཡང་རྫོགས་ཆེན་མཁན་པོ་དམ་ཆོས་འོད་ཟེར་དང་། དགེ་མང་རྒྱལ་སྲས་གཞན་ཕན་མཐའ་ཡས། རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའ་རྡོ་རྗེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་དམ་པ་མང་དུ་བསྟེན། ཁྱད་པར་དུ་དཔལ་སྤྲུལ་གྱི་མདུན་ནས་སྤྱོད་འཇུག་དང་ཟབ་གནད་ཀྱི་གདམས་པ་མཐའ་དག་ཞུས་པས་ཐུགས་སྲས་ཀྱི་གཙོ་བོར་གྱུར་ནས་སྤྱོད་འཇུག་རང་ལ་མཁས་པ་ཞེས་བསྔགས་པའི་མེ་ཏོག་འཐོར། ཕྱིས་སུ་དཔལ་སྤྲུལ་མཇལ་ས་འགྲོ་མཁན་ཚོ་ལ་ང་ཅི་ཡང་མཇལ་རྒྱུ་མེད། ང་ལ་ཚུལ་ཁྲིམས་ཕྲན་བུ་ཞིག་ཡོད་པ་ནི་ཀུན་བསོད་ཀྱིས་ཁྱེར་སོང་། ཤེས་རབ་ཕྲན་བུ་ཞིག་ཡོད་པ་ནི་འཇུ་མི་ཕམ་གྱིས་ཁྱེར་སོང་། རྟོགས་པ་ཕྲན་བུ་ཞིག་ཡོད་པ་ནི་སྨྱོ་ཤུལ་ལུང་རྟོགས་ཀྱིས་ཁྱེར་སོང་ཞེས་གསུངས་། འཇམ་དབྱངས་མཁྱེན་བརྩེའི་མདུན་ནས་དབང་ལུང་དང་ཐུན་མོང་མ་ཡིན་པའི་ཟབ་མོའི་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་ནས་སློབ་མའི་གཙོ་བོར་གྱུར། སྐབས་དེར་འཇུ་མི་ཕམ་གྱིས་ཁོང་ལ། ཡང་ན་རིག་པ་རིག་པས་བསླུ། །ཡང་ན་རིག་པ་ནོར་གྱིས་བསླུ། ། ཞེས་པ་ལྟར་རང་རེ་གཉིས་ལ་ནོར་ནི་མེད་ད་རིག་པ་རིག་པས་ཉིད་ཀྱིས་བདག་ལ་ཤེར་ཕྱིན་གསུང་དགོས་ཞུས། ཁོང་གིས་དེ་བཞིན་གསུངས་པས་མི་ཕམ་ཚང་གིས་ཤེར་ཕྱིན་མདོ་འགྲེལ་བརྩམས། ཁོང་དབུས་གཙང་ན་བཞུགས་སྐབས་ཆོས་སྐྱོང་གིས་ལུང་བསྟན་གནང་ནས་ཁྱེད་འདིར་བཞུགས་ན་དགའ་ལྡན་ཁྲིར་ཕེབས་ཀྱང་འགྲོ་དོན་རང་ཡུལ་ལ་མར་འབྱོན་ན་ཆེ་གསུངས། དེ་བཞིན་ཁོང་མར་རང་ཡུལ་ལ་ཕེབས་ནས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་སེར་འབྲས་དང་ཀ་དཔལ་ལས་ཀྱང་ལྷག་ཅེས་མཁས་དབང་དུ་མས་བསྔགས་བརྗོད་བྱས། ཁོང་གླགས་བྲག་རྫོང་དགོན་དང་རང་ཡུལ་སོགས་སུ་ཕེབས་ནས་བཤད་སྒྲུབ་ཀྱི་བསྟན་པ་ལ་ཕན་པའི་སློབ་མ་དགྲ་བཅོམ་པ་ལྟ་བུའི་དམ་པ་དུ་མ་གསོ་སྐྱོང་བྱས། སྐབས་དེར་ཁོང་ཉིད་ལ་གཟིམས་ཁང་ཡང་མེད་སྟབས་ཉེ་གནས་དཔལ་ལྡན་འོད་ཟེར་ལ་རང་རེ་འདུག་སའི་ཁང་པ་ཞིག་དགོས་པས་ས་ཆ་བརྟག་སར་འགྲོ་དགོས་ཞེས་ཕེབས་སྐབས་ལམ་བར་ནས་རྟེན་འབྲེལ་བཟང་པོ་འགྲིགས་པས། བེ་ལོ་རི་ཁྲོད་མངོན་དགའ་ནོར་བུའི་གླིང་ཐོག་མར་བཏབ་ནས་མང་ཚོགས་ལ་བློ་དང་འཚམས་པའི་ཆོས་མང་པོ་གསུངས་ནས་དད་ལྡན་གྱི་སྐྱེ་བོ་ཕོ་མོ་མང་པོ་ཆོས་ལམ་ལ་བཙུད་ནས་སྡིག་འཕྲོ་བཅད་མཐར། བོད་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲུལ་ལོ་སྟེ་སྤྱི་ལོ༡༩༠༤ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན། དམ་པ་འདི་ཉིད་ཀྱི་གདུལ་བྱ་རང་རང་གི་མོས་ངོར་སོ་སོའི་བློ་དང་འཚམས་པའི་གསུངས་རྩོམ་ཡོད་པ་རྣམས་ནི། ༼ རྒྱལ་སྲས་ལག་ལེན་གྱི་འགྲེལ་པ༽ དང་ༀ་ཨཱ་ཧཱུང་གསུམ་གྱི་ནང་ཚན་དང་ༀ་དུམ་པའི་ནང་གི་ལེ་ཚན་༼  དཀོན་མཆོག་རྗེས་དྲན་གྱི་འགྲེལ་བ ༽།༼ བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་གི་སྤྱི་དོན་ལེགས་བཤད་སྒྲོན་མེ ༽༼ བྱམས་སྨོན་གྱི་འགྲེལ་བ་རྒྱལ་སྲས་རྣམས་ཀྱི་ཐབས་མཁས་ལ་འཇུག་པའི་སྒོ ༽ ༼ ཟབ་མོ་གཅོད་ཀྱི་ཉམས་ལེན་དང་འབྲེལ་བའི་སྨོན་ལམ་སྙེམས་རྟོག་འཁྲི་བ་ཀུན་གཅོད ༽༼ འབྱུང་བཞིའི་གཏོར་མ་གཏོང་ཚུལ ༽ འདིའི་ཁ་བྱང་བསྡུས་ཡོད། ༼ ཚེ་ཐར་སྲོག་བླུའི་ཕན་ཡོན་འཆི་མེད་ཚེ་ཡི་དཔལ་སྟེར ༽  ༼ བཤེས་གཉེན་བསྟེན་ཚུལ་གྱི་སྨོན་ལམ་༽  ༼  ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོའི་ཚིག་དོན་ལེགས་པར་བཤད་པ་ཆོས་ཀྱི་གན་ཌའི་སྒྲ་དབྱངས༽ ༼ ཆོས་འཁོར་གྱི་སྤྱི་དོན་བསྡུས་པ་ལེགས་བཤད་པའི་ཡང་སྙིང ༽ བཅས་ཡོད་དོ། ། གཉིས་པ་ཨཱ་དུམ་པའི་ནང་གི་ལེ་ཚན་ནི། ༼ འདུལ་བ་གཞི་བཅུ་བདུན་གྱི་སྤྱི་དོན་ཐུབ་བསྟན་གསེར་གྱི་རྒྱལ་མཚན་མཛེས་པར་བྱེད་པའི་ལེགས་བཤད་ནོར་བུའི་ཕྲེང་བ ༽ ༼ སྤྱིར་བསྟན་གྱི་དོན་རྣམ་པར་བཤད་པ་འདུལ་གཞུང་མཛེས་པའི་རྒྱན་ཕྲེང ༽བཅས་ཡོད་དོ། ། གསུམ་པ་ཧཱུང་དུམ་པ་ལ་༼ སྤྱོད་འཇུག་གི་འགྲེལ་བཤད་ལེའུའི་སྤྱི་དོན་རིམ་པར་ཕྱེ་བ་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཡང་གསལ་སྒྲོན་མེ ༽གཉིས་ལས་མེད་མོད། སྔོན་མ་སྡེ་དགེ་དཔར་ཁང་ནང་ས་སྐྱའི་ཡིག་ཆ་མ་གཏོགས་ཡིག་ཆ་གཞན་པ་དཔར་བརྐོ་དཀའ་བའི་རྐྱེན་གྱིས་ཁོང་ཉིད་ཀྱི་གསུངས་ཁ་ཤས་ཁོང་གི་སློབ་མ་ས་སྐྱའི་བསྟན་པའི་མཛེས་རྒྱན་འཇམ་དབྱངས་བློ་གཏེར་དབང་པོའི་གསུང་ཡིན་ཞེས་མཛད་བྱང་བསྒྱུར་བའང་ཡོད་སྐད་དོ། །
༼ རྩོམ་སྒྲིག་འགན་ཁུར་བ་ཨོ་རྒྱན་དོན་གྲུབ།  ༽
  • ལེ་ཚན་སྔོན་མ།:ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།
  • ལེ་ཚན་རྗེས་མ།:རྫོང་སར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར།