རྒྱལ་རོང་མདོ་དྲི་མེད་གྲགས་པ་འོད་ཟེར།

        2018-04-17

 

རྒྱལ་རོང་མདོ་དྲི་མེད་གྲགས་པ་འོད་ཟེར།

  དེ་ཡང་རིགས་སྲས་ཤེས་རབ་མེ་འབར་གྱི་ཡང་སྲིད་མདོ་རིན་པོ་ཆེ་དྲི་མེད་གྲགས་པ་འོད་ཟེར་ནི། འགུ་ཐང་རྒྱལ་པོའི་བློན་ཁྱུང་རོལ་པདྨའི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་རྟ་སྟེ། སྤྱི་ལོ་ཆིག་སྟོང་བརྒྱད་བརྒྱ་ཞེ་དྲུག་ལོར་འཁྲུངས། རྫོགས་ཆེན་མཁན་པདྨ་བཛྲ་དང་། དཔལ་སྤྲུལ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མར་བསྟེན་ཞིང་། ལྷག་པའི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་སུ་བཟུང་བ་དང་། གནས་ལྔ་ཡོངས་རྫོགས་ཀྱི་མཁས་པའི་ཚུལ། བཙུན་པའི་ཚུགས། གྲུབ་པའི་རྟགས་སོགས་དམ་པའི་ཚུལ་དགུས་བརྒྱན་པ་ལ། སྐབས་དེར་དར་མདོ་ན་ཕྱི་གླིང་གི་མི་མང་བས། བོད་རྒྱ་དབྱིན་གསུམ་གྱི་སྐད་དུ་ཆོས་འཆད་པར་མཛད་ཅིང་། ཕྱི་གླིང་པ་དང་། བོད་རྒྱ་སོག་གསུམ་གྱི་སློབ་མ་གྲངས་མང་བྱོན། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མདུན་ཆོས་ཀྱི་བགྲོ་གླེང་སོགས་མཛད་པས། རྒྱལ་དབང་ཐུགས་ཤིན་ཏུ་དགྱེས་ཏེ་ཉིད་ཀྱི་མནབས་ཤམ་དང་སྐུ་འགག་བཅས་གནང་། ཉིད་ཀྱིས་ཆོས་སྐྱོང་བྲན་དུ་ཁོལ། འབྱུང་བཞིར་རང་དབང་བསྒྱུར་བ་སོགས་གྲུབ་རྟགས་ངོ་མཚར་བ་རྣམས་ཀྱི་རྣམ་ཐར་དུ་གསལ་བ་ལྟར་དང་། ཕྱོགས་མེད་ཀྱི་གདུལ་བྱ་བསྐྱང་ཚུལ་ཡང་། མཚོ་སྔོན། ཀན་ལྷོ། རེབ་གོང་། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་སོགས་སུ་སློབ་ཚོགས་གྲངས་ལས་འདས། དགུང་གྲངས་ལྔ་བཅུའི་སྟེང་། རབ་བྱུང་བཅུ་དྲུག་པའི་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ལོར་གཤེགས། བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས༼དཔེ་རྒྱུན་དཀོན་པའི་བླ་མ་འགའི་རྣམ་ཐར་དང་གནས་རི་ངོ་སྤྲོད་མདོར་བསྡུས་གསེར་གྱི་མེ་ལོང༽ཞེས་བྱ་བ་ལས་བཏུས།

 


  • ལེ་ཚན་སྔོན་མ།:རྒྱལ་རོང་པད་མ་ཀུན་གྲོལ་དང་ཀུན་བཟང་བསྟན་པའི་ཉི་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།