ཨ་གར་ལྗོན་པ།

འཁོན་བུ་སྟག་རྒྱལ་ཚེ་རིང་།        2021-06-17

འདི་ཕྱིའི་མེ་ཏོག་རྙིད་པའི།།

བར་དོ་མེ་འོབས་སྒྲ་མེད།།

སྨན་གྱི་རོ་རེག་ལྟ་བུའི།།

སྨན་སྡུག་ཅི་ལ་ཡོད་དམ།།

ད་སྡུག་ད་སྐྱིད་མི་ཚེ།།

མེ་ཚག་ས་ལ་ལྷུང་འདྲ།།

ཨ་གར་ལྗོན་པ་ལྟ་བུའི།།

མི་དེ་ལྷ་ཡི་ལྷ་རེད།།

མཚོ་ཆེན་མཚོ་ཆུང་ངང་བ།།

ཞེ་འཁྲིལ་རྨི་ལམ་དམར་བོ།།

མདང་གསུམ་གོད་ཆག་ཐ་ཟད།།

ཁྱེད་ཞལ་སྐལ་བཟང་མེ་ཏོག།

མྱུར་ཞལ་མཇལ་བའི་སྐལ་བཟང་།།

བདག་ལ་སྩོལ་ཅིག་སྡུག་གུ།།

སྙིང་གི་སྡུག་གུ་མེ་ཏོག།

དཀར་དམར་མདངས་ལྡན་ཨུག་ཆོས།

ཨུག་ཆོས་ལྷ་ཡི་མེ་ཏོག།

སྤྱང་མོའི་ནུ་མའི་མཚན་འཛིན།།

མེ་ཏོག་མེ་ལོང་ནང་གི།

བརྩེ་བ་མཚོན་པའི་བརྡ་ཡིག།

བརྡ་ཡིག་གང་ལ་བྲིས་ཀྱང་།།

བརྩེ་བའི་ཐབ་རྡོ་སུམ་ཚུགས།།

ཉེས་པའི་ཁ་སྒོ་མེད་ཅིང་།།

སེམས་པས་སྲུང་དུ་མེད་ལ།།

རྣམ་དག་གོས་ཀྱི་རི་མོར།།

བྲིས་ཀྱང་ནོག་པ་དཀའ་འོ།།

འཁོར་བའི་ནང་རོལ་དག་ཏུ།།

སེམས་པ་མེ་ལ་ཤོར་སོང་།།

ང་ཡི་སེམས་པའི་མེ་ཆེན།།

གསོད་ན་ཁྱེད་ཀྱི་སེམས་པ།།

གཡོ་བའི་སྒྱུ་མའི་གར་ཆུང་།།

ང་ལ་བསྒྱུར་དགོས་གལ་རེད།།

མིན་ན་མེ་ཏོག་ཨུག་ཆོས།།

ལན་འགའ་བཏོག་པའི་སྣང་བ།།

ང་ཡི་ནང་སེམས་སྦྲི་ལ།།

འོ་མའི་ཚུལ་དུ་ཕོབས་ཤིག།

ཆར་བའི་ཚུལ་དུ་བོབས་ཤིག

གཅིན་པའི་ཚུལ་དུ་ཐོངས་ཤིག

མེ་ལྕེ་རབ་ཏུ་ཚ་བའི།།

ཐབ་གའི་ནང་གི་མེ་ལྕེ།།

ཁྱེད་དང་འུ་གཉིས་བར་ལ།།

ཡང་ཡང་འབར་ཡང་ཆོག་ལ།།

ཡང་ཡང་མ་འབར་ཆོག་གོ།།

ཉིན་ལ་ཁ་གྲངས་ཡོད་ལ།།

སེམས་ལ་བརྩིས་པ་ཡོད་རེད།།

གནས་དེ་དག་ཞིང་མ་རེད།།

སྡིག་སྒྲིབ་འཁུར་བའི་འཁོར་བ།།

འཁོར་བའི་ན་ཆུའི་ནང་དུ།།

དཀར་ཆ་དམར་ཆ་བྱས་ནས།།

འུ་ཅག་སོ་སྐྱེས་ཕོ་མོ།།

འགྲོ་བ་སྔོན་གྱི་ལས་རེད།།

སྔོན་གྱི་བསགས་པའི་ཚོགས་རེད།།

ཚོགས་ལ་འགྱུར་དུ་ཡོད་ཅིང་།།

བསོད་ནམས་ཟད་དུ་ཡོད་པས།།

རང་ལམ་རང་གི་མཐོང་བའི།།

ཞེན་རིག་ཡོད་མདོག་མ་སྟོན།།

རྗེས་གྲུབ་ཚད་མའི་ངོ་བོ།།

འུ་ཅག་སུ་ལ་མེད་ཅིང་།།

ཉོན་མོངས་མེ་ལྕེ་འཁུར་བའི།།

འུ་ཅག་འགྲོ་བ་རྐྱང་རེད།།

འགྲོ་བ་སྲིད་པའི་རྩེ་ནས།།

དམྱལ་བ་མནར་མེད་བར་རེད།།

ད་རེས་མི་ཚེ་འདི་ག།

འགྲུལ་བཞུད་འགྲོ་ཐེངས་གཅིག་རེད།།

འདི་ནི་ངེས་འབྱུང་མིན་ལ།།

སེམས་ཀྱི་འཆར་ཚུལ་དེའོ།།

གེ་སར་འབྲུག་མོ་གཉིས་ལ།།

བརྩེ་བའི་མེ་ཏོག་ཡོད་དམ།།

ཟླ་བཟང་སྒྲོལ་མའི་ཞལ་ལ།།

དུང་གི་ཟླ་བ་ཤར་འདུག།

ཡེ་ཤེས་ལྷ་མོ་དང་ནི།།

དོན་གྲུབ་རྒྱལ་ལོ་སོགས་ཀྱང་།།

དེ་མཚུངས་བསྐལ་བའི་བར་དུ།།

བརྩེ་གླུ་དགུ་སིང་དྲུག་འགྱུར།།

ངག་གི་རྡང་ཆར་བཀལ་ནས།།

མེས་པོའི་གླུ་སྐད་ཟེར་བཞིན།།

ངག་ལ་འགུག་མཁན་རྐྱང་རེད།།

དེ་བས་ཁ་སང་དེ་རིང་།།

བརྩེ་བའི་ཞལ་ངོ་མཐོང་ནས།།

ཞལ་ངོར་ཉི་མ་དྲོ་བའི།།

མི་ཞིག་གང་དུ་མེད་དོ།།



  • ལེ་ཚན་སྔོན་མ།:དུར་ཁྲོད་འོག་གི་དྲན་པ།
  • ལེ་ཚན་རྗེས་མ།:ཨ་གར་ལྗོན་པ།