གོ་རོ་མ་སྡེ་བའི་ལག་རྩལ་གྱི་སྐོར།

རིག་འཛིན་བསྟན་སྲུང་།        2021-06-16

   

གོ་རོ་མ་སྡེ་བའི་ལག་རྩལ་གྱི་སྐོར།

    དེ་ཡང་ལྕགས་ཀྱི་ཐབ་ཀ་སྣ་ཚོགས་རྡུང་ཤེས་མཁན་དང་སྣོད་ཁའི་རིགས་ལྕགས་དང་། ཧ་ཡང་དང་ཟངས་རག་སོགས་ལ་བུ་ག་ཕུག་ཡོད་ན་འཛེར་བ་རྒྱག་ཤེས་མཁན་ནི་ཤིན་ཏུ་མང་པོ་ཡོད། ཁང་པའི་རྩིག་པ་རྩིག་ཤེས་མཁན་དང་གྱང་རྡུང་ཤེས་མཁན་ཡང་ཤིན་ཏུ་མང་པོ་ཡོད། དེང་སང་གི་ཚན་རིག་འཕྲུལ་ཆས་ལ་བརྟེན་ནས་ཤིང་བཟོ་ཡག་པོ་ཤེས་མཁན་ཡང་མང་པོ་ཡོད། དཔེར་ན།  ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གི་ཉི་ཤར་ཡུལ་ཤོག་གི་དམངས་ཁྲོད་རྫ་མའི་རིགས་བཅའ་མཁན་དགེ་རྒན་བསོད་ནམས་འཕྲིན་ལས་སོགས་ལྟ་བུ་མང་པོ་ཡོད་པ་ཡིན་ནོ།། 

  ལུག་ལྤགས་མཉེ་ལུགས་ཀྱི་ལག་ཤེས།

   འབྲོག་པ་རྣམས་ཀྱིས་ལུག་ལྤགས་མཉེ་བའི་སྐབས་སུ། དང་ཐོག་ལུག་གི་པགས་པ་སྐམ་པོ་དེ་ས་ནག་གམ་ས་སེར་འདམ་ཁུ་ནང་སྦངས་ནས་བདེ་མོ་ངོས་སྙོམས་པ་ཞིག་གི་སྟེང་དུ་བཏིང་ནས་སྦངས་དགོས། སྦོང་ཡུན་ནི་ཉིན་ཞག་གཅིག་གིས་ཆོག་པ་ཡིན། དེ་ནས་པགས་པའི་ངོས་ཀྱི་ཤ་ཐམས་ཅད་རྡོ་ཟོར་སོགས་ཀྱིས་འཕྲུགས་ནས་པགས་པའི་ཤ་མགོ་ཡར་ཅུང་ཟད་ཙམ་ཞིག་ཟིང་བཅུག་དགོས། སྐུད་རྒྱག་རྒྱུའི་ཚད་ནི་མར་སྲང་གང་དང་ཀླད་རུལ་སྲང་དོ་ཙམ་གྱིས་པགས་པ་གཅིག་ལ་འདང་གིན་ཡོད། སྐུད་རྒྱག་སྐབས་ཉི་མ་དྲོས་སར་པགས་པ་ཐང་ལ་བཏིང་ནས་སྐུད་རྒྱག་དགོས། སྐུད་རྒྱག་ཚར་རྗེས་པགས་པ་རྣམས་ཁ་ཡག་པོ་བསུམ་ནས་འཕུར་པའམ་པགས་ཤད་བཅས་དབྱུག་པ་གཉིས་ཀྱིས་གཅུ་ཕུར་བརྒྱབ་སྟེ་གཅུ་ཕུར་གྱི་མགོ་གཉིས་ཀ་མཉམ་དུ་ཐག་པས་བསྡམ་དགོས། ཉིན་གསུམ་ནས་བཞིའི་རིང་ལ་ཉི་མའི་དྲོད་ཡོད་སར་ལྡེ་ནས་སྒྱུར་ལོག་རེ་རྒྱག་ན་འགྲིག་གི་རེད། ཉིན་གསུམ་བཞི་ཙམ་གྱི་རྗེས་སུ་ཉི་མ་རེ་ལ་མཉེ་འཐེན་ཐེངས་གཉིས་གསུམ་རེ་བྱས་མཐར་ཡང་བསྐྱར་གཅུ་ཕུར་བརྒྱབ་ནས་འཇོག་དགོས། ལུག་པགས་ཀྱི་སྐུད་འཐུང་ཚར་རྗེས་ལུག་པགས་མཉེས་ཚར་བ་ཡིན་ནོ།། 

ཚ་རུ་མཉེ་ལུགས་ཀྱི་ལག་ཤེས།

    ཚ་རུ་སྐམ་པོ་ས་འདམ་གྱིས་ཡག་པོ་སྦང་དགོས། སྦངས་ཚར་རྗེས་ཚ་རུའི་ངོས་ཀྱི་ཤ་རྣམས་ཅུང་ཙམ་འཕྲུགས་ནས་ཆུ་མགོ་རློན་ཡོད་ས་དག་སྐམ་ཚར་རྗེས། ད་གཟོད་ཀླད་རུལ་ཅུང་ཟད་ཙམ་དང་མར་ཅུང་ཙམ་གཉིས་མང་ཉུང་འདྲ་མཉམ་དུ་བསྲེས་ནས་སྐུད་རྒྱག་དགོས། སྐུད་བརྒྱབ་ཚར་རྗེས་མཉེ་རྒྱུའི་ཚ་རུ་ཇི་ཙམ་ཡོད་ན་ཚང་མ་ཕྱར་བའམ་གོས་དྲོན་པོའི་ཁུག་ཏུ་ཁ་བསུམ་ནས་བཅུག་སྟེ་རྡོ་སོགས་ལྗིད་པོས་ཐོག་ཏུ་གནོན་དགོས། ཞག་མ་གཉིས་གསུམ་གྱི་རྗེས་སུ་ཉིན་རེར་ཐེངས་ཁ་ཤས་ལག་པས་འཕུར་འཕུར་བཏང་ནས་མཉེ་དགོས། ཉིན་བཞིའི་རིང་ལ་ཚ་རུ་རྣམས་མཉེས་ཚར་ངེས་ཡིན། ཚ་རུ་རེ་ལ་མཉེ་གླ་སྒོར་མོ་བཞི་ནས་ལྔ་བར་ཡིན། ཚ་རུ་མཉེས་ཚར་རྗེས་ཆུ་འཇམ་ནང་དུ་འདག་རྫས་བླུགས་ནས་ལེགས་པོར་བཀྲུས་ན་ཤིན་ཏུ་དཀར་པོ་འོང་བ་ཡིན། ཀླད་རུལ་གྱི་དྲི་མ་ནི་ཧ་ཅང་ངན་ཡང་ཆུས་བཀྲུས་ན་དྲི་ངན་མི་བྲོ་རྒྱུ་ལ་ཕན་པ་ཆེན་པོ་ཡོད། དེང་སང་གསར་དུ་དར་བས་མཉེ་སྟངས་ཡག་པོ་ཞིག་ཀྱང་དར་བཞིན་ཡོད། དེ་ནི་ཚ་རུ་ལ་དྲི་ངན་གཏན་ནས་མི་བྲོ་བའི་མཉེ་སྟངས་ཤིག་རེད། མཉེ་སྟངས་དེའི་མིང་ལ་དར་ཟ་རྒྱག་ཅེས་བཤད་འདུག་གོ། །དར་བ་ནི་འོ་མའི་ནང་གི་མར་བཏོན་རྗེས་ལྷག་པའི་གཤེར་ཁུའི་མིང་ལ་ཟེར་ཞིང་། ཚིག་ན་བསྡུས་དར་ཞེས་འབྲི་ཆོག་སྟེ།  དར་བས་བརྫིས་པའི་རྩམ་པ་ལ་དར་རྩམ་ཞེས་པ་ལྟ་བུའོ། །

ཀོ་བ་མཉེ་ལུགས་ཀྱི་ལག་ཤེས།

   དང་པོ།  ཀོ་བ་མཁྲེགས་གྱོང་དེ་ཆུ་དོང་ནང་དུ་སྦངས་ཏེ་རྡོ་ཆེན་པོས་མནན་ནས་ཆུས་མི་ཁྱེར་བ་དང་བྱ་ཁྱིས་མི་ཟ་བར་བྱེད། ཉིན་ཁ་ཤས་སྦངས་རྗེས་ཀོ་བ་རློན་པའི་ཆུ་ཅུང་ཟད་སྐམ་བཅུག་དགོས།

   གཉིས་པ།  ཀོ་སྤུ་དང་ཀོ་སྐྱི་གཙང་མར་བཞར་ནས་སྐྱི་ཡག་པོ་གཅོད་པར་ཀོ་སྐྱི་གཅོད་བྱེད་བྲང་སྒ་དང་ཀོ་གྲི་རྡོ་ཟོར་བཅས་ཀྱིས་སྐྱི་གཅད་ན་ཆོག དེ་རྗེས་ཀོ་བ་སྐམ་ཐག་ཐག་རེད་བཅུག་དགོས།

   གསུམ་པ། ཀོ་བ་ལ་སྐུད་རྒྱག་བྱེད་མར་དང་དོང་རུལ་མང་ཉུང་འདྲ་མཉམ་བྱས་ནས་ད་གཟོད་ཀོ་སྐུད་རྒྱག་དགོས།ཀོ་སྐུད་རྒྱག་རྒྱུའི་ཚད་ནི་ཀོ་བ་གཅིག་ལ་མར་དང་དོང་རུལ་མང་ཉུང་འདྲ་འདྲ་མཉམ་དུ་བསྲེས་ནས་མར་དང་དོང་རུལ་རྒྱ་མ་དོ་ནས་གསུམ་བར་དུ་སྐུད་བརྒྱབ་ན་ཚད་དང་ལྡན་པའི་ཚད་ལ་ཐོན་ཡོད་པར་ཀོ་མཁན་ཚོས་བཤད། ཉི་དྲོད་ཆེན་པོ་ཡོད་སར་སྐུད་རྒྱག་དགོས།  སྐུད་བརྒྱབ་རྗེས་རྐང་པས་ནོད་ཚོད་ཙམ་གྱི་ཀོ་བ་མཉེ་སྒྲོ་ནང་དུ་བཅུག་ནས། གོས་དྲོན་པོའི་ཁུག་ཏུ་དཀྲིས་ནས་རྡོ་སོགས་ལྗིད་མོའི་རིགས་ཀྱིས་ཐོག་ཏུ་མནན། དེ་ནས་ཉིན་གཅིག་ཙམ་སོང་རྗེས་རྐང་པས་ཕར་སྒྱུར་ཚུར་སྒྱུར་བྱས་ནས་ཡུན་དུ་མཉེ་བརྫི་བྱེད། མཉེ་ཞོར་དུ་མཚམས་མཚམས་སུ་མཉེ་སྒྲོ་ཁ་ཕྱེས་ནས་ཉི་མའི་ནང་དུ་ཀོ་བ་རྒྱོང་འཐེན་ཡང་ཡང་བྱས་ནས་ཉིན་བཞི་ལྔ་ཙམ་གྱིས་ཀོ་བ་རྣམས་མཉེ་ཚར་འགྲོ། དེང་སང་ས་ཆ་ཁ་ཤས་ན་ཐབ་ཟངས་ནང་དུ་ཀོ་སྐུད་ཐམས་ཅད་མཉམ་བླུག་བྱས་ཏེ་མེ་ཡིས་དྲོས་བཅུག་ནས་ཉིན་རེ་ལ་ཀོ་བུབས་རེ་མཉེ་ཐུབ་མཁན་ཡོད་ཟེར། ཀོ་བ་མཉེ་སྐབས་རླུང་ཆེན་པོ་མི་ཡོང་ས་ན་རྡོ་ལེབ་ཆེན་པོའི་སྟེང་ཕོ་སར་རྐང་ཤེད་ཅན་གྱིས་རྡོག་མཉེ་བྱའོ།།

    བེའུ་ལྤགས་སམ་རྐོ་བུ་མཉེ་ན།ཀོ་བའི་ཀོ་སྤུ་བཞར་དགོས་ལ།ཀོ་བའི་སྤུ་བཞར་མི་དགོས་པའི་ཁྱད་པར་ཙམ་ལས་ཁྱད་པར་ཆེར་མེད་ལ།རྐོ་བུའི་སྤྱོད་སྒོ་ཡང་སྔོན་ཆད་ཀོ་རྩག་བཟོ་བའི་རྒྱུ་དང་། ཀོ་སྟན་ཞེས་བེའུ་ལྤགས་སྤུ་ཅན་གྱི་སྟན་དང་།ཁུར་གདན་ཞེས་ས་རྡོ་སོགས་ཁུར་དུས་རྒྱབ་གྱོན་བྱའི་རྒྱུ་ཡིན་ཡང་དེང་སང་ནི་ཀོ་སྟན་ཙམ་ལས་གཞན་དཀོན་ནོ།།

གོ་རོ་མ་སྡེ་བའི་ལག་རྩལ་གྱི་སྐོར།
གོ་རོ་མ་སྡེ་བའི་ལག་རྩལ་གྱི་སྐོར།

ཕྱིང་པ་འཇོག་པའི་ལག་ཤེས།

   ཕྱིང་པ་འཇོག་བྱེད་ཀྱི་རྒྱུ་དང་། གྲ་སྒྲིག  རྒྱ་གྲངས། འཇོག་སའི་ས་ཆ། རྒྱ་ཆེ་ཆུང་གི་ཚད། སྲབ་འཐུག  གཟུགས་དབྱིབས། བརླིང་ལུགས། སྤྱོད་སྒོ་སོགས་བཤད་པ་དང་དགུ་སྟེ།

  གཅིག  ཕྱིང་པ་འཇོག་བྱེད་ཀྱི་རྒྱུ་ནི།ལོ་གཉིས་ཅན་གྱི་ལུག་གི་སྟོན་ཁའི་བལ་ནི་རྒྱུ་ཡག་ཤོས་ཡིན་ལ། སྤྱིར་བལ་གང་ཡིན་ཡང་ཆོག་གོ།

  གཉིས། གྲ་སྒྲིག་བྱེད་རྒྱུའི་སྐོར།  ལུག་བལ་ཡག་པོ་བསེད་ནས་བལ་འདབ་བྱས་ནས་ཕྱར་བ་སོགས་སྣོད་ཀྱི་ནང་དུ་རྩྭ་ཤིང་རྡུལ་སོགས་མི་འགྲོ་བར་ཉར་དགོས།དེ་རྗེས་ཕྱིང་མཁན་ཞིག་བཙལ་ནས་ཕྱིང་བ་འཇོག་ཏུ་འཇུག་དགོས་ཤིང་དུས་ཚོད་དབྱར་རམ་སྟོན་གྱི་གནམ་གཤིས་དྲོ་ཞིང་དྭངས་པའི་སྐབས་སུ་འདེམས་དགོས།ཕྱིང་པ་འཇོག་སའི་ཕྱར་བ་གསུམ་བཞི་ཙམ་གྲ་སྒྲིག་བྱ་དགོས།  རྒྱ་ནག་དང་ཉེ་བའི་སར་ཕྱིང་གདན་སྨྱུག་སྟན་ལས་བྱེད་པ་དང་།  སོག་ཡུལ་དུ་ཀོ་བ་མཐུད་མ་རྒྱ་ཆེན་པོ་ལས་བྱེད་སོགས་ཀྱང་སྣང་།དེ་མིན་ཆུ་དང་ཤོག་རྦ། ཆབ་གཏོར་བྱེད་བཅས་ཆ་ཚང་འཛོམས་ཐུབ་དགོས། 

   གསུམ། ཕྱིང་པ་ཚད་ལྡན་ཞིག་ལ་བལ་རྒྱ་མ་བཅུ་ཡོད་ན་ཕྱིང་པ་སྲབ་སྲབ་ཡིན་པ་ལ་ཁ་གསབ་བྱེད་ས་བཅས་གང་ཐད་ལ་ཕན་ཐོགས་ཡོད་པས་ཤིན་ཏུ་བཟང་ངོ་།།

   བཞི། འཇོག་སའི་ས་ཆ་ནི་གསེར་སྤང་ངོས་མཉམ་ཐང་བདེར་སོང་ནས་འཇོག་དགོས།

གོ་རོ་མ་སྡེ་བའི་ལག་རྩལ་གྱི་སྐོར།
གོ་རོ་མ་སྡེ་བའི་ལག་རྩལ་གྱི་སྐོར།

   ལྔ། རྒྱ་ཆེ་ཆུང་གི་ཚད་ནི་ཕྱིང་པའི་དཀྱིལ་གོང་ནས་བརྩིས་ན་འདོམ་པ་གང་དང་ཁྲུ་གང་ཡོད་པ་ཞིག་འཇོག་དགོས། ད་སྐབས་རྩི་སྟངས་ལྟར་ན་ལི་སྨི་ཉིས་བརྒྱ་དང་བཅུ་གསུམ་ཡོད། ཚད་ལྡན་ཞིག་འཇོག་ན་ཚད་དེ་ཡིན་ཡང་དེ་མིན་ཆེ་ཆུང་གང་འདྲ་འཇོག་ཀྱང་ཆོག་གོ།

    དྲུག  སྲབ་འཐུག་གི་ཚད་གཞི་ནི་ཕྱིང་པ་དང་པོ་འཇོག་སྐབས་བལ་འདབ་རེ་རེ་བཞིན་འདྲ་མཉམ་བྱས་ཏེ་རྩེག་གཅིག་བཞག་ནས་བརླིང་ཚར་རྗེས་ཡང་འདམ་པ་ཕྱེད་ཀ་ཙམ་དཀྱིལ་ནས་རྩེག་གཅིག་བཞག་ནས་བརླིང་ན་དཀྱིལ་ཞེང་ཅུང་ཟད་འཐུག་ལ་མཐའ་ཁ་ཐམས་ཅད་སྲབ་སྲབ་ཅིག་ཡིན་པས་ཕྱིང་མཁན་ཚོས་ཤིན་ཏུ་བཟང་ཞེས་བཤད་དོ།།

    བདུན། གཟུགས་དབྱིབས་སམ་བཟོ་ལྟ་ནི་ཕྱིང་པ་ཀོར་ཀོར་ཞིག་ཡིན་དགོས།

   བརྒྱད། ཕྱིང་པ་བརླིང་ལུགས་ནི་དང་པོ་ཕྱིང་པ་བཞག་མ་ཐག་ཏུ་གཅིག་བརྒྱ་ཐལ་ཉིས་བརྒྱ་ཐལ་ཞེས་གྲངས་ཀ་གཅིག་ནས་བཞི་བརྒྱའི་བར་དུ་ཕྱིང་བ་དེ་བརླིང་དགོས། དེ་རྗེས་མར་ཕྱར་བ་ཁུག་ཏུ་ཕྱིང་པ་བསྒྲིལ་ཡོད་པ་དེ་ཁ་ཕྱེས་ནས་ཁ་གསབ་བྱེད་དགོས་སར་ཁ་གསབ་ཅིང་སྔོན་མའི་སྒྲིལ་ས་མ་ཡིན་སའི་ཕྱོགས་ནས་ཡང་ཕྱར་བ་ཁུག་ཏུ་བསྒྲིལ་ནས་གྲངས་ཀ་གཅིག་ནས་བཞི་བརྒྱ་བར་དུ་བརྩིས་ནས་བརླིང་དགོས། དེ་ནས་དབྱིབས་ཀོར་ཀོར་རེད་མིན་ལ་བལྟས་ནས། ཀོར་ཀོར་ཡོང་ཆེད་དུ་ཕྱར་བའི་ཐོག་ཏུ་ཕྱིང་པ་རྐྱང་རྐྱང་ཕྱིང་དྲིལ་བྱས་ཏེ་གྲངས་ཀ་ཉིས་བརྒྱ་ནས་སུམ་བརྒྱའི་བར་དུ་བརླིང་དགོས།

    དགུ།  ཕྱིང་པའི་སྤྱོད་སྒོ་ནི། ཆར་གོས་ཕྱིང་ཀོར། ཕྱིང་གུར། ཕྱིང་གོས། ཕྱིང་ཞྭ། ཕྱིང་ལྷམ། ཕྱིང་སྟན་སོགས་ཡོད་དོ།།

སྤྱིར་ཕྱིང་པ་ནི་ཐགས་སུ་མ་བྱས་པར་ཆུ་ཆག་གིས་བཅགས་པའི་བལ་གོས་ལ་ཟེར། ཡང་ན་ལུག་གི་བལ་དང་ཁུལ་སོགས་གནོན་འཆག་བྱས་ནས་ཐགས་རྐུད་མེད་པར་བཟོས་པའི་དངོས་རྫས་ཀྱི་མིང་སྟེ། སྲིད་པ་རྒན་པོའི་གཏམ་དཔེ་ལ། རྡོ་ཆུང་ཡང་རི་བོ་རྩིག་ཐུབ།།བལ་ཕྲ་ཡང་ཕྱིང་པ་བཟོ་ཐུབ།།ཅེས་པ་ལྟར་རོ།།

ཕྱིང་པ་རེ་འཇོག་གླ་སྒོར་བཞི་བཅུ་ནས་ལྔ་བཅུའི་བར་དུ་ཡིན། 

བལ་སྟན་འཇོག་ལུགས་ཀྱང་ཕྱིང་པ་འཇོག་ལུགས་དང་རིགས་མཚུངས། སྟན་གྱི་མཐའ་སྲབ་ལ་དཀྱིལ་འཐུག་དགོས།བལ་རྒྱ་མ་བདུན་དང་ཕྱེད་ཀ་ཡོད་ན་སྟན་ཚད་ལྡན་ཞིག་འཇོག་ཆོག རྒྱ་མ་བདུན་ཡིན་ན་ཡང་འགྲིག་བལ་སྟན་ཞིག་འཇོག་གླ་སྒོར་མོ་བཅུ་རེ་ཡིན། སྟན་འཇོག་སྐབས་བརླིང་རོགས་བྱེད་མཁན་ཞིག་ཡོད་ན་ཉིན་རེ་ལ་སྟན་གསུམ་རེ་འཇོག་ཐུབ་ཅེས་སྟན་མཁན་རྒན་གྲས་ཚོས་བཤད་དོ།།

གོ་རོ་མ་སྡེ་བའི་ལག་རྩལ་གྱི་སྐོར།

ཁལ་སྒ་གཞོག་ལུགས་ཀྱི་ལག་ཤེས།

    དང་པོ་སྒ་གཞོག་བྱེད་ཀྱི་རྒྱུ་ཤིང་ཆེས་ཡག་ཤོས་ནི།སྟག་པ་ཤིང་དང་གྲོ་བ་ཤིང་བཅས་ཡིན། སྒ་གཞོག་བྱེད་ཀྱི་ཤིང་སྐྱེས་ཡོད་ས་ནི་ཤིང་ནགས་ཆེ་སའི་ངོ་གཟར་མོའི་ན་ཤིང་རང་འགུག་ཅན་ཡག་ཤོས་རྣམས་སྐྱེས་ཡོད། སྒ་ཤིང་ཕུད་རྗེས་དེ་ནས་སྒའི་སྔ་རུ་དང་ཕྱི་རུ་གཉིས་གཞོག་དགོས་ཤིང་འཇོག་བྱེད་ཀྱི་ལག་ཆ་སྟེའུ་རྩེག་དང་འབུས་ཁ་འོར་སོགས་དགོས།སྒ་སྔ་རུ་ལ་ཡ་ཐོད་སྟེང་དུ་བུ་ག་གྲུ་བཞི་མ་ནར་མོ་ཕར་ཚུར་གཉིས་ལ་རེ་རེ་འབིགས་དགོས།  ཁྱོན་བུ་ག་གཉིས་དགོས། སྒ་ཕྱི་རུ་ལ་བུ་ག་སྒོར་མོའམ་ཟླུམ་པོ་ཕྱོགས་རེར་བུ་ག་རེ་རེ་བཅས་ཁྱོན་གཉིས་རེ་ཕུག་དགོས། ཡང་དེའི་འོག་ཏུ་སྒ་འཛེར་རྒྱག་སའི་བུ་ག་ཆུང་ཆུང་སྒ་སྔ་རུ་དང་ཕྱི་རུ་གཉིས་རེ་གཉིས་རེ་བཅས་ཁྱོན་བཞི་རེ་ཕུག་དགོས། སྔ་རུ་ཕྱི་རུ་གཉིས་འབྲེལ་བྱེད་དྲལ་འུ་གཉིས་གཞོག་དགོས། དྲལ་འུའི་མགོ་མཇུག་གཉིས་ནི་སྔ་རུའི་བུ་ག་གྲུ་བཞི་ནར་མོའི་ནང་དུ་བཅུག་རྒྱུ་གཅིག་དང་ཕྱི་རུའི་བུ་ག་ཟླུམ་པོའི་ནང་ལ་བཅུག་རྒྱུའི་སྒའི་དྲལ་འུའི་ཤིང་གི་སྣེ་མོ་ལ་དེ་ལྟ་བུའི་བཟོ་དབྱིབས་ཕུད་དགོས།  དེ་ནས་སྒ་ལ་ཡག་ཤིང་ལེབ་ལེབ་ཆ་གཅིག་གཞོག་དགོས་ཤིང་ཡག་མ་ཤིང་གི་རྒྱབ་ཏུ་སྒ་སྔ་རུ་དང་ཕྱི་རུ་གཉིས་ཀྱི་སྣེ་འགྲམ་ཡག་མའི་ཤུར་ལམ་གཉིས་ཀྱི་ནང་དུ་སྦྲག་དགོས། ཡག་མའི་ཤུར་ལམ་རེའི་འགྲམ་རྩར་སྒ་འཛེར་རྒྱག་སའི་བུ་ག་བཞི་རེ་འབིག་དགོས། ཞར་བྱུང་སྒའི་ཐག་ཆ་ལ། གློ་དང་གོང་ཐག སྙེད་ཐག སྙེད་ལྕིབས་དང་ཡང་ན་ལྗིབས་ཀྱང་འབྲི་སྲོལ་བཅས་ཡོད་དོ།།

གོ་རོ་མ་སྡེ་བའི་ལག་རྩལ་གྱི་སྐོར།
གོ་རོ་མ་སྡེ་བའི་ལག་རྩལ་གྱི་སྐོར།

རྟ་སྒ་གཞོག་ལུགས་ཀྱི་ལག་ཤེས།

   རྟ་སྒ་གཞོག་བྱེད་ཀྱི་རྒྱུ་ཆ་རྟ་སྒའི་ཤིང་གཅད་ས་འགྲོ་སྐབས། སྒ་མཁན་གྱིས་མི་ཤེད་ཆེན་ཁ་ཤས་ཁྲིད་ནས་ས་མཐོ་ས་དང་ནགས་མང་པོ་ཡོད་ས་ལ་ཉི་མ་མང་པོ་འདུག་རྒྱུ་བྱས་ནས་ཟ་རྒྱུ་དང་གྱོན་རྒྱུ། ཐབ་ཆ། སྟ་རེ།རྐོ་མ་སོགས་ཁུར་ནས་རྟ་ཞོན་ཟོག་དེད་ནས་རྟ་སྒ་གཞོག་བྱེད་ཀྱི་ཤིང་གི་རྒྱུ་ཆ་འཚོལ་སར་འགྲོ་དགོས།རྟ་སྒ་གཞོག་བྱེད་ཀྱི་ཤིང་ལ་སྟག་པ་ཤིང་གི་རྩ་བྲད་སྦོམ་ལ་རང་འགུག་ཅན་བཟང་བས།ཤིང་སྡོང་རྩ་བ་བརྐོས་ནས་སྒ་འོས་མིན་བཅས་ལ་སྒ་མཁན་རང་ཉིད་ཀྱིས་བརྟག་དཔྱད་བྱ་དགོས།གལ་སྲིད་སྒ་ཤིང་གཞོག་བྱེད་ཀྱི་རྒྱུ་ཆ་མི་ཉན་ན་སྐྱུར་རྒྱུ་དང་།ཉན་ན་གཅད་དགོས།  སྒ་ཤིང་བཅད་ཚར་རྗེས་སྒ་མཁན་གྱིས་ཆེ་གཞོག་ཡག་པོ་བྱས་ཏེ་རྟ་ཟོག་སོགས་ལ་བཀལ་ཞིང་ཁྱིམ་དུ་དྲངས་ནས།ཟླ་བ་ལྔ་དྲུག་གམ་ལོ་གཅིག་གཉིས་ཙམ་ལ་བསྐམ་བཅུག་ནས་ད་གཟོད་རྟ་སྒ་གསར་པ་གཞོག་དགོས།

    རྟ་སྒ་གཞོག་ལུགས། དེ་ནས་སྒ་གཞོག་མཁས་པ་ཞིག་གིས་གཞོག་དགོས། རྟ་སྒ་སྔ་རུ་བཞོགས་ཚར་རྗེས་སྒ་སྔ་རུའི་ངོས་ལ་སྲོལ་རྒྱུན་ལྟར་འབུར་རིས་བརྐོ་བརྒྱབ་ནས་མཛེས་ཆ་ཕུད་དགོས།  དེ་ནས་སྒ་ཕྱི་རུ་བཞོགས་ནས་འབུར་ཆ་བཅས་སྔ་རུ་དང་ཕྱི་རུ་གཉིས་ཆ་ཚང་བ་བཞོགས་ཚར་རྗེས། ད་གཟོད། སྔོན་གྱི་རྟ་སྒ་བདེ་མོ་ཞིག་ལ་དཔེ་བལྟས་ནས། སྒའི་ཡོག་མ་ལ་ཤུར་ལམ་དང་བུ་ག་ཕུག་རྒྱུ་སོགས་བཟོས་ཚར་རྗེས་སྒའི་སྔ་རུ་དང་ཕྱི་རུ་གཉིས་ཀྱི་ནང་ཡང་ཡང་སྤྲད། དེ་ནས་ཡོག་མ་བཞོགས་ནས་བུ་ག་ཕུག་རྒྱུ་དང་སྔ་རུ་དང་ཕྱི་རུ་གཉིས་ཀྱི་སྦྲག་སའི་ཤུར་ལམ་རྐོ་རྒྱུ་དང་སྒ་འཛེར་རྒྱག་སའི་བུ་ག་ཕུག་ཚར་རྗེས་སྒ་འཛེར་བརྒྱབ་ནས་ཡོག་མ་གཉིས་སྤྲད་དགོས།

   བོད་ཀྱི་རྟ་སྒའི་ཁྱད་ཆོས་ལ། སྔ་རུ་མཐོ་ལ་ཕྱི་རུ་དམའ་བ། སྔ་རུ་དྲང་པོ་བསླངས་ཤིང་ཕྱི་རུ་ཅུང་ཟད་བསྙལ་བའི་རྣམ་པ་ཅན། སྔ་རུ་དང་ཕྱི་རུ་གཉིས་ཀ་རྒྱ་ཆེ་བ་སོག་སྒ་དང་རྒྱ་སྒ་ལས་ཁྱད་པར་ཅན་ཞིག་སྟེ། སྒ་ཁོག་དོག་ཆེ་ན་རྟའི་རྒྱབ་གཅད། ལེབ་ཆེ་ན་འགྱུར་སླ། སྔ་རུ་དང་ཕྱི་རུ་མཐོ་ཆེ་ན་བལྟད་ལ་མི་བདེ། ཧ་ཅང་དམའ་ན་བརྗིད་དང་མཛེས་ཆ་མེད་པས་སྒ་མཁན་གྱི་ཉམས་མྱོང་དང་སྒ་དཔེ་ལེགས་པོ་ལ་དཔེ་བྱ་རྒྱུ་གལ་ཆེའོ།།

གོ་རོ་མ་སྡེ་བའི་ལག་རྩལ་གྱི་སྐོར།

སྦྲ་ནག་དྲུབ་ལུགས་ཀྱི་ལག་ཤེས།  

   དེ་ཡང་འབྲོག་པའི་འཚོ་གཞིས་ཀྱི་སྦྲ་ནག་ནི།  རྒྱའི་ཐང་ཡིག་ཏུ་སྔོན་ཆད་བོད་ཀྱི་དམག་རྣམས་སྦྲ་ནག་ཕུབ་ནས་འགྲོ་ཞེས་པ་ལྟར་སྦྲ་ནག་གིས་བོད་མི་རིགས་ལ་ལོ་རྒྱུས་ཀྱི་སྲུབས་ཀ་རེ་ནས་བྱེད་ནུས་མི་དམན་པ་རེ་ཐོན་ཡོད་ལ།  བོད་རང་གི་འཚོ་སྟངས་ལ་རོང་འབྲོག་གཉིས་སུ་ཡོད་པ་ལ་སྦྲ་རོག་རོག་ཅན་དང་ཁང་སྐྱ་སྐྱ་ཅན་ཞེས་འབྲོག་པ་སྦྲ་ནང་དུ་འཚོ་བ་ནི་ཁོ་ཚོའི་འཚོ་སྟངས་དང་མཐུན་ཞིང་འཚོ་བའི་གོམས་གཤིས་དང་འགྲོགས་པའི་བཟོ་སྐྲུན་ཁྱད་པར་བ་ཞིག་སྟེ།  འབྲོག་པའི་རིག་གནས་ཡོད་ཚད་ཀྱི་དྭངས་མར་གྱུར་བའང་སྦྲ་ནག་ལས་གཞན་པའི་དངོས་པོ་གང་གིས་ཀྱང་ཚབ་བྱེད་དཀའ་བ་ཞིག་ཏུ་གྱུར་ཡོད། སྦྲ་ནག་ནི་འབྲོག་མི་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་འཁེལ་འཐག་བྱས་པའི་རྩིད་པའི་རེ་བ་ནག་པོ་འབའ་ཞིག་གིས་བཟོས་པ་ཡིན་ལ།  དབྱིབས་ནི་ཡབ་མེས་ཀྱི་ཁ་རྒྱུན་ལ་སྦྲ་ནག་གི་དབྱིབས་ནི་སྦལ་གཟུགས་ཁ་སྦུབ་དང་འདྲ་བ་དེས་རང་བྱུང་གི་གནོད་པས་མི་ཚུགས་པའི་ཆེད་དུ་ཡིན་པར་བཤད་ཅིང་།  སྦྲའི་ཁ་ཚུབ་ཀྱི་མཚམས་སུ་ཟུང་ང་ཕོ་ལོང་མོ་ལོང་གིས་སྒྲོག་པའི་ཕོ་ཡིས་ཐབས་དང་མོ་ཡིས་ཤེས་རབ་མཚོན་པས་ཐབས་ཤེས་ཟུང་འཇུག་གི་མགོ་སྦྲ་འདི་གྲུབ་པ་ཡིན།  སྦྲ་ཆེན་པོ་ཞིག་ལ་མཚོན་ནས་བཤད་ན་ཀླད་ཀྱི་རེ་བ་ཞག་མ་ལྔའི་མཚམས་སུ་ཆོན་ཆེན་གྱི་ཐག་པ་ལྔས་འཐེན་དགོས།  དེའི་འོག་གི་རེ་བ་ཞང་མ་བཞིའི་མཚམས་སུ་ཆོན་ཆུང༦ལ་ཐག་པ་དྲུག་གིས་འཐེན་དགོས། 

    དེའི་འོག་གི་རེ་བ་ཞེང་མ་གསུམ་སྦྲ་མཐའི་ཕྱོགས་རེ་རེའི་མཚམས་སུ་ས་འཇུའི་ཐག་པ་བརྒྱད་རེ་བརྒྱད་རེ་གཡས་གཡོན་གཉིས་ལ་ཁྱོན་བསྡོམས་ས་འཇུ་བཅུ་དྲུག་གི་ཐག་པས་འཐེན་དགོས། ས་འཇུའི་འོག་གི་ས་རྒྱག་རེ་བ་ཞེང་མ་གཉིས་སམ་གསུམ་དགོས། ཕུགས་ཚང་ལ་ས་འཇུ༧ཡོད་དགོས།  སྒོ་ཚང་ལ་ས་འཇུ༧འཐེན་དགོས།  ཕུགས་ཚང་དང་སྒོ་ཚང་གཉིས་ཀ་ལས་བྱེད་ཀྱི་རྒྱུ་ནི་ཁུལ་ཡིན་ཞིང་རྒྱ་ཅུང་ཟད་ཆེན་པོ་བཏགས་སྲོལ་ཡོད་པ་ཡིན། སྦྲའི་ཕུགས་ལ་ཆོན་ཆེན་དང་ཆོན་ཆུང་༢དང་སྒོ་ལའང་ཆོན་ཆེན་དང་ཆོན་ཆུང༢རེས་འཐེན་དགོས་ཤིང་།  ཁ་ཚུབ་འཐེན་བྱེད་ཀྱི་མཐོངས་ཐིག་ཅེས་པ་ཐ་གུ་རིང་པོ་གསུམ་བཏགས་དགོས། ནང་གི་ཐ་གུ་ནི་ཟུང་ཐག་ལྔ་ལ་ཀ་ར༥དགོས།  ད་དུང་ནང་ཐིའུ་མང་པོ་བཏགས་དགོས།  སྦྲའི་རིང་ཐུང་ལ་འདོམ་པ༥ཕྱེད་ཙམ་ཡོད།  གོང་བཤད་ཀྱི་སྦྲ་ནི་སྦྲ་ཆེན་པོ་ཞིག་གི་ཚད་གཞི་བཤད་པ་ཡིན་ལ།  སྤྱིར་སྦྲ་ལ་ཀ་ར་དང་ཆ་རུ། ཕུར་བ་མང་པོ་ཞིག་དགོས་པ་ཡིན་ལ།  གཡས་གཡོན་གཉིས་ལ་ཆོན་ཆེན་ལྔ་ལ་ཀ་ར༥གཉིས༡༠དང་ཆོན་ཆུང་ལ་ཀ་ར༦ཁྱོན་ཕྱོགས་གཉིས་ལ་ཀ་ར༡༢ཡོད་དགོས།  ནང་ལ་ཀ་ར༥རེ་དང་ཁྱོན་བསྡོམས་ཕྱི་ནང་གཉིས་ལ་ཀ་ར༢༧ཙམ་ཡོད་དགོས།   ཁྱོན་བསྡོམས་ཕུར་བ༦༠ལྷག་ཡོད་ཅིང་།  སྦྲའི་རེ་ཞེང་ལ་དཀྱིལ་མཐོ་དོ་ཡོད།  རིང་ཐུང་ལ་འདོམ་པ༥ཕྱེད་ཡིན། དེ་ཡང་སྦྲ་ལ་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་སྣ་ཚོགས་ཤིག་ཡོད་པའང་ཤེས་པར་བྱ་དགོས། སྤྱིར་སྦྲ་ལ་ཕོ་སྦྲ་དང་མོ་སྦྲའི་དབྱེ་བ་ཕྱེས་ཡོད་ཀྱང་འདིར་བཤད་རྒྱུ་མིན།  བཤད་སྲོལ་ལ་གོང་ཞུས་ལྟར་མི་ཉག་གི་སྦྲ་ནི་རུས་སྦལ་གྱི་དབྱིབས་དང་འདྲ་བས་ས་ཆ་གང་དང་གང་ལ་ཕུབ་ན་ས་དགྲ་དང་ཆུ་དགྲ་སོགས་འགོག་ཐུབ་ཅེས་བཤད་སྲོལ་ཡོད་པ་ཡིན། མི་ཉག་གི་སྦྲ་ནི་བོད་སྤྱི་ཁྱབ་ཀྱི་སྦྲ་ཐམས་ཅད་ཀྱི་མ་རྒན་ལྟ་བུ་ཡིན་ཞེས་གནའ་མི་རྒན་པོ་ཚོས་ནམ་རྒྱུན་བཤད་སྲོལ་ཡོད། གང་ལྟར་ཡང་སྦྲའི་རྣམ་པ་ཁྱད་པར་ཅན་ཞིག་ཡོད། འདིར་ངོ་སྤྲོད་མདོར་བསྡུས་ཙམ་མ་གཏོགས་བྲིས་མེད་པ་ཡིན་ནོ།།


  • ལེ་ཚན་སྔོན་མ།:བོད་དུ་དཔར་སྐྲུན་ལས་རིགས་དར་ཚུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།