ཁྱེད་ཀྱིས་བོད་ལ་རི་མོའི་ལག་རྩལ་ནམ་ཞིག་ནས་དར་བ་ཡིན་པ་ཤེས་སམ།

    དུང་དཀར་ཚིག་མཛོད་ཆེན་མོ།    2020-07-14

ཁྱེད་ཀྱིས་བོད་ལ་རི་མོའི་ལག་རྩལ་ནམ་ཞིག་ནས་དར་བ་ཡིན་པ་ཤེས་སམ།

   བོད་ཀྱི་རི་མོའི་ལག་རྩལ་ནི་སྤྱི་ལོའི་དུས་རབས་བདུན་པའི་གོང་ནས་བྱུང་ཡོད་ཅིང་། རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ས་གནས་ཀྱི་སྲིད་དབང་བཟུང་སྐབས། ལྷ་ས་གཙུག་ལག་ཁང་གི་ལྡེབས་བྲིས་དང་ཀ་བ་དང་གདུང་མའི་ལྡེབས་སུ་གནའ་རབས་བོད་ཀྱི་རོ་སྒྲུང་ནང་དུ་བཤད་པའི་གཏམ་རྒྱུད་དང་། པོ་ཏ་ལ་དང་། གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་སྐོར་རི་མོའི་ཐོག་བྲིས་ཡོད་པ་མ་ཟད། དེའི་གྲས་ནས་སྲོང་བཙན་སྒམ་པོའི་སྐབས་ཀྱི་པོ་ཏ་ལའི་བཟོ་དབྱིབས་དང་། སྐབས་དེའི་དམག་མིའི་ཆས་དང་རུ་དར་སོགས་རི་མོར་བྲིས་པ་རྣམས་གཙུག་ལག་ཁང་གི་ལྡེབས་བྲིས་ནང་དེ་སང་ཡང་དངོས་སུ་མཐོང་རྒྱུ་ཡོད། སངས་རྒྱས་ཆོས་ལུགས་ཀྱི་ལྷ་སྐུའི་རི་མོ་ནི་ཐོག་མར་བལ་བཟའ་ཁྲི་བཙུན་ཕེབས་སྐབས་བལ་པོའི་ལྷ་བཟོ་བ་དང་། ་བྲིས་པ་ཁག་གཅིག་བོད་དུ་ཁྲིད་ཡོང་བ་དེ་ཚོའི་ས་ནས་སློབ་སྦྱོང་བྱས་ཤིང་། རི་མོ་དེའི་ལག་རྒྱུན་ལ་བལ་རིས་ཟེར་གྱི་ཡོད་པ་དང་། བལ་པོའི་ལག་རྒྱུན་ལྟར་གྱི་རི་མོ་བྲིས་སྟངས་དེ་ཡོན་རྒྱལ་རབས་མ་རྫོགས་བར་དུ་གནས་པ་རེད། མིང་རྒྱལ་རབས་གྱི་གོང་མ་ཡུང་ལོས་སྐབས་སི་ཁྲུའུ(དར་སྐུད)ཡིས་འཐགས་པའི་ལྷ་སྐུའི་ཐང་ཀ་ཁག་གཅིག་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་དང་ཙོང་ཁ་པར་ཕུལ་བ་དེ་ནས་བཟུང་བོད་ཀྱི་རི་མོ་མཁས་པ་རྣམས་རྒྱ་རིགས་ཀྱི་རི་མོ་འབྲི་སྟངས་དང་ཚོན་གཏོང་སྟངས་ལ་སློབ་སྦྱོང་བྱེད་འགོ་ཚུགས་པ་དང་། བོད་ཀྱི་རི་མོའི་ལག་རྩལ་ལ་ཡར་རྒྱས་གསར་པ་བྱུང་བའི་འགོ་ཚུགས་པ་སྟེ། དཔེར་ན། ཙོང་ཁ་པ་འདས་རྗེས་སུ་བྱུང་བའི་ལྷོ་བྲག་གི་སྨན་བླ་དོན་གྲུབ་ཟེར་བ་དེས་ཐོག་མར་རྡོ་པ་བཀྲ་ཤིས་རྒྱལ་པོའི་སར་བལ་པོའི་རི་མོ་འབྲི་སྟངས་སློབ་སྦྱོང་བྱས་ཤིང། རྗེས་སུ་མཚུར་ཕུ་དགོན་པའི་ནང་ནས་མིང་རྒྱལ་རབས་སྐབས་འཐག་པའི་སི་ཐང་མཐོང་ནས་རྒྱ་རིགས་ཀྱི་རི་མོ་འབྲི་སྟངས་སློབ་སྦྱོངས་བྱས་ཐོག་བོད་ཀྱི་རི་མོའི་ལག་རྒྱུན་དང་རྒྱ་རིགས་ཀྱི་གནའ་རབས་རི་མོ་འབྲི་སྟངས་ཟུང་འབྲེལ་བྱས་པའི་རི་མོ་འབྲི་སྟངས་གསར་པ་ཞིག་བྱུང་བ་དེ་ལ་བོད་ཀྱི་ལོ་རྒྱུས་ཐོག་སྨན་ལུགས་ཟེར། ཡང་གཙང་གི་གོང་དཀར་སྒང་སྟོད་ཟེར་བར་སྐྱེས་པའི་རི་མོ་མཁས་པ་མཁྱེན་བརྩེ་ཟེར་བ་དེས་རི་མོ་འབྲི་སྟངས་སྨན་ལུགས་དང་མི་འདྲ་བ་ཞིག་གསར་གཏོད་བྱས་པ་དེ་བོད་ཀྱི་ལོ་རྒྱུས་ཐོག་མཁྱེན་ལུགས་ཟེར།ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་དུས་དྭགས་པོ་ཁུལ་སྐྱེས་པའི་བྱིའུ་ལྷ་བཟོ་ཟེར་བ་སྤྲུལ་པའི་རི་མོ་བ་ཡིན་པར་གྲགས་པ་དེ་ཆུང་དུས་ནས་རི་མོ་ལ་དོ་སྣང་ཆེ་ཞིང་། སྐབས་དེར་བོད་དུ་སྐད་གྲགས་ཡོད་པའི་རི་མོ་བ་མཁས་པ་ཡོད་ཚད་ཀྱི་དྲུང་ནས་རི་མོ་འབྲི་སྟངས་དང་ཚོན་གཏོང་སྟངས་སློབ་སྦྱོང་བྱས་ཏེ་བོད་ཀྱི་རི་མོ་མཁས་པའི་ལག་རྩལ་ལེགས་གྲས་གཅིག་བསྡུས་བྱས་པའི་རི་མོ་འབྲི་སྟངས་གསར་པ་ཞིག་གསར་གཏོད་བྱས་པ་དེར་བྱེའུ་རིས་ཟེར། དེ་ནི་ལག་རྩལ་ཧ་ཅང་ལེགས་པའི་གྲས་ཤིག་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་པོ་ཏ་ལའི་ཕོ་བྲང་དཀར་པོ་དང་དམར་པོ་གསར་རྒྱག་བྱེད་དུས་བོད་ཀྱི་རི་མོ་མཁས་པ་ཡོད་ཚད་བསྐོངས་ནས་པོ་ཏ་ལར་རི་མོ་འབྲི་བཅུག་པ་དང་། སྐབས་དེར་སྐད་གྲགས་ཆེ་བའི་བོད་ཀྱི་རི་མོ་མཁས་ཤོས་གཙང་པ་དབུ་ཆེན་ཆོས་དབྱིངས་རྒྱ་མཚོ་དང་ལྷོ་བྲག་སྨན་ཐང་པ་བསྟན་འཛིན་ནོར་བུ་གཉིས་ཡིན་ཞིང་། དབུ་ཆེན་ཆོས་དབྱིངས་རྒྱ་མཚོས་པོ་ཏ་ལའི་ཕོ་བྲང་དཀར་པོའི་ལྡེབས་བྲིས་གལ་ཆེ་ཤོས་ཚང་མ་བྲིས་པ་དང། ལྷོ་བྲག་སྨན་ཐང་པ་བསྟན་འཛིན་ནོར་བུས་ཕོ་བྲང་དམར་པོའི་ནང་གི་ལྡེབས་བྲིས་གལ་ཆེ་བ་རྣམས་བྲིས་པ་དེང་སང་ཡང་ཉམས་ཆག་མེད་པར་བསྡད་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དང་དུས་ཐོག་གཅིག་པ་ཡིན་པའི་སྡེ་དགེ་ཀ་ཐོག་པའི་སི་ཏུ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་ཟེར་བ་ཆུང་དུས་ནས་རིག་གནས་དང་། སྨན། རྩིས། རི་མོ་བཅས་ལ་ཧུར་བརྩོན་གྱིས་སློབ་སྦྱོང་བྱས་ཏེ་དཔེ་དེབ་མང་པོ་བརྩམས་པ་མ་ཟད། རྒྱ་རིགས་ཀྱི་རི་མོ་འབྲི་སྟངས་ཡང་སློབ་སྦྱོང་བྱས་ཤིང་། ལྷ་སྐུ་དང་། མི། སྲོག་ཆགས་བཅས་འབྲི་སྟངས་བོད་ལུགས་གོང་གསལ་ཁག་གསུམ་གཞིར་བཟུང་ཐོགཡུལ་ལྗོངས་དང་། རི། བྲག ཤིང་། ཆུ། གནམ། རྩི་ཤིང་། ཁང་པ་སོགས་འབྲི་སྟངས་དང། ཚོན་གཏོང་སྟངས་རྒྱ་རིགས་ཀྱི་རི་མོ་འབྲི་སྟངས་ལྟར་བྱས་ཏེ། ཤཱཀྱ་མུ་ནེའི་ལོ་རྒྱུས་དང་། མི་ལ་རས་པའི་ལོ་རྒྱུས། གནས་བརྟན་བཅུ་དྲུག་བཅས་བྲིས་ནས་རི་མོ་དེ་གཞིར་བཟུང་ནས་ཤིང་དཔར་དུ་བརྐོས་པ་ད་ལྟའང་སྡེ་དགེ་དཔར་ཁང་དུ་ཡོད། གོང་གསལ་དེ་དག་གི་ཐོག་ནས་བོད་ཀྱི་རི་མོ་མཁས་པ་དེ་ཚོས་རང་ཉིད་ཀྱི་རི་མོའི་ལག་རྩལ་གྱི་ཁྱད་ཆོས་དང་རྒྱ་རིགས་ཀྱི་རི་མོའི་ལག་རྩལ་སློབ་སྦྱོང་བྱས་པ་དེས་མི་རིགས་རང་ཉིད་ཀྱི་རི་མོའི་ལག་རྩལ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་ཕན་ཐོགས་ཆེན་པོ་བྱུང་བར་གསལ་བཤད་བྱས་ཡོད།

 

  • ལེ་ཚན་སྔོན་མ།:གཡུ་ཁོག་ཡུལ་གྱི་གནའ་བོའི་མཁར་རྫོང་རོབ་བཤད།
  • ལེ་ཚན་རྗེས་མ།:ཁྱེད་ཀྱིས་ངོ་མཚར་བའི་ཤེལ་བུམ་འདི་མཐོང་མྱོང་ངམ།
  • དོ་སྣང་ཆེ་བའི་རྩོམ།