སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་སྣོལ་ཟམ་ཐོག་མ་སྟེ་དཀར་མཛེས་རྫོང་གི་སྣོལ་ཟམ་དེ་ད་ལོའི་སྤྱི་ཟླ11པར་བསྐྲུན་ཐུབ་རེ་ཡོད།

ཀུན་དགས་བསྒྱུར།        2021-07-02

སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་སྣོལ་ཟམ་ཐོག་མ་སྟེ་དཀར་མཛེས་རྫོང་གི་སྣོལ་ཟམ་དེ་ད་ལོའི་སྤྱི་ཟླ11པར་བསྐྲུན་ཐུབ་རེ་ཡོད།

ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གཞུང་ལམ་འགྲིམ་འགྲུལ་གྱི་དགོས་མཁོ་ཆེ་རུ་ཕྱིན་ཡོད། གྲོང་ཁྱེར་གྱི་ལམ་དྲྭའི་གྲུབ་ཆ་སྔར་བས་འཐུས་ཚང་དུ་གཏོང་ཆེད།ད་ལོའི་སྤྱི་ཟླ4པར་དཀར་མཛེས་རྫོང་གིས་རྫོང་མཁར་ལྟེ་བའི་ས་ཁོངས་ཀྱི་སྣོལ་འབྲེལ་ཟམ་པ་བསྐྲུན་མགོ་ཚུགས་ཡོད། སྔོན་དཔག་བྱས་ན་སྤྱི་ཟླ11པར་བསྐྲུན་ཟིན་ནས་སྤྱོད་མགོ་ཚུགས་རྒྱུ་ཡིན་ཞིང་། རྫོང་དེས་གྲོང་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འགྲིམ་འགྲུལ་ཁོར་ཡུག་ཧྲིལ་པོ་ལེགས་སུ་གཏང་རྒྱུ་ཡིན་པ་རེད།

སྤྱི་ཟླ6པའི་ཚེས20ཉིན་གསར་འགོད་པ་ལས་གཞིའི་ཨར་སྐྲུན་བྱ་ཡུལ་དུ་སྐྱོད་སྐབས་བཟོ་པ150ལྷག་གིས་ལས་བགོས་མཉམ་ལས་དང་། ངར་ལྕགས་ལས་སྣོན་བྱེད་པའི་བྲེལ་འཚུབ་ཀྱི་རྣམ་པ་ཞིག་མཐོང་།

སྣོལ་ཟམ་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་འགན་འཁུར་བ་དབྱང་པིའོ་ཡིས་མ་གཞིར་ལས་གྲྭ་དེར་ཁུང་འབིགས་ཀ་བ་སྤྱད་རྒྱུའི་འཆར་འགོད་བྱས་ཡོད་ཀྱང་ཨར་ལས་དེ་དཀར་མཛེས་རྫོང་མཁར་གྱི་ལྟེ་བའི་ཁུལ་དུ་གནས་ཡོད་པས་ཉེ་འཁོར་མང་ཚོགས་ཀྱི་སྡོད་ཁང་དང་དེ་བཞིན་གཞུང་ལས་ཐོག་ཁང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས་ང་ཚོས་འཁོར་སྒུལ་འཕྲུལ་འཁོར་གྱི་ལག་རྩལ་ལ་བསྒྱུར་བས་བྱ་ཐབས་དེར་གྲོང་མིའི་དགའ་བསུ་ཐོབ་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།གྲོང་ཁྱེར་དེའི་སྣོལ་ཟམ་ལས་གཞི་ནི་དཀར་མཛེས་རྫོང་གནམ་ཐང་ལམ་ཆེན་ནས་ཤར་ཁྲོམ་ལམ་ཆེན་དུ་སྣོལ་མར་བྱས་ནས་བཙུགས་ཡོད། མཇུག་མཐའི་ས་ཚུགས་ནི་ཆིང་ཧོ་ཁྲོམ་ལམ་གྱི་ད་ལྟའི་གནས་སྟངས་སྣོལ་སར་གནས་ཡོད། ལས་གྲྭའི་ནང་དོན་ལ་གཞུང་ལམ་ལས་གྲྭ་དང་།ཟམ་པའི་ལས་གྲྭ།ཆུ་འདོན་ཆུ་འབུད་ལས་གྲྭ། གློག་སྒྲོན་ལས་གྲྭ། འགྲིམ་འགྲུལ་བདེ་འཇགས་ལས་གྲྭ་བཅས་ཚུད་ཡོད། ཁོག་གཞི་ནི་ཕྱོགས་གཉིས་ནས་འཁོར་ལམ་བཞི་ཡོད་པ་དང་།ཆིང་ཧོ་ཁྲོམ་ལམ་གྱི་ཉེན་རྟོག་ལས་དོན་ཁང་གི་མཐུད་ཁ་ལ་ཕྱོགས་གཉིས་ནས་འཁོར་ལམ་གསུམ་ཡོད་པ་དང་། མི་སྣ་གྲགས་ཅན་གླིང་ཁུལ་དུ་ཕྱོགས་གཉིས་ནས་འཁོར་ལམ་གཉིས་བཟོས་ཡོད། ལས་གཞི་དེའི་ལམ་ཐིག་གཙོ་བོའི་སྤྱིའི་རིང་ཚད་ལ་སྨི463.848དང་། ཟམ་པའི་དམར་ཐིག་གི་ཞེང་ཚད་ལ་སྨི22.5དང་། གྱེན་ལ་འགྲོ་བའི་བརྒྱུད་ལམ་གྱི་སྤྱིའི་རིང་ཚད་ལ་སྨི211.066ཡོད། གློག་ལམ་གྱི་ཞེང་ཚད་ལ་སྨི10དང་ལམ་ངོས་ཀྱི་གྲུབ་ཆ་ལ་ཨར་འདམ་གྱི་ལམ་སྤྱད་པ་དང་ལས་གཞི་ལ་ཁྱོན་མ་དངུལ་སྒོར་ཁྲི4865བཏང་ཡོད།

རྫོང་དེའི་སྡོད་ཁང་དང་འཛུགས་སྐྲུན་ཅུས་ཀྱི་འགན་འཁུར་བས་སྣོལ་ཟམ་འཛུགས་སྐྲུན་ཧྲིལ་པོར་ངར་ལྕགས་དང་ཨར་འདམ་ཏུན1900སྤྱད་རྒྱུ་དང་།ད་སྔར་ཟམ་གདན་གྱི་རྨང་གཞིའི་ཨར་ལས་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་དང་།ཨར་ལས་སྤྱིའི་བརྒྱ་ཆ35ལེགས་གྲུབ་ཟིན།མ་དངུལ་སྒོར་ཁྲི1278ཙམ་བཏང་ཡོད། ཨར་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཀ་པ་ཕྱོགས་ཀྱི་དོ་བདག་ཞིབ་བཤེར་རྩིས་ལེན་ནང་ཞུགས་རྗེས་གཞི་ནས་གཤམ་གྱི་ཨར་སྐྲུན་ལས་རིམ་ནང་ཞུགས་ཆོག་གི་ཡོད་པ་བྱས་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན།སྣོལ་ཟམ་དེ་བསྐྲུན་ཟིན་རྗེས་དཀར་མཛེས་རྫོང་གི་སྣོལ་ཟམ་དང་པོ་ཡིན་པར་མ་ཟད། སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་སྣོལ་ཟམ་ཐོག་མ་དེའང་ཡིན་ཞིང་།དེས་རང་ཁུལ་དང་དེ་བཞིན་སི་ཁྲོན་བོད་འབྲེལ་ས་ཁུལ་དུ་སྣོལ་ཟམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། སྣོལ་ཟམ་དེ་བསྐྲུན་རྗེས།རྫོང་དེའི་གཞུང་ལམ་ཤར་བགྲོད་ནུས་པ་ཆེ་རུ་གཏོང་བ་དང་ལྟེ་བའི་གྲོང་ཁུལ་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་གཏོང་བ།དཀར་མཛེས་རྫོང་གི་ཁམས་བྱང་ཟོག་འགྲེམས་ལྟེ་གནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་གཏོང་བ།གྲོང་ཁྱེར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ།དཀར་མཛེས་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད།

ཁ་ལོ་བ་ཨ་འབྲུག་རྒྱལ་མཚན་གྱིས་ཉེ་འགྲམ་དུ་སློབ་གྲྭ་ཡོད་པ་དང་།ཞོགས་པ་དང་ཕྱི་དྲོར་རླངས་འཁོར་ཧ་ཅང་མང་བས་སློབ་མའི་བདེ་འཇགས་ཐད་ཉེར་ཁ་ཧ་ཅང་ཆེ། སྣོལ་ཟམ་དེ་བསྐྲུན་རྗེས་རྐང་ཐང་འགྲོ་ནའང་འདྲ། རླངས་འཁོར་གཏོང་ཡང་རུང་ཧ་ཅང་སྟབས་བདེ་རུ་ཕྱིན་ཡོད་ཅེས་བཤད།

ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་།དཀར་མཛེས་རྫོང་གིས་ཐབས་ལམ་མང་པོ་བརྒྱུད་ནས་མ་དངུལ་གསོག་འཇོག་བྱས་ཡོད། མ་དངུལ་སྒོར་ཁྲི3400བཏང་སྟེ་གྲོང་ཁུལ་གསར་པའི་མི་རིགས་གཞུང་ལམ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཁྲི2600བཏང་ནས་ཁམས་པའི་ལམ་ཆེན་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཡོད། མ་དངུལ་སྒོར་ཁྲི2300བཏང་ནས་ཧོ་པ་གྲོང་སྡེའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ལག་བསྟར་བྱས་ཡོད། མ་དངུལ་སྒོར་ཁྲི1500བཏང་ནས་གྲོང་བྱང་བདེ་སྐྱིད་གྲོང་གསར་གྱི་གཞུང་ལམ་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་བ་དང་། མ་དངུལ་སྒོར་ཁྲི1200བཏང་ནས་ཆུ་རགས་གྲོང་ཚོ་དང་གྲོང་ཚོར་སྐྱོད་པའི་ལམ་བུ་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་ཡོད། མ་དངུལ་སྒོར་ཁྲི2200བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འཚོ་བ་གསར་པའི་སྲང་ལམ་གཅིག་བསྐྲུན་པ་དང་། རྫོང་ཡོངས་སུ་ཁྱོན་གྲོང་ཁྱེར་གྱི་གཞུང་ལམ་སྤྱི་ལེ12.5ཙམ་ལ་ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར1.3ཙམ་བཏང་བས་གྲོང་ཁྱེར་ཧྲིལ་པོའི་གཞུང་ལམ་གྱི་སྒྲོམ་གཞི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད་པ་རེད།། 

  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:དམར་དམག་རྒྱང་སྐྱོད་ཀྱི་ལམ་ཆུང་བརྒྱུད་ནས་འབྱོར་འབྲིང་གི་ལམ་ཆེན་དུ་སྐྱོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10