ཁྱོད་ལ་སྤྲིངས་པའི་སེམས་འཕྲིན།

པདྨ་ལྷ་མཛེས།        2021-06-28

ཉིན་དེར།

སྐད་ཆ་དེ་དག་གིས།

ངའི་འཇིག་རྟེན་ལ་སྨག་རུམ་ཕབ།

ངའི་སྙིང་ལ་ཟུག་གཟེར་གྱི་ཚ་ཤར་བརྒྱབ།

ལོ་འདིར།

བསྒུགས་བསྒུགས་མཐར།

སུས་ཀྱང་ལས་དབང་ལ་ངོ་རྒོལ་མ་ནུས་པར།

ཁྱོད་ཀྱིས་ལས་དབང་གི་བཙན་ཁ་ཟེར་བཞིན།

སྐྱེ་བ་ཕྱི་མ་ཞེས་གླེང་དུས།

ངའི་མིག་ཆུ་ཁྱོད་ཀྱི་བྲང་ཁུག་ཏུ་ལྷུངས་ཏེ།

འུ་གཉིས་ཀྱི་ལས་དབང་ལ་མྱ་ངན་ཞུས།

འདི་ལྟར།

འུ་གཉིས་ངོ་ཤེས་ནས་ལོ་མང་འགོར་ཟིན་པ་ལྟར།

མིག་ཆུ་རེ་ལ་གཏམ་རྒྱུད་རེ་མངའ་ཡང་།

ངའི་མཐར་ཐུག་གི་རེ་བ་ནི།

བརྩེ་དུང་ཁོ་ན་མིན་པར།

སེམས་ཀྱི་གཏིང་རིམ་དུ་ཉར་བའི་བརྩེ་འདང་དེ་ཡིན།

ནམ་ཞིག་གི་ཚེ།

ཇ་ཁང་དེ་ནས་འུ་གཉིས་སླར་ཡང་འཕྲད་ཚེ།

མཆོད་ཆང་གི་གསེབ་ཏུ་འུ་གཉིས་ཀྱི་ལང་ཚོ་བསྙལ་ཏེ།

ཕན་ཚུན་ལ་བཀྲ་ཤིས་པའི་སྨོན་ལམ་འདེབས་ཆོག།

མ་ཚད།

ངས་ཁྱོད་ལ་ངའི་དགའ་སྡུག་གླེང་ཞིང་།

ཁྱོས་ང་ལ་འབྲོག་ཐང་གི་ལོ་རྒྱུས་བཤད་ཆོག་པར་ཞུ།



  • ལེ་ཚན་སྔོན་མ།:མི་རྟག་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།