མི་རྟག་པ།

ལོང་ལྐུག་གཟའ་སྨྱོན།        2021-06-28

དྭངས་གཞུང་རྩི་ཤིང་མེ་ཏོག་གིས།།

ལྷ་ཡི་ཞིང་བཀོད་ལ་བསྒྲུན་ཀྱང་།།

དགུན་གྱིས་བསེར་བུས་བདས་པ་ཡི།།

མི་རྟག་སྣོད་འདི་སྡུག་བསྔལ་མཛོད།།

སྦྲང་ཆར་ཟིམ་བུས་བསྐྱེད་པ་འཇའ།།

ཆུ་འཛིན་མདུན་ན་མཛེས་ན་ཡང་།།

དེ་འཕྲལ་གར་སོང་ཆ་མེད་ལ།།

སྨིག་རྒྱུ་བཞིན་དུ་གསལ་ཞིང་མོག །

མི་བརྟན་མཁའ་ལ་རྗེས་མེད་དུ།།

ཡལ་བའི་སྟོན་སྤྲིན་ཕང་ཕུང་དེས།།

མི་འཆི་མཉམ་པའི་འདང་ལོག་ལ།།

སྐྱོ་ཤས་རིམ་དགུ་འཕར་མར་བརྩེགས།།

ཐུབ་པ་རྫུ་འཕྲུལ་བདག་པོ་དང་།།

ལྷ་དང་དྲང་སྲོང་མི་དབང་ཡང་།།

འཆི་བདག་གནས་ནས་མ་ཐར་བས།།

ངེས་པར་འཆི་སྙམ་སེམས་སུ་བསྐྱིལ།།

མུན་ནས་སྐྱ་རེངས་ལ་བགྲོད་བཞིན།།

མཐོ་དམའི་གནས་བབ་གང་ཡིན་ལ།།

གནམ་སའི་བླ་འོག་བསྒྱུར་བ་ལ།།

མི་རྟག་སྣོད་འདི་སོན་དང་མཚུངས།།

དགའ་བའི་འཛུམ་གྲོལ་པད་མོའི་ཚལ།།

རང་བཅུད་གེ་སར་རྡུལ་དང་བཅས།།

བུང་བས་ཁྱེར་ཡང་སེམས་མེད་པར།།

སྦྱིན་པའི་ཡོན་ཏན་མཚོན་བཞིན་མཛེས།།

ཡལ་གས་རེངས་པའི་ལྗོན་ཤིང་ཡང་།།

ཚ་བས་ཉམ་ཐག་སྐྱེ་བོ་ལ།།

གཞན་ཕན་སེམས་དང་ལྡན་པ་ལྟར།།

ཕན་འདོགས་གྲིབ་མས་བསིལ་བ་སྦྱིན།།

མི་གཙང་དྲི་མ་དག་བྱེད་པའི།།

རང་བཞིན་རྙོག་པ་དང་བྲལ་ཆུས།།

ཉོན་མོངས་དྲི་མ་བཀྲུས་བྱས་ཞིང་།།

མ་རྙོག་གཙང་མའི་ཁྲིམས་ལ་ལྟ།།

རི་བྲག་འགག་འཕྲང་བར་མེད་དུ།།

ཉིན་བྱེད་མཆོག་དམན་བར་མ་ལ།།

ཉེ་རིང་ཆགས་སྡང་མི་བྱེད་ཅིང་།།

བཟོད་པས་གཞན་གྱི་གསོས་སུ་སྨིན།།

གཤིན་ཁྲིམས་ཕྱི་བསྣུར་མི་ཡོང་བས།།

འདི་སྣང་བདེ་ལ་མ་རྟོན་ཞེས། །

ཚོད་འཇོག་གཟའ་དགུ་སྙིལ་སླད་དུ།།

སྣོད་བཅུད་བཀོད་པ་ལྟར་མི་ངོམ།།



  • ལེ་ཚན་སྔོན་མ།:ཁེར་རྐྱང་གི་གདུང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།