བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ལས་བྲིས་འབུར་གཉིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ།།

ཐང་བླ་ཚེ་དབང་།        2021-03-02

   

བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ལས་བྲིས་འབུར་གཉིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ།།


    བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྤྱིར་རིག་པའི་གནས་ཆེན་པོ་ལྔ་དང་ཆུང་བ་ལྔ་བཅས་གྲགས་པ་ལས།  ཐོག་མར་རྗེས་འཛིན་གྱི་ཡ་གྱལ་བཟོ་རིག་པ། དེ་ལའང་ལུས་བཟོ་དང་།  ངག་བཟོ།  ཡིད་བཟོ་གསུམ་དུ་དབྱེ་སྟེ་བཤད་ཚུལ་ལྟར་ན། ཤེས་བྱ་ཐམས་ཅད་འདིར་འདུས་ལ། ལུས་ཀྱི་བཟོ་ལ་ཕལ་པ་འཇིག་རྟེན་པའི་ལུས་བཟོ་སྟེ་ཤིང་བཟོ་དང་། རྡོ་བཟོ། ལྕགས་རིགས་ཀྱི་བཟོ།  ཚེམ་དྲུབ་སོགས་དང་།  འཇིག་རྟེན་ལས་མཆོག་ཏུ་གྱུར་པ་སྐུ་གསུང་ཐུགས་རྟེན་བཞེངས་པའི་ཚུལ་ནི། བསྐལ་པ་བཟང་པོ་འདི་ཐོག་མར་ཆགས་ནས་མི་རྣམས་ཚེ་ལོ་དཔག་མེད་དུས་ལས་རིམ་གྱིས་བྲིས་ཏེ། ཚེ་ལོ་བརྒྱད་ཁྲིའི་དུས་མཇུག་འཇིག་རྟེན་གྱི་ཁམས་སུ་རྒྱལ་པོ་འཇིགས་ཐུལ་ཞེས་པའི་སྐབས།མི་གཟུགས་རི་མོར་འབྲི་བ་ཐོག་མར་བྱུང་ཚུལ་སོགས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་དཀར་གཡའ་སེལ་ལས་གསལ་བས་དེར་གཟིགས། བྱེ་བྲག་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་རི་མོ་ཐོག་མ་ནི། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་ཞལ་བཞུགས་སྐབས།  ཡུལ་མཐའི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་ཅན་ལ་སྟོན་པས་སྐྱེས་སུ་བསྐུར་བའི་ལོ་རྒྱུས་འདུལ་བ་ལུང་ལས་འབྱུང་བ་སོགས་ལ་གཟིགས། རང་རེ་བོད་ཡུལ་ལ་སྐུ་གཟུགས་འབྲི་སྲོལ་ནི།  སྔར་བོད་རྗེ་སྲོང་བཙན་སྒམ་པོའི་དུས་ནས་བཟུང་ལྷ་ས་དང་བསམ་ཡས་ཁྲ་འབྲུག་ར་མོ་ཆེ་སོགས་ཀྱི་ལོགས་བྲིས་སོགས་བྲིས་འབུར་རྣམས་ནི།  བལ་པོའི་ལྷ་བཟོས་བཞེངས་པ་མང་། རྗེ་ཙོང་ཁ་པའི་སློབ་མ་ཏཱ་ལའི་བླ་མ་དང་པོ་རྗེ་དགེ་འདུན་གྲུབ་(༡༣༩༡—༡༤༧༤)པས།  མེ་ཡོས་སྤྱི་ལོ་༡༤༤༧ལོར་གདན་ས་བཀྲ་ཤིས་ལྷུན་པོ་བཏབ། དེ་སྐབས་ལྷ་བཟོ་མཁས་པ་སྨན་ལྷ་དོན་གྲུབ་ཅེས་འཇམ་དབྱངས་ཀྱི་སྤྲུལ་པ་གྲགས་པས་བཀྲ་ཤིས་ལྷུན་པོའི་གཙུག་ལག་གི་ལོགས་རིས་སོགས་བྲིས།  དེ་དང་མཁྱེན་བརྩེ་ཆེན་མོ་བ་ཞེས་པ་དེ་གཉིས་ནི་རྡོ་པ་བཀྲས་རྒྱལ་གྱི་སློབ་མ་ཆེས་མཁས་པ་གཉིས་སུ་གྲགས།  དེ་དུས་གཙོ་ཆེར་སྨན་མཁྱེན་རྣམ་གཉིས་དང་།  སྤྲུལ་སྐུ་བྱེའུ་སྒང་པ་ཞེས་ཀྱང་བྱུང་།  དེ་དག་ནི་བོད་ཡུལ་གྱི་རི་མོའི་འབྱུང་ཁུངས་ཡིན་ཟེར།  ཕྱིས་སུ་སྨན་ལུགས་ལ་སྨན་གསར་དང་། སྨན་རྙིང་།  ཀརྨ་སྒར་བྲིས་ཏེ་གསུམ་གྲགས་ཆེ།  དེ་ལའང་སྨན་གསར་ནི།  ཆབ་མདོའི་ཕྱོགས་སུ་སྔར་ས་ཐོ་བློ་བཟང་དང་།  ཕྱིས་གྲུ་པ་ཕུར་བུ་གཉིས་ཤིན་ཏུ་མཁས་ལ་སྐད་གྲགས་ཆེ།  གཞན་གྲུ་པ་བསོད་ནམས་ཚེ་རིང་། དབང་དགའ།  ཚེ་རིང་དབང་འདུས་བཅས་ལྷ་བྲིས་ཀྱི་དབུ་མཛད་དུ་གྲགས་པ་དང་།  ས་མ་དགེ་ལེགས། འཛིང་ལྷ་འཇམ་དབྱངས་རྣམས་ཀྱང་དེ་ཚོའི་རྒྱུན་འཛིན་པ་ཡིན། ཀརྨ་སྒར་བྲིས་ནི། སྤྱིར་སྨན་བླ་དོན་གྲུབ་ཀྱི་ཕྱག་རྒྱུན་སྨན་རྙིང་གི་ལུགས་སོར་བཞག་ལ།  ཡུལ་གྱི་བཀོད་པ་སོགས། རྒྱ་གན་གི་སི་ཐང་སོགས་ལ་ཆ་བཞག་ནས། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་། མི་བསྐྱོད་རྡོ་རྗེ་གཉིས་ཀྱི་སྐུ་རིང་ལ། ཀར་ཤོད་པ་ཆོས་བཀྲ་ཤིས་སོགས་ཀྱིས་གསར་བསྐྲུན་བྱས་པ་དང་།  སི་ཏུ་ཆོས་ཀྱི་རྒྱལ་མཚན་(༡༥༨༦༡༦༥༤)གྱིས་འོག་མིན་ཀརྨ་དགོན་གྱི་འདུ་ཁང་གསར་བཞེངས་སྐབས་ནས་བཟུང་།  ཀར་ཤོད་སྒེར་རུ་སོགས་ཀྱི་ཡུལ་དུ་ལྷ་བཟོ་བ་མཁས་པ་གྲངས་ཅན་མི་རབས་མང་པོའི་བར་བྱུང་།  ཕྱིས་ཀར་ཤོད་ཀ་བཀྲ་དང་། ཨ་བོ་བཀྲ་རབ་གཙོས་ཨ་བོ་དང་ཆུ་རྒྱུད་གཉིས་ཀྱི་མི་རབས་ཚང་མ་ལྷ་བཟོ་བ་ཡིན་ལ། རྒྱུན་འཛིན་པ་མང་བས་སྒར་ལུགས་དར་ཁྱབ་ཆེ། ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེ་ལ་བཟོ་སྦྱོང་འཇིག་རྟེན་དབང་ཕྱུག་ཅེས་གྲགས་ཏེ།  སངས་རྒྱས་དང་། བྱང་སེམས། ཉན་ཐོས། བླ་མ། ཡི་དམ་ཆོས་སྐྱོང་རྣམས་ཀྱི་སྐུ་རིས་སུ་བྲིས་པ་དང་། འཇིམ་དང་།  ཟངས་རག  །གསེར་དངུལ་ལི་སོགས་ཀྱིས་ལུགས་སུ་བླུགས་པ། ཤིང་སོགས་ལ་འབུར་རིས་སུ་བརྐོས་པ། ཚོམ་དྲུབ་སོགས་རྗེ་རང་ཉིད་ཀྱི་ཕྱག་བཟོས་གཞན་ལས་ཁྱད་ཆོས་ཅན་མང་པོ་བསྐྲུན་པར་མཛད་པས།  ད་ལྟའང་ཕྱོགས་ཀུན་ལ་མང་དུ་མཇལ་རྒྱུ་ཡོད།  ཏཱ་ལའི་ལྔ་པ་ཆེན་པོའི་སྐུ་རིང་དུ་རྩེ་ཕོ་བྲང་དཀར་དམར་སོགས་བཞེངས་སྐབས།  སྨན་རྙིང་གི་ལུགས་མཁས་པ་ཕྲེང་ཁ་བ་བློ་གྲོས་སོགས་བྱུང་བས། རྩེ་ཕོ་བྲང་སྟེང་འོག་གི་ལོགས་བྲིས་རྙིང་པ་ད་ལྟའང་མཇལ་རྒྱུ་ཡོད་པ་རྣམས་ནི་སྨན་རྙིང་ལུགས་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེེ་དཀར་གྱི་དབུ་ལྷ་དང་།  ལོ་ཟླ་སྤར་སྨེ་གཟའ་སྐར་གྱི་རི་མོ། སྨན་ཐང་རྣམས་ནི་སྨན་རྙིང་ལུགས་ལས་མ་འདས། དེ་མཚུངས་ད་ལྟ་སྡེ་དགེའི་ཤིང་སྤར་བཻ་དཀར་རི་མོ་རྣམས་དང་། བཀའ་བསྟན་གྱི་དབུ་ལྷ་རྣམས་ནི་བོད་ཀྱི་རི་མོ་ལས་ཆེས་ཕུལ་དུ་བྱུང་བ་ནི་སྤར་རྐོ་བ་མཁས་པའི་ལག་རྩལ་ལས་འབྲལ་ཐབས་མེད།  མཁས་གྲུབ་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ནི། རབ་བྱུང་བཅུ་གཉིས་པའི་ཕུག་ལུགས་ ལྕགས་འབྲུག་(༡༦༩༩)དང་།  མཚུར་རྩིས་ལྟར་ན་ས་ཡོས་(༡༧༧༠)ལོར་སྡེ་དགེའི་ཨ་ལོ་དིང་རིང་སྒང་དུ་སྐུ་འཁྲུངས།  རབ་བྱུང་བཅུ་གཉིས་པའི་མེ་ལུག་སྤྱི་ལོ་༡༧༢༧ ལོར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཆོས་སྡེ་ཕྱག་བཏབ།  གཙུག་ལག་ཁང་གི་ལོགས་བྲིས་ལ་སོར་བྱང་སྔགས་གསུམ་གྱི་བླ་བརྒྱུད་རྣམས་དང་།  གནས་བརྟན་རྒྱ་གར་མ་སོགས་སྐྱ་རིས་རྗེ་ཉིད་ཀྱི་ཕྱག་བསྟར་མཛད་ཚུལ་རྗེ་ཉིད་ཀྱི་རང་རྣམ་ལས་གསལ། སྐུ་ཚེའི་སྟོད་ལ་ཕུར་ཁང་བདུད་འདུལ་གླིང་གི་ལོགས་བྲིས་དང་།  ལྡེར་བཟོ་རྣམས་ནི་རྗེ་སྟོད་ཚེ་དབང་གྲགས་པ་སོགས་ཀྱིས་བསྐྲུན། སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་ནི་རྗེ་ཉིད་ཀྱིས་གསར་སྤྲོས་ཕྱག་བྲིས་ཏེ།  ཁ་བྱང་ལས།  ཚོན་དང་རི་མོའི་ཉམས་རྣམ་འགྱུར། །རྒྱ་ནག་མཁས་པའི་རྗེས་འབྲང་ཏེ། །ཡུལ་དང་ཆ་ལུགས་ཁང་ཁྱིམ་སོགས།  །འཕགས་ཡུལ་མངོན་སུམ་མཐོང་བཞིན་བྱས།  །  ཞེས་པ་ལྟར་རོ། །དེ་ནས་བཟུང་དཔལ་སྤུངས་སུ་བླ་བྲང་དང་། ལྷ་ཁང་སྤྱི་དང་བྱེ་བྲག་མང་པོ་ལ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པར། རྗེ་ཆོས་འབྱུང་གི་ཞབས་པད་ཟིན་ཙམ་པའི་ཀར་ཤོད་ཀརྨ་བཀྲ་ཤིས་ཞེས་སྤྲུལ་པའི་ལྷ་བཟོ་ཞིག་བྱུང་བས། ལོ་ཙཱ་བ་ཚེ་དབང་ཀུན་ཁྱབ་དང་།  དབོན་སྤྲུལ་དབང་གི་རྡོ་རྗེ་སོགས་ཀྱི་སྐབས།  རྗེ་ཆོས་འབྱུང་གི་གསེར་གདུང་ཆེན་མོའི་རྟེན་བརྟེན་པ་དང་།  འབུར་སྐུ་ལ།  དཔལ་ལུགས་སུ་གྲགས།  དེ་སྐབས་རྩ་གསུམ་སྣ་ཚོགས་ཀྱི་སྐུ་དང་། གནས་བརྟན་གཙོ་འཁོར་རྒྱལ་ཆེན་བཞི་བཅས། སྒྲོལ་མ་ཉེར་གཅིག་སོགས་སྐུ་ཁྲུ་གང་རེ་ཅན་སྟོང་ཕྲག་ལ་ཉེ་བ།  ཁྱད་པར་དཔལ་དུས་ཀྱི་འཁོར་ལོ་དང་། ཀྱེ་རྡོར། བདེ་མཆོག  རྡོ་རྗེ་འཇིགས་བྱེད་བཅས་མཐོ་ཕྱེད་བཞི་ཡན་ཡོད་པ་སོགས་དང་། སངས་རྒྱས་སྐྱེས་རབས་ཆ་གྲངས། རྒྱུད་སྡེ་གོང་མའི་ཐང་སྐུ་བཞི་ཅན་ཆ་གསུམ།  ཀརྨ་པ་སྐུ་ཕྲེང་བཅུ་གཉིས་ཀྱི་རྣམ་ཐར་ཞལ་ཐང་༡༣།  བཀའ་གདམས་བླ་བརྒྱུད་ཞལ་ཐང་༢༡།  རིགས་ལྡན་ཞལ་ཐང་བླ་བརྒྱུད་བཅས་ཞལ་ཐང་༤༠སྐོར།  མགོན་པོའི་སྒྲུབ་མཆོད་སྐབས་གོང་ཐང་བཅུ་གསུམ་ཆ་གཉིས་སོགས་དཔལ་སྤུངས་སུ་གསར་བཞེངས་ཧ་ཅང་མང་ངོ་།  །༈ དེ་ནས་སྐྱབས་རྗེ་པདྨ་ཉིན་བྱེད་དབང་པོའི་ཐུགས་སྲས།  འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་(༡༨༡༣—༡༨༩༩)སྐབས་དཔལ་སྤུངས་ལྷ་སར་མཐོང་གྲོལ་རྒྱུད་སྡེ་ཁང་གསར་དུ་བཞེངས་དུས་ལྷ་བཟོ་བ་ཨ་བོ་དང་།  ཆུ་རྒྱུད་གཉིས་ཀྱི་དཔོན་གཡོག་མང་པོས་ལོ་བདུན་ལ་ལོགས་རིས་བྲིས་པ་དེའི་ཞལ་བཀོད་འཇམ་མགོན་ཀོང་སྤྲུལ་གྱིས་མཛད་ནས།  འདུ་ཁང་སྦུག་ཀ་ཤོག་གསུམ་ལ་རྡོ་རྗེ་འཆང་ལ་བཀའ་བརྒྱུད་གསེར་ཕྲེང་གིས་བསྐོར་བ་དང་།  སྟོན་པ་ཐུབ་པའི་དབང་པོ་ལ་ཉེ་སྲས་བརྒྱད་དང་། གནས་བརྟན། གཏད་རབས་བདུན་ སོགས་ཀྱིས་བསྐོར་བ།  པདྨ་འབྱུང་གནས་ལ་མཁན་སློབ་ཆོས་གསུམ།མེས་དབོན་རྣམ་གསུམ། རིག་འཛིན་བརྒྱད།  རྗེ་འབངས་ཉེར་ལྔ།  གཏེར་སྟོན་གོང་འོག་སོགས་ཀྱིས་བསྐོར་བ།  ལོགས་རྣམས་སུ་གསར་རྙིང་ཡི་དམ་ཕལ་ཆེར།  ཆོས་སྐྱོང་སོགས་སྒར་བྲིས་ཤིན་ཏུ་དྭངས་གཙང་།  ཐིག་ཚད་རི་མོ་ཚོན་མདངས་སོགས་འགྲན་ཟླ་བྲལ་བ་མིག་གི་བདུད་རྩིར་གྱུར་པ་འབའ་ཞིག་བཞུགས་ཀྱང་། རིག་གནས་གསར་བརྗེའི་སྐབས་དབྱིངས་སུ་གཤེགས་སོ།  །དེ་དག་ལ་སོགས་པའི་ལོ་རྒྱུས་ཁོ་བོས་རགས་རིམ་ཙམ་བཀོད་པ་དཔལ་སྤུངས་གྲྭ་ཐུབ་བསྟན་ཕུན་ཚོགས་ནས་བྲིས་པ་ལ། ནོར་འཁྲུལ་ཕྲན་བུ་མ་གཏོགས་དེ་ལྟར་རོ། ། ༈  དེའང་ཐོག་མའི་དྲིས་ལན་དུ། ཁོ་བོའི་རི་མོའི་རྒྱུན་ཇི་ལྟར་བྱུང་ཟེར་ན།  ཀར་མའི་སྒེར་རུ་མ་ཆུ་རྒྱུད་ཕུན་ཚོགས་དར་རྒྱས་ཞེས་པ་ལྷ་བཟོ་ཧ་ཅང་མཁས་པ་ཞིག་རབ་བྱུང་བཅུ་བཞི་པའི་མཇུག་ཙམ་སྤྱི་ལོ་༡༨༦༧ལོ་ཡས་མས་ཞིག་ལ་བྱུང་།  ཁོང་གིས་སྨན་རྙིང་དང་།  སྨན་གསར་སྒར་ལུགས་སྔ་རྗེས་བཅས་ཀྱི་མཛེས་ཆ་བཏུས་ནས་ལྷ་ཞི་ཆགས་ཁྲོ་ཉམས་སོགས་རི་མོའི་ཉམས་འགྱུར་མ་འདྲེས་པར་སྒར་སྨན་འདྲེས་མ་ཞེས་པའི་སྲོལ་གསར་པ་ཞིག་སྤེལ།  དེ་ལ་རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་རྣམ་གཉིས་ནས་ཐུགས་ལ་ཤིན་ཏུ་འཐད་པའི་གཟེངས་བསྟོད་གནང་།  ཁོང་ལ་སློབ་མ་མང་ཙམ་བྱུང་བ་ལས།  དཔལ་སྤུངས་དགོན་འདིར་བླ་མ་ཝ་ཤུལ་བློ་གྲོས་བྱ་བ།  སྨན་སོགས་ཡོན་ཏན་ཀུན་ལྡན་ཞིང་། རྟེན་རབ་བྱུང་བཙུན་པ་ཚད་ལྡན།  དུས་རྒྱུན་དཔལ་ལྡན་ཤངས་པ་བཀའ་བརྒྱུད་པའི་ལུགས་ཀྱི་ཡི་དམ་རྣམས་དང་།  དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ལ་ཐུགས་དམ་མཛད་པ། སྒར་སྨན་འདྲེས་མའི་ལུགས་ལ་མཁས་པ་ཞིག་ཡོད་པ་ལས།  ཁོ་བོ་སྟེ་ཐང་བླ་ཚེ་དབང་ནས་ཐོག་མར་རི་མོའི་སློབ་དཔོན་དུ་བསྟེན་ནས་ཞིབ་པར་སྦྱངས་མྱོང་། དེ་རྗེས་སྤྲུལ་པའི་ལྷ་བཟོ་ཞེས་གྲགས་པ་ཀར་འབྲུག་ལས་ཐིག་ཚད་སོགས་ཞིབ་ཆ་བསླབ་སྟོན་ཞུས་པས། དེ་རྣམ་གཉིས་ཀྱི་རྒྱུན་འཛིན་པ་ཙམ་ཡིན་ཞེས་ཟེར་ཆོག་སྙམ།  ༈ ད་ནི་ལག་ལེན་དངོས་ཀྱི་སྐབས་ཉེར་མཁོའི་ཐིག་ཚད་ཀར་འབྲུག་གི་ལུགས་ལ། རྗེ་ཀརྨ་པ་བཅུ་བཞི་ཐེག་མཆོག་རྡོ་རྗེའི་དངོས་སློབ་ཟུར་མང་བསྟན་འཛིན་དགེ་ལེགས་ཉི་མའི་ཐིག་ཚད་བློ་གསལ་དགྱེས་སྐྱེད་དང་།  རིན་ཆེན་གྲུབ་མཆོག་གི་ཉི་མ་ཆེན་པོའི་འོད་ཟེར་གཉིས་གཞིར་བཞག་མཛད་ཅིང་།  ཀར་འབྲུག་རང་གི་སློབ་དཔོན་གནས་བཟང་བླ་མ་དགེ་འདུན་གྱི་ཞལ་ཁྲིད་མ་ནོར་པའི་ལུགས་ལྟར་མཛད་པས།  རང་རེ་རྣམས་ཀྱིས་ཀྱང་དེ་ལྟར་བརྩོན་དགོས་སོ།  །ཉེ་བར་ལྷ་ཐིག་གི་དཔེ་ཡིག་འབྱོར་སླ་བ་སྡེ་དགེའི་ཤིང་སྤར་བཻཌཱུརྱ་དཀར་པོ་ལས་དྲིས་ལན་གཡའ་སེལ་ཨི་པོད་ལྡེབ་༢༩༠ནས་ ༣༡༡  བར་ལྷ་སྐུའི་ཐིག་རྩ་དང་།  འཇུ་མི་ཕམ་བཀའ་འབུམ་ཀ་པོད་ལས་སྐུ་གཟུགས་ཀྱི་ཐིག་རྩ་རབ་གསལ་ཉི་མ་ཁྱོན་ལྡེབ་༣༥ཅན་བཅས་ལྟ་ཀློག་ཞིབ་མོ་མཛད་དགོས།  དེའང་ཐིག་ཆེན་དང་པོ་སངས་རྒྱས་སྤྱི་ཐིག་ལ་སོར་བརྒྱ་དང་ཉེར་ལྔ་པ་དུས་འཁོར་རྒྱུད་ལས་གསལ་བར་གསུངས་ཡོད་པ་དང་།  བདེ་མཆོག་སྡོམ་འབྱུང་ལ་བརྒྱ་ཉི་ཤུ་བཅས་བསྟན་འཛིན་དགེ་ལེགས་པའི་ཐིག་ཡིག་ལྟར།  ཀར་འབྲུག་གི་ཞལ་ཚད་རེ་སོར་ཕྱེད་དང་བཅུ་བཞི་རེ་བྱས་པས་ཞལ་བཅུ་ལ་སོར་ལྔ་ལྷག་པས་སངས་རྒྱས་སྤྱི་ཐིག་ལ་སོར་བརྒྱ་དང་ཉེར་ལྔ་དང་།  ཞལ་ཚདརེར་སོར་བཅུ་གཉིས་རེ་བྱས་པས།  སོར་བརྒྱ་ཉི་ཤུ་བྱང་སེམས་སྤྱི་ཐིག་ཡིན་གསུང་། གཡའ་སེལ་ལས།  བྲིས་སྐུ་ལ་སོར་བརྒྱ་ཉི་ཤུ་འབུར་སྐུ་ལ་བརྒྱ་ཉེར་ལྔ་ཡིན་རྩིས་འདྲ་ཞིག་འབྱུང་།  མི་ཕམ་པས་གནས་སོ་སོར་ཞལ་ཚད་རེ་ལ་སོར་ཕྱེད་རེ་བསྣན་པས་རིང་ཐུང་སོགས་འཐད་ལྡན་མི་འདུག་པས།  སངས་རྒྱས་ལ་སོར་བརྒྱ་ཉེར་ལྔ་། བྱང་སེམས་ལ་སོར་བརྒྱ་ཉི་ཤུ་སྟེ།  དཔེར་ན། སངས་རྒྱས་དང་།  བྱང་སེམས་གཉིས་སྐུ་ཚད་མཉམ་པ་གཉིས་བཞེངས་ན་སངས་རྒྱས་ལ་སོར་ལྔས་ལྷག་པ་དགོས་ཚུལ་དང་།  དེ་དག་ལ་བོད་ཀྱི་རི་མོ་མཁན་དག་གིས་དཔྱད་པར་མཛོད་སོགས་གསུངས།  དེ་ལྟར་མཛད་ན་སྟབས་བདེ་ལ་འགལ་བ་ཡང་ཨེ་ཡོད་སྙམ་པས་མཁས་པ་རྣམས་ཀྱིས་དཔྱད་པར་ཞུ། དེ་ཡི་འགྲོས་ཀྱིས་ཐིག་ཆེན་དང་པོ་སངས་རྒྱས་སྤྱི་ཐིག་སོར་བརྒྱ་དང་ཉེར་ལྔ། ཐིག་ཆེན་གཉིས་པ་བྱང་སེམས་སྤྱི་ཐིག་སོར་བརྒྱ་ཉི་ཤུ། ཐིག་ཆེན་གསུམ་པ་ཁྲོ་བོ་ལ་དྲང་སྲོང་ལྟར་ཁྲོས་པ་ཞལ་ཚད་བཅུ་པ་དང་། གནོད་སྦྱིན་ལྟར་ཁྲོས་ལ་ཞལ་ཚད་བརྒྱད་པ་དང་།  གཤིན་རྗེ་ལྟར་ཁྲོས་ལ་ཞལ་ཚད་དྲུག་པ། ཤིན་ཏུ་ཁྲོས་པ་སྲིན་པོ་ལྟར་ཁྲོས་ཞལ་ཚད་གསུམ་བཅས།  ཐིག་ཆེན་བཞི་པ་ལྷ་མོ་རྣམས་ལ་ཞལ་ཚད་དགུ་པ།  ཐིག་ཆེན་ལྔ་པ་ལྷ་ཀླུ་གནོད་སྦྱིན།  ཉན་རང་སོགས་བཅས་རྣམ་འགྱུར་སོ་སོར་རྟོགས་པར་བྱའོ།  །དེ་དག་གི་ཐིག་ལག་ལེན་ཞིབ་ཆ་ནི།  ཐིག་ཡིག་སོ་སོར་གསལ་བས་འདིར་ཡི་གེ་མང་པོ་འབྲི་དགོས་ཀྱང་མེད་དོ།  །  ༈ ད་ནི་ཚོན་གྱི་སྦྱོར་སྡེབ་གྲངས་མང་ཏུང་ཀུ་ཞེས་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་(༡༦༧༢—༡༧༤༦)ཀྱིས་བྲིས་པའི་བཟོ་རིག་ཡིག་ཆ་དང་།  ཀོང་སྤྲུལ་གྱི་ཤེས་བྱ་ཀུན་ཁྱབ་ཀྱི་བར་ཆ་ལས་ཀྱང་མང་དུ་གསུངས་པ་རྙེད་སླའོ།  །ལྷག་པར་དུ་བཻ་དཀར་གཡའ་སེལ་ལས་དཔེར་བརྗོད་ཀྱི་མཆན་ལས།  རང་སྟོབས་ལ་སྦྱོར་བའི་ཚོན། དཀར། སེར།  དམར།  སྔོ། ལྗང་བཅས། དཀར་ནི་ཚོན་སྦྱོར་ཕལ་ཆེར་གྱི་རྩ་བ་ཡིན་ལ།  དཀར་ལ་སེར་པོ་ཅུང་བསྲེས་པ་རུས་ཁ།  དཀར་ལ་མཐིང་ཅུང་བསྲེས་པ་འོ་ཁ། དཀར་ལ་ལི་ཁྲི་དང་མཚལ་བསྲེས་པ་ཤ་ཁ། དེའང་ཤ་དཀར།  དཀར་ཤས་ཆེ། ཤ་དམར།  མཚལ་ཤས་ཆེ།  ཤ་སྨུག །ཤ་དམར་ལ་སྣག་ཚ་བསྲེས་ཀྱང་ཆོག ཤ་སེར། བ་བླ་བསྲེ། ཤ་སྔོན་སོགས།  མཐིང་བསྲེ།  སེར་པོ་དང་མཚལ་ལམ་ལི་ཁྲི་སྣག་ཚ་བཅས་བསྲེས་པས་དུད་ཁ། དེ་ལ་དཀར་བསྲེས་ནས་དུད་ཁ་སྐྱ་བོ་དང་།  སེར་ཤས་ཆེ་བར་དུད་སེར་སོགས་འགྲེ། དཀར་ལ་ཀག་བསྲེས་པར་ན་རོས་ཟེར། དེ་ལ་རམ་བསྲེས་པས་མོན་ཁ། དེ་དག་ལའང་།  ན་རོས་སྐྱ།  སྨུག མོན་ཁ།  མོན་སྔོན་དང་། མོན་དམར། མོན་སྐྱ་སོགས་དཀར་པོ་ལ་སེར་པོ་དང་ལི་ཁྲི་བསྲེས་པས་སེ་མི་སངས་རྒྱས་སྐུ་ཤ་ཟེར།  ཡང་།  སྤང་ལྗང་དང་། ལྕང་ཤོག་བསྲེ། གཡུ་ཁ། སྤང་དང་མཐིང་བསྲེ། དཀར་ལ་རམ་ནག་ཤས་ཆེར་བསྲེས་པ་སྦྱར་མཐིང་། དེ་ལ་མཚལ་བསྲེས་པ་མོན་ནག་ཅེས་མགོན་པོའི་བེར་ལ་བྱུགས།  སྤང་སྐྱ། མཐིང་སྐྱ།  དམར་སྐྱ། ལི་སྐྱ་སོགས་ནི་ཚོན་སོ་སོར་དཀར་བསྲེ།  དེའང་སྐྱ་ཆེ་ཆུང་གཉིས་དང་གསུམ་སོགས་བཟོ་ཆོག  དཀར་ཕྲན་བུ་ནང་ལི་ཁྲི་དང་། མཚལ་

བུང་མཉམ།  ཀག་ཅུང་བསྲེས་པ་དམར་ཆེན་གློ་བ་ཁ་ཟེར།  དེ་ལ་དཀར་ཤས་ཆེ་བར་དམར་ཆེན་བདེ་མཆོག་གི་ཡུམ་ཕག་མོ་སོགས་ལ་བྱུགས། སྨུག་པོ་ཙནྡན་མདོག་ནི། རང་བྱུང་གི་ཙཀ་སྨུག་གམ།  ཡང་ན། མཚལ་ལ་སྣག་ཚ་རམ་གང་རུང་བསྲེ། ཀག་ཅུང་བསྲེས་ན་སྣུམ་པར་འོང་། གཞན་ཡང་རང་གིས་ཚོན་སྦྱོར་གང་ཡིན་ཀྱང་།  ཚོད་ལྟ་བྱེད་ནས་ཐལ་རྡུལ་སོགས་ཀྱིས་སླད་སྐྱོན་དང་། མེ་ལ་ཧ་ཅང་ཁོལ་ལ་ཉེ་བ་སོགས་མ་བྱས་ན། ཚོན་ཕལ་ཆེར་ཕབ་རྙིང་ལེགས། དྭངས་ཚོན་རྣམས་མ་གཏོགས་པའི་སྤང་མཐིང་སོགས་སྐམ་བཅོལ་སྐབས་དམ་བཅད་དགོས།  གཙང་མཐིང་དང་། མཚལ་རྒོད་རྣམས་འདུལ་ལུགས་ལག་རྒྱུན་ལྟར་ལས།  ཤེད་འདུར་དང་། དྭངས་རིམ་པར་མི་ལེན་པར་མཉམ་འདུར་ཁོ་ན་བཟོ་མི་ཉན།  གཙང་མཐིང་འདུར་ལུགས་ལེགས་པོ་ཤེས་ན།  མཐིང་སྐྱ།  སྔོ་སངས། མཐིང་ནག་བཅས་རང་འབྱུང་ལས་སྦྱོར་སྡེ་མི་དགོས།  ༈  ཚོན་བྱུག་ལུགས་ལ།  ཞམ་བྱུག་དང་། ལེབ་བྱུག་སོགས་དང་།  ཕབ་ལུགས་སོགས་ལག་རྒྱུན་བཟང་པོ་ལ་བལྟས་ནས་དེའི་རྗེས་སུ་འབྲང་དགོས་ལ།  ཅི་བྱུང་གང་བྱུང་མགྱོགས་ལས་ཐབས་སྡུག་དེ་འདྲ་བཟོ་མི་ཉན། གཙོ་ཆེར་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ།  མཇུག་བསྔོ་བ་དམ་པ་སྟེ་དེ་གསུམ་མཁས་པའི་ཞལ་སྒོ་ལས་གསན་དགོས་ཏེ།  དཔེར་ན། བཀྲག་བརྗིད་སྣུམ་གསུམ་འཛོམ་ན་ཚོན་ཀྱི་རབ་མ།  ཕྲ་གྲུང་དྭངས་གསུམ་འཛོམ་ན་བཅད་ཀྱི་རབ་མ།  སྣུམ་ཡལ་མཛེས་གསུམ་འཛོམ་ན་མདངས་ཀྱི་རབ་མ་ཟེར་བ་ལྟར། མདངས་ལ་ཡང་།  ཡལ་མདངས་ཐོ་རང་གསལ་འདྲ། འཇམ་མདངས་འཇའ་འོད་ཤར་འདྲ།  འབར་མདངས་ཀུ་ཤའི་རྩེ་འདྲ།  ཙག་མདངས་ཡུངས་གཞི་བརྡལ་འདྲ་སོགས་ཟེར།  གཞན་ཡང་། ལྷ་བཞེངས་པ་ལ། བཟོ་བོའི་སྐྱོན་ཡོན།  སྦྱིན་བདག་གི་སྐྱོན་ཡོན་སྦྱོར་དངོས་རྗེས་སོགས་ཐིག་ཚད་ཡིག་ཆ་རྣམས་ཐུགས་ལ་ངེས་དགོས་སོ།  ། ༈  ཡང་སློབ་མའི་དྲིས་པ་ལ་གླེན་པའི་ལན། ༈ མངོན་རྫོགས་སྟོན་པ་བཅུ་གཉིས་ནི།  རྫོགས་ཆེན་སྟོན་པ་བཅུ་གཉིས་ཡིན་པས། དེ་ཡི་དཔེ་ནི།  ཨ་འཛོམ་སྒར་གྱི་ཀློང་ཆེན་མཛོད་བདུན་ཤིང་སྤར་དབུ་ལྷ་ལ་བཀོད་འདུག  ༈  མི་མཐུན་གཡུལ་རྒྱལ་ནི།  མི་ཕམ་བཀའ་འབུམ་ནང་རླུང་རྟ་བྲི་ཐབས་སོགས་ཡོད། ༈ པ་ཏྲ་རིགས་བརྒྱད་ནི་སྔར་རང་གིས་དེ་ཡི་ཐ་སྙད་མ་ཐོས་ཀྱང་།  མེ་རི་པ་ཏྲ།  ཤིང་ལོ་པ་ཏྲ། པ་ཏྲ་འཁོར་རྒྱུག་རྡུལ་འཛིན་ཅན།  པ་ཏྲ་ལོ་མ་མེད་པ་འཁོར་རྒྱུག་སོགས་ལྷ་པའི་ལག་རྩལ་སྣ་ཚོགས་ལགས།  །  ༈  ཞི་བ་ལོངས་སྤྱོད་རྫོགས་སྐུ་རྣམས་ལ།  དར་གྱི་ཆས་གོས་ལྔ་ནི།  དར་གྱི་སྟོད་གཡོག་དང་། སྨད་དཀྲིས། ཅོད་པན། ཟི་ལྡིར།  གར་ཕུ་རུང་ལྔ། ཞེས་པ་ལ།  དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོག  །ཚི་གུ་སྟེ་དར་ཁྲ་བོའི་སྨད་དཀྲིས་དང་།  ཁ་དོག་སྣ་ཚོགས་ལས་གྲུབ་པའི་སྙན་གོང་གཉིས་ལ་དར་གྱི་ཅོད་པན་དང་།  ལྟག་པའི་ཕྱོགས་ནས་ཐུར་དུ་འཕྱང་བའི་ཟི་ལྡིར། གར་གྱི་ཕུ་རུང་སྟེ་གར་ཕོད་དེ་ལྔའོ།  དེང་སོང་དར་དཔྱང་ཞེས་གྲགས་པ་ནི། སྟོད་གཡོགས་སུ་བསྡུ་བ་ལས་ཟུར་དུ་མི་བགྲང་ངོ་།  ། ༈ རིན་པོ་ཆེའི་རྒྱན་བརྒྱད་ནི།  རིན་ཆེན་དབུ་རྒྱན་སྙན་ཆ་དང་།  མགུལ་རྒྱན་དོ་ཤལ་སེ་མོ་དོ།  ཕྱག་གདུབ་ཞབས་གདུབ་སྐ་རགས་བརྒྱད། ཅེས་པ་ལྟར།  དབུ་རྒྱན་ལ་རིགས་ལྔའམ་རིན་པོ་ཆེའི་པྲོག་ཞུ།  སྙན་ཆ་ནི་རིན་པོ་ཆེའི་ཕྲ་དང་པད་གོར་གྱིས་མཛེས་པ། མགུལ་གདུབ་བམ་མགུལ་རྒྱན་མགྲིན་པའི་རི་མོ་འོག་མ་ལས་ཅུང་དམའ་བར་འཁོར་བ།  སེ་མོ་དོ་ནི་རིན་པོ་ཆེ་བའི་ཕྲེང་བ་ལྟེ་འོག་བར་སླེབས་པ། དོ་ཤལ་ནི་ལུས་ཚད་དང་མཉམ་པའི་རིན་པོ་ཆེའི་ཕྲེང་བ།  ཕྱག་གདུབ་ཞབས་གདུབ་དཔུང་གདུབ་རྣམས་གཅིག་ཏུ་བགྲང་བ།  རིན་པོ་ཆེ་བའི་སྐ་རགས་དོ་ཤལ་དང་ནོར་བུའི་ཕྲས་བརྒྱན་པ་བཅས་བརྒྱད་དོ།  །  ༈  རུས་པའི་རྒྱན་དྲུག་ནི། སྤྱི་བོར་རུས་པའི་འཁོར་ལོ། རུས་པའི་རྣ་ཆ།  མགུལ་རྒྱན། གདུ་བུ། སྐ་རགས། སེ་རལ་ཁ་བཅས། ལྷ་མོའི་རིགས་ལ་འདི་མི་དགོས་སོ།  །  ༈ དུར་ཁྲོད་ཆས་བརྒྱད་ལ་བགོ་བའི་གོས་གསུམ་ནི།  མི་ལྤགས་དང་།  གླང་ཀོ  །སྟག་ལྤགས་གསུམ་མོ། །༈  གདགས་པའི་རྒྱན་གཉིས་ནི།  ཐོད་པ་སྐམ་རློན་རྣམས་སོ།  ། ༈ དཔལ་གྱི་ཆས་བརྒྱད་ནི།  གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས་དང་།  ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། གདུགས་པ་ཅན་བསྲེགས་ཡེ་ཤེས་མེ་ཡི་ཆས། སྐྱེ་ཤི་རྩ་གཅོད་མཆེ་བ་ཟླ་ཚེས་ཆས།  ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོགས་པའི་ཆས། མངའ་ཐང་ཡོངས་རྫོགས་རྡོ་རྗེ་གླགས་པའི་ཆས།  སངས་རྒྱས་སར་བསྒྲོད་དབང་གི་བསེ་ཁྲབ་ཆས།  གནོད་བྱེད་ཟློག་པ་རྒྱ་གྲམ་ལྕགས་ཀྱི་ཆས།  དེ་རྣམས་ལ་ཐུགས་རིག་པ་རང་སྣང་གི་རྒྱན་ཟེར་རོ།  ། ༈ རྒྱབ་ཡོལ་ཎ་བཞི་ནི། གཏི་མུག་རྣམ་དག་བྱ་ཁྱུང་ཀ་རུ་ཎ་དང་། འདོད་ཆགས་རྣམ་དག་ཆུ་སྲིན་པ་ཊ་ཎ། ཞེ་སྡང་རྣམ་དག་རི་དྭགས་ཤ་ར་ཎ།  ཕྲག་དོག་རྣམ་དག་གླང་ཆེན་ཧསྟི་ཎ།  ཞེས་དང་། ལྷ་བྲིས་ཚོའི་ངག་རྒྱུན་ལ།  བྱ་ཁྱུང་ཀླུ་ཡིས་བརྒྱན། ཆུ་སྲིན་པ་ཊས་བརྒྱན།  ཤ་ར་བྷ་བུ་ཁྱུང་གིས་བརྒྱན།  གླང་ཆེན་བུམ་པས་བརྒྱན།  ཅེས་ཟེར།  ༈  གདན་ཁྲི་ལ།  དབུས་བུདྡྷའི་རིགས་ལ་སེང་གེ  །ཤར་རྡོ་རྗེའི་རིགས་ལ་གླང་ཆེན། ལྷོ་རཏྣའི་རིགས་ལ་རྟ་མཆོག  ། ནུབ་པདྨའི་རིགས་ལ་རྨ་བྱ།  བྱང་ཀརྨའི་རིགས་ལ་ཤང་ཤང་བྲི། ༈ ཡང་རྙིང་མའི་བྱོལ་སོང་གཙོ་བརྒྱད་རིན་ཆེན་ཁྲི་ཞེས།  གོང་གསལ་སེང་གེ་སོགས་ལྔ་ཡི་སྟེང་། སྦྲུལ་དང་། གཟིག་བཅས་བྲིས་འདུག  དེ་རྣམས་ཉོན་མོངས་དུག་ལྔ་དང་།  རྣམ་ཤེས་ཚོགས་བརྒྱད་དག་པའི་བརྡ་ཡིན་ཚོད་འདུག  །  ༈ སྡོམ་བརྩོན་དམ་པ་ནི། རལ་གྲི་དེ་འཇམ་དབྱངས་ དང་ཁྲི་སྲོང་ལྡེའུ་བཙན་མཚོན་བྱེད་དང་། པོ་ཏི་དེ་ཕྱག་ན་རྡོ་རྗེ་མཚོན་བྱེད།  རི་མོའི་དཀྱིལ་ལ་ཡོད་པའི་པདྨ་དེ་སྤྱན་རས་གཟིགས་དང་།  སློབ་དོན་པདྨ་འབྱུང་གནས་མཚོན་བྱེད། ངང་པ་མགོ་གཉིས་དེ་ཞི་བ་མཚོ་མཚོན་བྱེད།  ནེ་ཙོ་མགོ་གཉིས་ཅན་དེ་ལོ་ཙཱ་བ་མཚོན་བྱེད་བཅས་སོ། །  ༈  བྱེའུ་སྒང་པའི་བྲིས་རྒྱུན་ལ། ས་གཞི་མཚོན་པའི་ནོར་འཛིན་པ་ཊ་དང་།  བསིལ་བྱེད་མཚོན་པའི་ཆུ་རིས་པ་ཊ།  གཡོ་བྱེད་མཚོན་པའི་རླུང་རིས་པ་ཊ། ཚ་དྲོད་མཚོན་པའི་མེ་རི་པ་ཊ། ད་དུང་སྲོག་ཆགས་ཀྱི་གཟུགས་འགྱུར་པ་ཊ་སོགས་གསར་བཏོད་མཛད་པའང་ཡོད་དོ།  །  

༈ཚོན་སྡེབ་སྦྱོར་མདོར་བསྡུས་ཉེར་མཁོ་ནི།  ཐོག་མར་མཐིང་།  སྤང་། མཚལ།  ལི་ཁྲི། དཀར།  བ་བླ་རྣམས་ཕབ་སྟེ།  དཀར་གྱི་ནང་དུ་མཐིང་ཉུང་ཙམ་བསྲེས་ན་མཐིང་སྐྱ་ཡིན། ཡང་།  དཀར་གི་ནང་དུ་སྤང་ཉུང་ཙམ་བསྲེས་ན་སྤང་སྐྱ་འབྱུང་།  དཀར་གི་ནང་དུ་རྒྱ་ཀག་བསྲེས་ན་ན་རོས་འབྱུང་། དཀར་གི་ནང་ལ་མཚལ་དང་ལི་ཁྲི་ཐིག་ཙམ་སྦྱོར་ན་དམར་སྐྱ་འབྱུང་།  དཀར་ལ་རྒྱ་མཚལ་ཐིག་ཙམ་དང་ལི་ཁྲི་ཐིག་ཙམ་བསྲེས་ན་ཤ་དཀར་ཡིན། དམར་པོ་ཞད་ཆེ་ན་ཤ་དམར་ཟེར། དེ་ལ་སྣག་ཚ་ཉུང་ཙམ་བསྲེས་ན་ཤ་སྨུག་ཡིན།  མཐིང་སྐྱ་ནང་ལ་མཚལ་ཐིག་ཙམ་བསྲེས་ན་མོན་སྐྱ་ཡིན།  དཀར་ལ་མཐིང་ཐིག་ཙམ་སྦྱོར་བ་ཤ་སྔོན་ཟེར།  ཤ་དཀར་ལ་སེར་པོ་ཐིག་གཅིག་བསྲེས་ན་ཤ་སེར་འབྱུང་།  དཀར་ལ་སེར་པོ་ཉུང་ངུ་བསྲེས་ན་རུས་ཁ་འབྱུང་། དཀར་ལ་མཐིང་སྐྱ་ཉུང་ཙམ་བསྲེས་ན་འོ་ཁ་འབྱུང་།  སེར་པོ་ལ་ལི་ཁྲི་ཐིག་དང་དཀར་སྣག་ཚ་ཐིག་གཅིག་བཅས་བསྲེས་ན་ཇ་ཁ་འབྱུང་། ཇ་ཁ་ལ་རིགས་གསུམ་ཡོད་དེ།  ཇ་སེར་ལ་སེར་པོ་མང་། ཇ་དམར་ལ་མཚལ་མང་།  ཇ་སྨུག་ལ་སྣག་ཚ་མང་བའོ། །མཐིང་ལ་དཀར་དང་མཚལ་གྱི་ཁུ་བ་བསྲེས་པར་མོན་ཁ་ཟེར།  མོན་ཁ་ཡང་རིགས་གསུམ་ཡོད་དེ།  མོན་དམར་དང་།  མོན་སྐྱ། མོན་ནག་ཟེར་རོ། །སེར་པོ་ནང་ལ་ལི་ཁྲི་བསྲེས་པས་ལི་ཧང་ཟེར།  དེ་ཡི་ནང་ལ་དཀར་ཐིག་ཙམ་བསྲེས་ན་སེ་མི་སངས་རྒྱས་སྐུ་ཤ་འབྱུང་། སྤང་ལ་སེར་པོ་སྦྱར་ན་ལོ་ཁ་འབྱུང་།  སྤང་སྐྱ་ལ་སེར་པོ་ཐིག་ཙམ་བསྲེས་ན་སྨུག་ཁ་འབྱུང་།  སྤང་དང་མཐིང་ཐིག་གཅིག་སྦྱར་དེའི་ནང་ལ་དཀར་ཐིག་གཅིག་བསྲེས་ན་གཡུ་ཁ་འབྱུང་། སེར་པོ་ལ་མཐིང་ཅུང་བསྲེས་ན་སྦྱར་སྤང་འབྱུང་། མཐིང་སྐྱ་ནང་ལ་རྒྱ་ཀག་བསྲེས་ན་སྨུག་ཁ་འབྱུང་།  ཞེས་གསུངས་སོ །། །། 

ཞེས་པ་འདི་ལ་ཚིག་མཆན་དང་ཁ་ཇེ་གསལ་ཕྲན་བུ་ཀརྨ་རྒྱལ་མཙན་གྱིས་མཛད་པས་དགོངས་འགལ་མེད་པ་ཞུ།

  • ལེ་ཚན་སྔོན་མ།:བོད་ཀྱི་དཀར་ཡོལ་སྐོར་རགས་ཙམ་བཤད་པ།
  • ལེ་ཚན་རྗེས་མ།:བོད་སྔ་རབས་ཀྱི་རྫ་ཆས་ངོ་སྤྲོད་མདོར་བསྡུ།
  • དོ་སྣང་ཆེ་བའི་རྩོམ།