ཟས་གོས་འགྲོ་སྡོད་བཞིའི་ངོ་སྤྲོད།

རིག་འཛིན་བསྟན་སྲུང་།        2021-06-16

དང་པོ།  ཟས་ཟ་རྒྱུའི་སྐོར།

    ཟས་རིགས་གཙོ་བོ་ལ་དབྱེ་ན།  ཨ་འབྲུ་ནས་ཀྱི་རྩམ་པ་དང་།    གྲོ་རྗེན།   སྲན་མ།  འབྲས།  ཡུང་མ།   ལ་ཕུག   ཞོག་ཁོག   གྲོ་མ།  བྲེ་ག  གོ་སྙོད།  སྔོ་ཚལ་གྱི་རིགས་སོགས་ཡོད། 

    དཀར་ཆུའི་རིགས་ལ། འབྲི་ཞོ་དང་།  སྐྱུར་ཞོ།  ལུག་ཞོ།   འོ་མ།  འབྲི་མར།  ཕྱུར་བ།   སྐྱུར་ལོག   ཕོ་ལོག  ཟོ་ཤེ།   ཨ་པུས།  གྲོ་མ་མར་ཁུ།   ཟོ་ཤེ་མར་ཁུ།   ཞོ་མར་ཁུ།   བག་ཚོས་མར་ཁུ།   ཤ་ཚོས་མར་ཁུ།  མར་ཕོ་ལོག  ཕྱུར་བ་ཕོ་ལོག་སོགས་ཡོད།  གཞན་ཡང་ཤ་རིགས་སྣ་མང་དང་།  ཤ་ཕོ་ལོག  སྐྱུར་པོ་ཕོ་ལོག  ཐུད་ཀྱི་རིགས་སྣ་མང་།  སྒོག་པ་ཕོ་ལོག   ཞོག་ཁོག་ཕོ་ལོག  ཤིང་ཏོག་གི་རིགས་སོགས་དུ་མ་ཡོད་པ་ཡིན་ནོ།།  

   ཟས་ཟ་སྟངས་ལ་བཤད་ན།  དཔྱིད་ཁ་ཉི་མ་རིང་སྐབས་ཉིན་གཅིག་ལ་ཟ་མ་ཐེངས་མ་དྲུག་ལ་ཟ་སྟེ།  སྔ་དྲོ་ཚ་ཁོལ་དང་།   དྲོས་ཇ།   བར་ཇ།   གུང་ཆུ།   ཕྱི་དྲོ་ཚ་ཁོལ།  ནུབ་མོ་ནུབ་ཆུ་བཅས་ཟ་འཐུང་ཐེངས་མ་དྲུག་བྱེད་སྲོལ་ཡོད།  སྟོན་ཁ་ཉི་མ་ཐུང་དུས་ཟ་མ་ཐེངས་མ་ལྔའམ་བཞི་ཙམ་ལས་ཟ་འཐུང་བྱེད་སྲོལ་མེད་དོ།།

    འཐུང་རྒྱུའི་རིགས་ལ། ཇ་ནག་ཁུ།  ཇ་དཀྲུག་མ།   མར་ཁུ།   འབྲས་ཐུག   བུད་ཏག་གམ་ཐུག་པ།  འོ་མ།  འོ་ཇ།   དར་བ།  སྐྱུར་ཁུ།   སྔོ་ཁུ།  ནས་ཆང་སེར་པོ་དང་ཨ་རག་སོགས་ཀྱི་རིགས་མང་པོ་ཡོད་པ་ཡིན་ནོ།།  

ཟས་གོས་འགྲོ་སྡོད་བཞིའི་ངོ་སྤྲོད།

ཟོ་ཤེའི་ངོ་སྤྲོད།

     དེ་ཡང་ཟོ་ཤེ་ཞེས་པའི་གོ་དོན་ནི་ཟོ་བའི་ནང་གི་ལྕུག་མ་སིལ་བུ་བསྐོར་ཏེ་བཞག་པར་འོ་མ་བླུགས་ཏེ་ཆགས་པའི་བཅུད་ལྡན་གྱི་རྩི་ཆགས་པའི་ཟས་ཤིག་གི་མིང་ཡིན།ཡང་གཅིག་བཤད་ན་མི་ཉག་གི་ཟོ་ཤེའི་བརྒྱུད་རིམ་ནི་ཟོག་བཞོ་སའི་སྣོད་ཟེའུ་དང་ཟོམ་ཟོ་བསོགས་ཀྱི་ནང་དུ་གླང་མའི་ལྕུག་མ་རྣམས་བཀུག་སྟེ།གྲ་འགྲིག་མོ་དང་ཆ་མཉམ་པོ་ཞིག་བསྐོར་བ་བརྒྱབ་ནས་འཇོག་དགོས།དུང་ཤིང་རྣམས་ཀྱི་ངོས་སུ་འོ་མའི་རྩི་ཡག་པོ་ཆགས་པའི་མིང་ལ་ཟོ་ཤེ་ཞེས་མིང་བཏགས་པ་རེད།དེའི་མིང་ལ་འོ་རྩིའམ་འོ་དྲེག་སོགས་ཀྱི་མིང་མི་བརྗོད་པར་ཟོ་ཤེ་ཞེས་མིང་བཏགས་དགོས།ཟོ་ཤེའི་རྩི་རྣམས་དུང་ཤིང་ཐོག་ཏུ་འཐུག་པོ་ཆགས་ཚར་རྗེས།ས་དེའི་བཞོན་མ་ཚོས་ལག་པ་བཀྲུས་ནས།ཟོ་བའི་ནང་གི་དུང་ཤིང་རེ་རེའི་ངོས་ཀྱི་ཟོ་ཤེ་རྣམས་ལྷག་ལུས་མེད་པར་བཞར་ནས་གཅད་དགོས།ཟངས་ཆུང་དང་སླ་ངའི་ནང་དུ་མར་ཁུ་དང་མཉམ་དུ་བླུགས་ནས་ཐབ་ཏུ་མེ་བཏང་སྟེ་བསྐོལ་དགོས།ཡག་པོ་བསྐོལ་རྗེས་མི་ཉག་བ་ཚོས་སྐྱིད་སྐྱིད་བྱེད་ཞོར་དུ་འཐུང་དགོས།ལྷག་མ་རྣམས་ཟོག་ཤི་བའི་གྲོད་པ་ནང་དུ་བླུགས་ནས་གནམ་ལ་བཏགས་ཏེ་སྐམ་དུ་བཅུག་དགོས།དགུན་ཁ་དང་དཔྱིད་ཁར་ཟོས་ན་ཤིན་ཏུ་ཞིམ་པོ་ཡོད།གཞན་ཡང་ཉེ་བ་རྩ་ཆེན་དང་ཁུག་ཤུལ་འོང་མཁན་མགྲོན་པོ་ངོ་ཆེན་ཐོན་ན།མི་ཉག་འབྲོག་པ་ཚོས་དུང་འགོ་ལ་འཇུ་ཞེས་ཟོ་ཤེ་བཅད་ནས་མགྲོན་པོ་ལ་སྣེ་ལེན་བྱེད་དགོས།ཟོ་ཤེ་ཡིས་ནད་མང་པོ་ཞིག་ལ་ཕན།གཙོ་བོ་ཡ་མའམ་མགོ་སྲིན་གྱི་རིགས་ཀྱི་རྣ་བ་དང་སྣའི་ནད་བཅས་ལ་ཕན་ཞིང་།རྐང་ལག་གི་ནད་འབམ་དང་ཆུ་ནད་ཀྱི་རིགས་ལའང་ཕན་པར་བཤད།དེང་སང་ནི་ཟ་མ་ཤིན་ཏུ་དཀོན་པོ་ཞིག་ལ་གྱུར་ཡོད་པ་ཡིན་ནོ།།དུང་ཤིང་ཞེས་པའི་དོན་ནི།རི་ཐང་གི་ངོས་སུ་གླང་མ་ཐུང་ཐུང་ཕྲ་ཕྲ་རྣམས་བཏུས་ནས།ཤིང་གི་ཤུན་པ་ཚང་མ་ལྷག་ལུས་མེད་པར་བཤུས་ཏེ་ཆུ་ནང་དུ་གཙང་མ་བཀྲུ་དགོས།གླང་མ་ཕྲ་བ་རྣམས་ཀྱི་ཤུན་པ་བཤུ་ས་ཤིན་ཏུ་དཀའ་མོ་ཞིག་ཡིན།ང་རང་ཆུང་ཆུང་སྐབས་སུ་མ་རྒན་ལ་དུང་ཤིང་ཤུན་པ་བཤུ་རོགས་ཐེངས་མང་པོ་བྱེད་མྱོང་།ཤུན་པ་བཤུས་ནས་ཆུར་བཀྲུས་ཚར་རྗེས་ད་གཟོད་གོང་ཞུས་ལྟར་ཟས་སམ་ཟོམ་གྱི་ནང་དུ་རྩུབ་མ་ལྟར་བཀྲམ་ནས་གྲ་འགྲིག་པོ་ཞིག་འཇོག་དགོས།ཟས་འདི་ནི་མི་ཉག་གི་ཐུན་མོང་མ་ཡིན་པའི་བཅུད་ཆེན་གྱི་ཟས་རིགས་མཆོག་ཏུ་གྱུར་པ་ཞིག་ཡིན་ནོ།།

ཟས་གོས་འགྲོ་སྡོད་བཞིའི་ངོ་སྤྲོད།

སྐྱུར་ལོག་གི་ངོ་སྤྲོད།

དེ་ཡང་དང་པོ་མདོང་མོའི་ནང་དུ་འོ་མ་བླུགས་ཤིང་དཀྲུགས་ཏེ་འདྲེས་པར་བྱེད་དགོས།གཉིས་པ་འོ་མའི་ནང་གི་མར་ཐམས་ཅད་ལྷག་ལུས་མེད་པར་བླངས་ནས་ཆུ་སོགས་ཡོད་སའི་འཁྱགས་སར་འཇོག་དགོས།གསུམ་པ་འོ་མ་ཤིང་ཁུའི་ནང་དུ་སྐྱུར་ཁུ་ཅུང་ཟད་བླུགས་ནས་ཐབ་ཀའི་ཟངས་བའམ་སླ་ངའི་ནང་དུ་བསྐོལ་དགོས།བཞི་པ་འོ་མ་ཤིང་ཁུ་ཁོལ་ཚར་རྗེས་བྱིས་པ་དང་མི་རྒན་ཚོ་ལ་ཨ་པུས་རྐུབ་རིལ་དང་གོར་གོར་སོགས་བཅས་ནས་སྦྱིན་དགོས།དེ་མིན་ཨ་པུས་རྣམས་རྒྱ་མདུད་དང་གོར་གོར།ལོག་ལོག་བྱས་ནས་སྐྱུར་ཁུ་དང་མཉམ་དུ་ཟོ་བའམ་ཟོམ་བཅས་སྣོད་ཀྱི་ནང་དུ་གོས་ཀྱི་ལེགས་པོ་དཀྲིས་ཏེ་ཉིན་ཤས་བསྙལ་དགོས།དེ་ནས་སྐྱུར་ལོག་ཅེས་པའི་མིང་དེ་ད་གཟོད་བཏགས་ཆོག་པ་ཡིན།ཟས་འདིའི་ཕན་ས་གཙོ་བོ་ནི།མཁྲིས་པ་དང་།ཁྲག་མཐོན་པོ།ཁྲག་ཞག་ཅན།མཆིན་ཚིལ་ཅན།གཅིན་སྙིའི་ནད།ཤ་ཞུ་བྱེད་བཅས་ཀྱི་ཕན་ནུས་ལྡན་པར་བཤད་ཡོད།ཟས་རིགས་འདི་ནི་མི་ཉག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན།ཁྱེད་རང་གིས་སྐྱུར་ལོག་ཉོ་དགོས་ན་མི་ཉག་ར་རྔ་ཁ་དང་ན་བ་གཤིས་སོགས་ཀྱི་གཞུང་ལམ་འགྲམ་དུ་བཙོང་རྒྱུ་ཤིན་ཏུ་མང་པོ་ཡོད་དོ།།

ཟས་གོས་འགྲོ་སྡོད་བཞིའི་ངོ་སྤྲོད།

ཕོ་ལོག་གི་ངོ་སྤྲོད།

    དེ་ཡང་མི་ཉག་གི་ཟ་མའི་རིག་གནས་ཀྱི་ཡ་གྱལ་ཕོ་ལོག་གི་ལོ་རྒྱུས་ཅུང་ཟད་གླེང་ན།དེ་ཡང་གནའ་སྔ་མོ་འཛམ་གླིང་གེ་སར་རྒྱལ་པོས་རྒྱ་ནག་ལ་ཇ་རྫོང་ཕབ་ས་འགྲོ་སྐབས་ཁོང་མི་ཉག་ཏུ་དར་མདོ་དང་ཀླུ་ལྡིང་ལྕགས་ཟམ་ཁ་སོགས་ལ་ཡུན་རིང་པོར་བཞུགས་དུས།དགྲ་དོགས་ཧ་ཅང་ཆེ་བས་མཚན་མོ་མ་གཏོགས་ཉིན་དཀར་ཇ་བསྐོལ་རྒྱུའི་གོ་སྐབས་མེད་པར་ཕྲད།མི་ཉག་གི་མི་རྒན་ཚོས་བློ་ཐབས་ཤིག་བེད་སྤྱོད་བཏང་ནས་ཟས་གསར་པ་ཕོ་ལོག་ཅེས་པ་ཞིག་གསར་བཏོད་བྱས།མི་ཚང་མས་ཕོ་ལོག་བཅས་ནས་ཟོས་ཏེ་ལྟོ་བཟའ་རྒྱུའི་དཀའ་ངལ་སེལ།ཕོ་ལོག་གི་ནང་སྙིང་མར་དང་རྩམ་པའི་བྱེ་མར་བརྫིས་ཤིང་ཕྱི་ཤུན་གྲོ་རྗེན་བྱས་ཡོད་པས།ལྟོ་བ་འགྲང་ཞིང་ཧམ་ས་དང་རུལ་ས་དཀའ།ནང་དུ་སྦྲང་སོགས་བསྲེས་ཡོད་པས་བྲོ་བ་ཞིམ་ལ།རི་མགོ་ལ་ཁུར་ས་སྟབས་ཤིན་ཏུ་བདེ་མོ་ཡིན་པས་གེ་སར་ཐུགས་ཤིན་ཏུ་མཉེས་ཞེས་སྔོན་གྱི་མི་རྒན་ཚོས་བཤད།སྐབས་དེར་ཉིན་དཀར་དུ་བ་བཏང་ནས་ཟ་མ་བཙོ་མི་ཕོད།ཆུ་འཁྱགས་འཐུང་ནས་ཕོ་ལོག་ཟོས་ན་ཕོ་བ་རྒྱག་ཐུབ།དགོང་མོ་ནི་ཁོང་ཚོས་མེ་བུས་ཏེ་དུ་བ་བཏང་ནས་ཟ་མ་བཙོས་ཤིང་ཇ་བསྐོལ་བ་ཡིན་ཞེས་བཤད་པ་ལྟར་འདིར་བྲིས་སོ།།རྗེས་སུ་འཕེལ་རྒྱས་བྱུང་ནས་ཕོ་ལོག་ལ་དབྱེ་བ་སྣ་ཁ་མང་པོ་ཞིག་བྱུང་ཡོད་པ།དཔེར་ན།མར་ཕོ་ལོག་དང་།ཤ་ཕོ་ལོག  སྐྱུར་པོ་ཕོ་ལོག  སྐྱུར་ལོག་ཕོ་ལོག  སྒོག་པ་ཕོ་ལོག  ཕྱུར་བ་ཕོ་ལོག  ཡུང་མ་ཕོ་ལོག  ཞོག་ཁོག་ཕོ་ལོག་བཅས་ཀྱི་དབྱེ་བ་བྱུང་ཡོད།ཟས་འདི་ནི་མི་ཉག་གི་ཡུལ་དུ་གནའ་ནས་ད་ལྟའི་བར་དུ་དར་རྒྱས་ཆེན་པོ་བྱུང་མོད།འོན་ཏེ་དེང་སང་ནི་མི་ཉག་གི་ཕོ་ལོག་རིག་གནས་འདི་བོད་ཀྱི་ས་ཆ་མ་ཟད་རྒྱ་སོགས་གཞན་གྱི་ས་ཆ་ལའང་དར་ཁྱབ་འགྲོ་བཞིན་ཡོད།སྔོན་ཆད་ཟ་མ་འདི་མི་ཉག་གི་ཐུན་མོང་མ་ཡིན་པའི་ཟས་རིགས་ཤིག་ཡིན་ནོ།།སྤྱིར་ཕོ་ལོག་ཅེས་པའི་གོ་དོན་ལ་དབྱེ་ན་གཉིས་ཏེ།གཅིག་ནི་ཕོ་ཐམས་ཅད་དམག་སོགས་ལ་ལོག་ལོག་བྱས་ཏེ་འགྲོ་སྐབས་ཟ་མ་མཆོག་ཏུ་གྱུར་པ་ཞིག་ཡིན་པས་དོན་གྱི་མིང་ལ་ཕོ་ལོག་ཅེས་མིང་བཏགས།གཉིས་པ་ནི་ཟ་མ་དེའི་ཕྱིའི་གཟུགས་དབྱིབས་དེ་རིལ་རིལ་ལམ་ཕོ་བ་དེ་ལོག་ལོག་ཅིག་ཡིན་པས་ཕོ་ལོག་ཅེས་བཤད་སྲོལ་མི་འདྲ་བ་གཉིས་བྱུང་ཡོད་དོ།།

ཟས་གོས་འགྲོ་སྡོད་བཞིའི་ངོ་སྤྲོད།

རྩམ་པའི་ངོ་སྤྲོད།

     དེ་ཡང་མི་ཉག་གི་ཟ་མའི་རིག་གནས་ཀྱི་ཡ་གྱལ་ནས་འབྲུ་རྩམ་པར་འགྱུར་ཐབས་ལ་བརྒྱུད་རིམ་གཙོ་བོ་གསུམ་སྟེ།དང་པོ་ནས་འབྲུ་རྣམས་ཆུ་ལ་བཀྲུས་ནས་གཙང་མ་བྱས་ཏེ་ཉི་མ་དྲོ་སར་བྱ་ར་སོགས་ཀྱི་ཐོག་ཏུ་བཀྲམ་ནས་ཡག་པོ་ཞིག་བསྐམ་བཅུག་དགོས།གཉིས་པ་ནི་ནས་འབྲུ་དག་ཁྲོ་ཡས་དང་བ་མ་ནང་དུ་བླུག་ནས་བརྔོས་ཚར་རྗེས་ཡོས་གད་དམ་ཡོས་ཁྲ་ཞེས་མིང་བཏགས།གསུམ་པ་རང་འཐག་ནང་དུ་ཁྱེར་ནས་ཆུ་མཆིག་གམ་འཕྲུལ་མཆིག་གང་རུང་ཞིག་གིས་ཕྱེ་མ་ཞིབ་མོ་ཞིག་ཏུ་འཐག་པར་བྱ་དགོས།འཐག་ཚར་རྗེས་ད་གཟོད་ནས་ཕྱེའམ་ནས་ཀྱི་སྙིགས་མ་དང་ནས་འབྲས་སོགས་སུ་མི་བརྗོད་པར་རྩམ་པ་ཞེས་མིང་བཏགས་ཆོག་པ་ཡིན།སྤྱིར་ཨ་འབྲུ་ནས་ནི་བོད་ཀྱི་ས་ཆ་མ་གཏོགས་ཡོད་ས་ཆེས་དཀོན་པོ་ཡིན།རྩམ་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟས་མཆོག་ཅིག་ཡིན་ནོ།།རྩམ་པའི་ཕན་ནུས་ལ་མཚོན་ན།གཅིན་པ་མངར་འགྱུར་རམ་གཅིན་སྙིའི་ནད་ལ་ཤིན་ཏུ་ཕན།མཆིན་པའི་ནད་དང་གློ་ནད་ཚབས་ཆེན་ལ་ཕན་པ་ནི་མྱོང་གྲུབ་ཡིན།གཞན་ཡང་གྲང་རླུང་གི་ནད་རིགས་མང་པོ་ཞིག་ལའང་ཕན་པར་བཤད་དོ།།རྩམ་པའི་རིགས་ལ་དབྱེ་ན།ནས་ཀྱི་རྩམ་པ་དང་།གྲོའི་རྩམ་པ།སྲན་མའི་རྩམ་པ།མ་རྨོས་ལོ་ཐོག་གི་རྩམ་པ།བྲ་བོའི་རྩམ་པ།སོ་བའི་རྩམ་པ།གྲོ་མའི་རྩམ་པ་སོགས་ཀྱི་དབྱེ་བ་ཡོད་དོ།།དེའི་ནང་ནས་མཆོག་ཏུ་གྱུར་པ་ནི་ནས་དཀར་དང་ནས་ནག་གི་རྩམ་པ་གཉིས་ནི་མཆོག་ཏུ་གྱུར་པ་རེད་ཀྱང།དེང་སང་རྫས་འགྱུར་གྱི་ཞིང་ནང་ལ་ལུད་རྫས་བཏབ་ནས་རྨོས་པའི་ནས་ལ་ནི་དེ་ལྟ་བུའི་ནུས་པ་མེད་པར་བཤད་དོ།།

ཟས་གོས་འགྲོ་སྡོད་བཞིའི་ངོ་སྤྲོད།

གཉིས་པ།  གོས་ཀྱི་སྐོར།  

གོས་ཀྱི་རྣམ་གྲངས་ནི། སློག་པ་དང་།  ཕྲུག་ལྭ།  འགོ་སྣམ་ལྭ་བ།   རས་ལྭ།   ཚར་ལྭ།  སྤུ་བཙུགས་ལྭ་བ།   གནའ་སྔོན་མ་ཕྲུག་དང་ཚ་རུའི་མཐའ་ལ་སྟག་དང་སྲམ་གཟིག་གི་ལྤགས་པས་མཐའ་ཤན་རྒྱག་སྲོལ་ཡོད་ཀྱང་།  དེང་སང་ནི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་བཅས་ལ་མི་འཚམ་པས་དེ་འདྲ་གྱོན་སྲོལ་མེད།  ཞྭ་དང་ལྷམ་ལའང་རིགས་དུ་མ་ཡོད།   དོར་མ་ལ་དབྱེ་ན།  སྣམ་བུ་དོར་མ།  ཕྲུག་གི་དོར་མ།  ཀོ་བའི་དོར་མ།བེའུ་པགས་དོར་མ། ཀོ་བའི་དོར་མ།རྐོ་འབུ་དོར་མ།ཁྱི་ལྤགས་དོར་མ།གླ་ལྤགས་དོར་མ།  རྣ་ལྤགས་དང་ཤྭ་ལྤགས་དོར་མ་བཅས་ཡོད།   ཆར་གོས་ལ་ཕྱིང་ཞྭ་དང་ཕྱིང་སྐོར།  བཞོ་ཞྭ་སོགས་ཡོད།  སྤྱིར་བོད་གོས་སློག་པ་སོགས་ལྟ་བུ་ཡིན་ན་ཉིན་དཀར་ལུས་ལ་གྱོན་ཏེ་རྒྱབ་གོས་བྱེད་པར་མ་ཟད།  མཚན་མོ་འོག་ཏུ་བལ་སྟན་དཀར་པོ་བཏང་ཞིང་སྟེང་དུ་སློག་པ་ལ་ཁུག་དྲིལ་བླངས་ནས་ཉལ་གོས་བྱེད་ཆོག་པ་ཡིན།  འབྲོག་གོས་ཀྱི་སློག་པ་དང་སྣམ་བུ་ལྭ་བ་དཀར་ནག་དང་འགོ་སྣམ་ལྭ་བ་བཅས་ནི་ཆ་ཆེན་འཛབ་རིང་ཡིན།  ཆ་ཆེན་འཛབ་རིང་ཞེས་པ་ནི་གོས་རྒྱ་ཆེ་ལ་སྣ་རིང་བ་ཞིག་ཡིན་ཞེས་པའི་དོན་ལ་གོ་བ་ཡིན།     གོས་ལ་དུས་ཀྱི་སྒོ་ནས་བཤད་ན་དབྱར་དགུན་སྟོན་དཔྱིད་བཞིའི་དབྱེ་བ་མི་འདྲ་བ་རེ་རེ་ཡོད་པ་ཡིན་ནོ།།

ཟས་གོས་འགྲོ་སྡོད་བཞིའི་ངོ་སྤྲོད།

  

གསུམ་པ།  འགྲོ་ཆས་ཀྱི་སྐོར།  

   གནའ་སྔོན་མ་ནི།  རྟ་དང་།  མཛོ།  གཡག  དྲེལ་སོགས་ལ་ཞོན་ནས་ས་ཆ་ཐག་རིང་ཐུང་ཀུན་ལ་འགྲོ་དགོས་པ་ཡིན།  དེང་སང་ནི་ལྕགས་རྟ་དང་།   འཕྲུལ་རྟ།  རླངས་འཁོར།  འདྲུད་འཐེན་འཁོར་ལོ་སོགས་ཡོད་པས་གནམ་ས་ཆུ་གསུམ་ལ་འགྲིམ་འགྲུལ་སྟབས་ཧ་ཅང་བདེ་མོ་ཆགས་ཡོད་པ་ཡིན་ནོ།།

ཟས་གོས་འགྲོ་སྡོད་བཞིའི་ངོ་སྤྲོད།

བཞི་པ།  སྡོད་སའི་སྐོར།

   འབྲོག་པ་རྣམས་གཙོ་བོ་སྡོད་ས་ནི་འབྲི་གཡག་གི་སྤུ་ཁུལ་གྱི་སྤུན་དང་རྒྱུ་རྩིད་པ་ཡིས་བཟོས་པའི་སྦྲ་དང་།  ནག་ཚང་།  ཀླད་ནག་སོགས་ཀྱི་ནང་དུ་འདུག་དགོས།  གཞན་ཡང་རང་གིས་བཟོས་པའི་གུར་ཆེ་ཆུང་རྣམས་ཕུབ་ནས་སྡོད་དགོས།  དུས་རབས་ཉི་ཤུ་པའི་ནང་དུ་བརྒྱ་ཆ༢༠ནས༣༠མན་ཆད་ལ་དགུན་ཁ་སྡོད་ས་སྤོ་ཐོ་ཁང་པ་དང་ཡང་ན་སྤོ་ཐོ་དང་རྡོ་འདྲེས་མའི་ཁང་པ་དང་རྒྱ་ར་བཅས་བརྩིགས་ཡོད་པ་ཡིན་ཞིང་།  དུས་རབས་ཉེར་གཅིག་པའི་ནང་དུ་དགུན་ཁ་སྡོད་ས་ཁྱིམ་ཚང་བརྒྱ་ཆ༩༠ཡན་ཆད་རྡོ་ཡིས་རྩིག་པའི་ཁང་པ་ཆེ་ཆུང་སྣ་ཚོགས་ལས་ཏེ་བསྡད་ཡོད།  ཁང་པ་སྲ་འཁྲེགས་ཅན་ཞིག་རྩིག་ཤེས་ཚོད་མེད་པ་འདྲ་དཔེར་ན།  ས་འགུལ་ཡོང་སྐབས་བལྟས་ནས་ང་རང་ཚོས་ཤེས་སོ།།


  • ལེ་ཚན་སྔོན་མ།:བོད་མིའི་མནའ་བསྐྱལ་བའི་སྲོལ།
  • ལེ་ཚན་རྗེས་མ།:ཕྱུགས་རིགས་ལ་མིང་ཅི་འདྲ་བཏགས་པའི་སྐོར།