རྒྱལ་རོང་པད་མ་ཀུན་གྲོལ་དང་ཀུན་བཟང་བསྟན་པའི་ཉི་མ།

        2018-04-17

  

རྒྱལ་རོང་པད་མ་ཀུན་གྲོལ་དང་ཀུན་བཟང་བསྟན་པའི་ཉི་མ།

  རྒྱལ་རོང་རྟག་བརྟན་ཕུན་ཚོགས་རྣམ་པར་རྒྱལ་བའི་སྒྲུབ་གྲྭ་འདི་ཉིད་ཐོག་མ་རྗེ་དབོན་བླ་མ་པདྨ་ཀུན་གྲོལ་དགུང་ལོ་སོ་བདུན་བཞེས་པ་ཆུ་ཕོ་ཁྱིའི་ལོར་ས་ཕྱོགས་འདིར་ཞབས་ཀྱིས་བཅགས་ཤིང་རིམ་པར་སྒྲུབ་སྡེ་བཏབ་པ་ནས་དགེ་འདུན་ཉི་ཤུ་རྩ་གྲངས་ཙམ་བཞུགས་པ་ལ་རྗེ་དབོན་དེ་ཉིད་ཀྱིས་གདན་ས་ཡས་མས་ཟུང་འབྲེལ་དུ་བསྐྱངས་ཤིང་། ཁྱད་པར་དུ་མཁས་བཙུན་ཆེན་པོ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱི་བཀའ་དྲིན་ཆེན་པོའི་གནང་སྒོ་ལེགས་ཤིང་བརྩེ་སྐྱོང་མཛད་པ་ལས་དེང་སང་དགེ་འདུན་པ་ཉིས་བརྒྱ་ལྷག་བཅས་བཞུགས་པ་སྒྲིག་ལམ་ཀུན་སྤྱོད་གང་ཐད་ནས་གདན་ས་ཆེན་མོ་ཇི་ལྟ་བ་འདི་བཞིན་འཕེལ་རྒྱས་སུ་གྱུར། དེ་ནས་རྗེ་དབོན་རྡོ་རྗེ་འཆང་དེ་ཉིད་ཀྱི་ཡང་སྲིད་རིན་པོ་ཆེ་ཀུན་བཟང་བསྟན་པའི་ཉི་མ་ཉིད་ཀྱིས་ཁུར་བཞེས་མཛད་དེ། དེ་ཡང་རྗེ་འདི་ཉི་གྲགས་མཆོག་སྤྲུལ་རིན་པོ་ཆེའི་གཅུང་དུ་སྐུ་འཁྲུངས་ཤིང་། སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་སོགས་ཀྱི་གསང་ལུང་དང་། བོད་ཡུལ་བླ་མ་ལྷ་བཅས་གསུང་བརྟག་རྣམས་མཐུན་པར། རྫོགས་ཆེན་མཆོག་སྤྲུལ་རིན་པོ་ཆེ་དང་། སྡེ་དགེ་ས་དབང་ཆེན་པོ། བླ་ཆེན་ནམ་མཁའ་ཚེ་དབང་མཆོག་གྲུབ་སོགས་བཀའ་བགྲོས་མཛད་ནས། གདན་ས་གོང་འོག་སོ་སོར་ཁྲི་འདོན་བསྙེན་བཀུར་རྒྱ་ཆེར་མཛད་ཅིང་། མཚན་ཀུན་བཟང་བསྟན་པའི་ཉི་མར་གསོལ། མི་རིང་བར་དབུས་ཕྱོགས་སུ་ཆིབས་བསྐྱོད་གནང་ནས་ཀུན་མཁྱེན་འཇིགས་མེད་གླིང་པ་ལས་སྨིན་ཁྲིད་ཟབ་བཞེས་སོགས་བཀའ་ཆོས་ཀྱི་བདུད་རྩི་རྒྱ་མཚོ་ལྟ་བུ་བཞེས་ཤིང་། མཚན་འཇིགས་མེད་ཆོས་དབྱིངས་རྡོ་རྗེ་ཞེས་པ་དང་། རྫོགས་པ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ལ་དབང་སྒྱུར་བར་མངའ་གསོལ། ཨོ་རྒྱན་སྨིན་གྲོལ་གླིང་ནས་ཀྱང་བཀའ་གཏེར་ཆོས་ཚུལ་དུ་མ་དང་། ཁྱད་པར་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས།

   གཞན་ཡང་ཐེག་གླིང་རྒྱལ་སྲས་སོགས་ལས་ཆོས་ཚུལ་མང་དུ་གསན། ཕྱིར་ལམ་སྲིད་རྫོང་དུའང་ཕེབས། གདན་སར་ཞབས་བཀོད་གྲུབ་ནས་རྟེན་བཞེངས་ཟས་འབུལ་མང་པོ་དང་། སྒྲུབ་མཆོད་དང་། བུམ་སྒྲུབ་ལོ་ལྟར་འཛུགས་པ་སོགས་མཛད་པ་རྒྱ་ཆེར་བསྐྱངས། གླིང་གཏེར་སྟོན་ཆེན་པོ་གར་དབང་རོལ་བ་རྩལ་དང་། རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ། དྭགས་པོ་མཆོག་སྤྲུལ་སོགས་ཀྱིས་ཆོས་བདག་ཏུ་ངོས་འཛིན་མཛད། བླ་ཆེན་ནམ་མཁའ་དང་། ཉི་སྤྲུལ་རིན་པོ་ཆེ་སོགས་ལས་བཀའ་ལུང་དབང་ཁྲིད་ཟབ་རྒྱས་དུ་མ་གསན་བསམ་མཐར་ཕྱིན་མཛད་ནས། སྒྲུབ་པ་ཉམས་བཞེས་ཀྱི་རིམ་པ་ལྷག་པའི་ལྷ་མང་པོའི་བསྙེན་སྒྲུབ་དང་། བསྐྱེད་རྫོགས་ཟབ་མོར་གཡེལ་མེད་དུ་ཐུགས་རྩོལ་འདོན་ཞིང་། གདན་ས་ཡས་བྱིན་མཉམ་སྐྱོང་གནང་ཞིང་བཞུགས་གནས་ཕལ་ཆེར་རྒྱལ་རོང་ཉིད་དུ་བཞུགས་པ་ཡིན་ཡང་། བསྟན་པའི་གེགས་ཆགས་ཀྱིས་འབྲུམ་ནད་མཆེད་པས། མཆོག་སྤྲུལ་དེ་ཉིད་དང་། རྗེ་དབོན་བཅས་ཞིང་གཟིགས་པ་དང་། དགོན་ཡས་བྱིན་ཟློས་གཞི་སོགས་ཀྱིས་སྒྲུབ་སྡེ་འདིར་ཡང་གེགས་ཆགས་ཆེ་ངེས་བྱུང་སྟེ། ཇི་སྐད་དུ། ཕན་པར་བྱེད་པའི་སྨན་པ་ལ།། འབྱུང་པོས་ཟིན་རྣམས་ཤིན་ཏུ་ཁྲོ།། ཞེས་པ་ལྟར་རྗེ་བླ་མ་ནམ་མཁའ་ཚེ་དབང་མཆོག་གྲུབ་ནས་དགོན་གོང་མར་ཆོས་མཐུན་གྱི་བསླབ་བྱ་དང་བཅས་ཁྲིམས་བཟང་པོས་ལེགས་པར་བསྐྱངས་པས། ཐིག་སྐུད་དྲང་པོར་བཞག་པ་ན།། ཡ་ཡོ་ཅན་གྱི་སེམས་ལ་གཟན།། ཞེས་པ་ལྟར་ཆེ་བགྲེས་འགའ་ཞིག་གི་དགོངས་པར་མ་བདེ་བས་རང་བསྟན་སེང་གེའི་ཁོག་པའི་དཔེ་ལྟར་བགྱིས་མོད། འོན་ཀྱང་འདི་དུས་མཆོག་སྤྲུལ་རིན་པོ་ཆེ་ཉིད་ཐུགས་གཞན་དབང་དུ་མ་གྱུར་པས་གནད་སྒོ་ལེགས་ངེས་ལེགས་ཚོགས་ཀྱི་ཞིང་། སྔར་རྒྱུན་ལྟར་བཀའ་ཆོས་དབང་ཁྲིད་ཐམས་ཅད་གསན་པས་ཀུན་གྱི་མིག་ལམ་དུ་བཀྲ་ཞིང་བསྔགས་པ་བརྗོད་པར་གྱུར་ཅིང་དཔོན་སློབ་སེལ་མེད་ཐུགས་ཡིད་གཅིག་འདྲེས་ལེགས་ལམ་གོང་འཕེལ་དུ་གྱུར་པས་ཆོས་བརྒྱུད་ལ་ཕན་པ་ཆེ་བར་གྱུར་ཏོ།།    བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་སྒྲོལ་དཀར་སྐྱིད་གཉིས་ཀྱིས་གུ་རུ་བཀྲ་ཤིས་ཀྱིས་བརྩམས་པའི༼གུ་བཀྲའི་ཆོས་འབྱུང༽ལས་བཏུས།

 


  • ལེ་ཚན་སྔོན་མ།:རྒྱལ་རོང་བའི་དགའ་ལྡན་ཁྲི་ཆེན་བདུན་གྱི་ལོ་རྒྱུས།
  • ལེ་ཚན་རྗེས་མ།:རྒྱལ་རོང་མདོ་དྲི་མེད་གྲགས་པ་འོད་ཟེར།