གཟའ་ཉི་མའི་མགྱོགས་བྲིས།

ཞོ་ར་བསམ་འགྲུབ་རྒྱལ།        2021-06-21

མདང་ནུབ་གནམ་གཤིས་ལེ་ཚན་གྱིས་སྤེལ་བ་ལྟར་ན།དེ་རིང་ཟི་ལིང་གི་དྲོད་ཚད་ཏུའུ་གྲངས37'Cཡན་དུ་སླེབས་རྒྱུ་རེད་སྐད།

ད་ནི་ལས་རྒྱུ་ཅི་ཡང་མི་འདུག་པས། ཕྱི་དྲོར་ང་རང་གཅིག་པུ་རྒྱ་སྲང་ལ་ཉུལ་དུ་ཕྱིན་པ་ཡིན།སྟོན་ཟླ་བརྒྱད་པའི་ཟི་ལིང་མཁར་གྲོང་གི་ཨ་སྔོན་དུ་སྤྲིན་ཕུང་དང་བསེར་བུའི་རེག་བྱ་ཡོངས་སུ་བྲལ་ཞིང་།ས་གཞིའི་མཐིལ་ནི་མེ་ཁར་བསྐྱོན་པའི་ལྕགས་སླང་ཚ་མོ་ཞིག་ལྟར་ལྗོན་ཤིང་དང་རྩྭ་ཕུང་བཅས་ཀྱི་ཚེ་སྲོག་ལ་ཙག་ནག་ཀླད་ཀྱིས་བསྐོར་འདུག་ནའང་།ནམ་རྒྱུན་དམིགས་སར་བྲེལ་འཚུབ་ཀྱིས་འདུར་བའི་ལམ་འགྲོ་བ་ཚོའི་དཔྲལ་བར་རྔུལ་ཆུ་དང་འགྱོད་གདུང་བྱེ་བའི་དོག་པ་འོད་དུ་འཚེར་ཞིང་། རྒན་འཁོགས་བྱིངས་འདབ་ལོ་རྙིད་པའི་རྒྱ་ལྕང་འོག་འཚང་སྟེ་ཡར་མར་བཅོ་བརྒྱད་ཀྱི་ལབ་གླེང་ངམ་ཚགས་དེབ་སྣ་ཚོགས་ཀློག་པར་མགོ་འཁོར་བ་བཅས་ཁམས་མོས་ཐ་དད་པའི་སེམས་ཅན་ཚོ་མཐོང་བའི་མོད་ལ།ངས་ནི་གློ་རྡེག་ཏུ་ལྕགས་ཟྭས་བསྒགས་ཤིང་འཚང་ཁས་སྨྱོ་བའི་ཁང་ཆུང་ཞིག་དྲན་པའི་ངོས་སུ་བཙན་གྱིས་བརྐོས་སོང་།

ཕ་ཡུལ་གྱི་ཉི་འོད་དང་ཞི་གནས་སོགས་དང་རིང་ནས་བཀྱེད་པའི་མཁར་གྲོང་འདིའི་སྒྲ་ཆབ་ཆོབ་སྣ་ཚོགས།མཐའ་མར་མདུད་པའི་གོང་བུ་གཅིག་ཏུ་འདྲིལ་ཏེ་ནམ་མཁའི་གསེབ་ལ་བྱེར་ཞིང་།ཨོམ་ཚུགས་ཀྱིས་ཕྱིར་དྲན་བྱས་ན།གྲོང་ཁྱེར་དུ་རྒྱུན་སྡོད་བྱས་མྱོང་བའི་ལོ་ཟླ་དེ་དག ཉིན་གཅིག་གི་འཚོ་སྡོད་ཀྱང་ལུས་སེམས་ཟུང་གི་གཉའ་གནོན་ཙམ་ལས་བདེ་བ་ཉི་ཚེ་བ་ཞིག་ཏུ་ལར་ནས་བསྒོམ་མ་ཐུབ་ལ།ཉིན་རེར་སོ་ན་གནས་པའི་ཕ་ཡུལ་གྱི་ནམ་མཁའ་དང་མཛེས་པའི་ཡོན་ཏན་གྱི་མངར་ཁས་རང་ཡུལ་དྲན་པའི་སེམས་ངོར་ཆག་དཀྲུམ་གྱི་རྨ་ཁ་སྣོན་མ་ཞིག་ཡང་ཡང་བསྒོས་ཏེ།གདུང་བའི་ཀློང་དུ་ག་ཙམ་བཙུད་ཀྱང་།ཆུང་དུས་ཨ་མྱེས་ཀྱིས་བསླབས་པའི་བྱིས་གླུ་སྙན་མོ་དེ་ཉིད་སེམས་པའི་རྡོག་ཁྲེས་དབོ་བྱེད་ཀྱི་འཁར་བ་ལྟ་བུར་ངོས་བཟུང་སྟེ།གཡོ་ཟོལ་དང་བཅོས་མས་དབེན་པའི་རྨི་ལམ་གྱི་ཞིང་དུ་ལག་སྙོབ་ཡང་ཡང་བྱས་པའི་ཉིན་ཞག་མཐའ་དག་དྲན་པར་གཡེང་ཞིང་འཕྱོ།འདི་ལྟར་དར་ཅིག་ཙམ་དུ།རླངས་འཁོར་ནང་དུ་མིས་གང་སྟེ་ཨེན་ཙམ་འགུལ་ཡང་མི་ཕོད་པར་གྱུར།སྐབས་འདིར།སྤྱི་སྤྱོད་རླངས་འཁོར་ནི་རང་དབང་གི་འདུ་བྱེད་རྩོམ་སའི་སྡིངས་ཆའི་དཔེ་མཚོན་ཞིག་ཏུ་ངོས་འཛིན་ཆོག་པར་སྙམ་སྟེ།གྱོན་པ་རལ་ཞིང་པི་ཝང་རྒྱབ་ཏུ་འཁུར་བའི་གཞོན་གསར།མཆི་རྩི་ངོ་རྩི་སེན་རྩི་བྱུགས་པའི་རྒྱ་མོ།སེམས་དོན་གྱི་གཡང་ལ་ལྷུང་བའི་རྒན་རྒོན་དང་སྙིང་རྗེ་བའི་བྱིས་པའི་ངོ་གདོང་ནས་ལྷུང་བའི་གཅོམ་ཆུང་གི་སྐད་གདངས།ད་དུང་དར་སོ་ཆེ་བའི་ཅཱ་སི་པེ་པོའི་གཞས་སྙན་སོགས་ཀྱིས་འཁྲུག་ཆ་མངོན་པར་དོད་པའི་ལེའུ་ཞིག་སུ་ཡིས་བཀོད་སྒྲིག་བྱས་པ་ལྟར་བློ་ནེམ་ནུར་གྱི་ཁྱོགས་ལ་འཕྱང་།ཨ་ཙི།འཁྲིས་ཀྱི་རྒྱ་མོ་འདི་དག་བབ་ཅོལ་གྱི་སྐད་ཆ་ལབ་རྒྱུར་ཞེ་དྲག་དགའ་ཨང་།རྒྱ་མོ་ཞིག་གིས་མདང་ནུབ་ཅི་ཞིག་ཟོས་པ་དང་འཐུངས་པའི་སྐོར་བརྒྱུད་རིམ་དང་ཞིབ་ཕྲས་ལྷུག་གེར་སྨྲས་བྱུང་།ཅིག་ཤོས་དེས་ཨ་མས་ལས་པའི་ཟ་མར་ཡི་ག་འཆུས་ཤིང་རྟག་པར་མཛའ་གྲོགས་དང་མཉམ་དུ་རང་འདེམ་ཚ་ཁོག་ཟ་རུ་འགྲོ་ཚུལ་སོགས་འཚིག་པ་གཏིང་ནས་ཟ་བའི་ཉམས་དང་བཅས།མདོར་ན་མིག་ཀོང་ན་ལྷེམ་ལྷེམ་འཕྱོ་བའི་མི་འདི་ཚོ་རང་མལ་དྲོན་མོར་ཅི་འཕྲོས་མོལ་འཕྲོས་གླེང་གཞིའི་སྟེང་རྣ་བ་བླགས་ཏེ་སེམས་པ་ཤོར་འདུག

རླངས་འཁོར་ནི་སྨྱོ་ཧམ་གྱི་འགྲོས་དང་བསྡོངས་ནས་མདུན་དུ་ཇི་ལྟར་སྐྱོད་ནའང་།མི་དེ་ཚོའི་གླེང་གཞིའི་སྒང་ལ་ཕོག་ཐུག་ཅི་ཡང་བཟོ་ཐུབ་ཀྱིན་མེད་པ་འདྲ།དུས་ཚོད་ནི་འདི་ལྟར་སྐད་ཅིག་འགོག་མེད་དུ་ཐག་ཐག་དང་བཅས་ཤོར། འོན་ཏེ་ཁོ་ཚོའི་ཁ་བརྡ་སྔར་བཞིན་་་

སུས་ཀྱང་སྣང་འཇོག་མི་སྲིད་པའི་བདག་གི་ཁ་གཏད་ཀྱི་གཡོན་པའི་གྲུ་ཞིག་ཏུ།དུས་ཀྱི་ན་ཚོད་ཡོལ་བའི་རྒན་མོ་དེས།དངོས་འབྲེལ་རན་པོར་མི་སྣང་བའི་སྨྱུག་སླེ་ཞིག་འཁུར་ཞིང་།རྒས་འཁོགས་ཀྱི་གཟུགས་གཞིའི་ཁྲོད་དུ།དཀར་ཞིང་འཛིང་བའི་སྐྲ་ལོ་དང་རིད་ཅིང་ནག་པའི་གདོང་ཞལ།ད་དུང་ཧྲལ་ཞིང་བཙོག་པའི་ལྭ་བ་བཅས་ལ་རྐྱེན་བཅོལ་ཏེ།གཡས་ཟུར་གཡོན་རྒྱབ་གང་རུང་ནའང་མི་གཞིར་དམའ་ཕབ་དང་གཤེ་གཤེ་ཚ་པོ་ཅི་ཙམ་བཏང་ནའང་།སྔར་བཞིན་ཨ་མས་བུ་ལ་གཅེས་པའི་འཛུམ་བག་ལྟར་ལན་ཅི་ཡང་མི་གདབ་པར།གཉེར་མས་བསྡུས་པའི་ལག་ཟུང་ལྕགས་ཀྱི་དྲ་བར་འཁྱུད་ནས་ཡ་ཡོའི་སྟངས་ཀ་བར་མེད་དུ་བཟུང་ཡང་།ཁ་པར་ཤེལ་ངོས་སུ་འབྱར་བའི་མི་ཚོའི་ཁྲོད་ན།བདེན་དོན་དང་ལྷག་བསམ་གྱི་སྙིང་སྟོབས་ཀྱིས་ཨ་ཡེ་རྒན་མོར་མིག་གིས་ཅེར་བའི་གང་ཟག་ཅིག་གདོད་ནས་མ་བྱུང་བས།སྒེའུ་ཁུང་ཕྱི་རོལ་ཏུ་ཚ་བའི་འཇིག་ཉེན་གྱིས་ཡོད་ཚད་བྲན་དུ་རྫོང་བར་འཇུག་ཀྱང་།འཁྱག་སིབ་སིབ་ལྡང་འོང་བའི་མཁའ་རླུང་རྩུབ་མོ་དེས་རེ་ཞིག་ཁོ་བོའི་རྐང་མཐིལ་ནས་སྤྱི་གཙུག་བར་ཡང་ཡང་ཤེད་ཀྱིས་བརྡེག་སྟེ།མཐའ་མར་ལུས་སེམས་ཀྱི་ཕུང་བོ་འཁྱག་དར་ངོས་སུ་འཁོད་པའི་མྱོང་བ་འགོག་མེད་བྱིན་སོང་།

ཏག་ཏག དུས་ཚོད་ནི་སྐད་ཅིག་མའི་རླངས་པ་དང་འདྲ་བར་མེད་པར་འགྱུར་དུས་སུ།ངས་གློ་རྡེག་ཏུ་འུ་ཅག་འགྲོ་བ་ཀུན་གྱི་ལེགས་ཉེས་ཀྱི་སེམས་དང་སེམས་བྱུང་མཐའ་དག་གི་སྣེས་མཛད་པའི་མི་ཆོས་རིག་གནས་ཀྱི་ཕུང་བོ་ག་ཚོད་ཅིག མཐའ་མར་བྱེད་པོ་སུ་ཡི་དབང་ཤེད་འོག་སྐྱོ་ལྷང་ངེར་རུས་སྒྲོམ་ལྟ་བུར་མངོན་ཏེ།རིམ་བཞིན་ཆུ་ལྷའི་ཕང་བར་གཏན་དུ་བཞུད་ངེས་པའི་འཚུབ་ཆ་དང་སྦྲགས་ལག་ཟུང་གཉོམ་པོས་བརླ་ཐོག་ཏུ་ཡང་ཡང་གཞུ་དགོས་བྱུང་།



  • ལེ་ཚན་སྔོན་མ།:ཕུ་ནུ་ཚོ་ང་ཡོང་གིན་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།