འབྲོང་རྒོད་དྲན་ཚུལ།

གཅན་གླག་མིག        2021-07-02

—ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ འཁོར་བརྒྱ་ལོན་པར་ཕུལ།

ཁྱོད་ནི་གནམ་སྔོན་པོ་འདེགས་པའི་ཀ་བ་དེ་རེད།

ཁྱོད་ནི་ས་དོག་མོ་གནོན་པའི་ཕུར་བ་དེ་ཡིན།

ཁྱོད་ཀྱིས། སྐུ་སྲོག་འབེན་དུ་བཙུགས་ནས་གཡུལ་ལ་ཞུགས།

ཁྱོད་ཀྱིས། ལྟོ་གོས་གྱོང་ལ་བསྐུར་ནས་དགྲ་ལ་འཐབ།

ཁྱོད་ལ་མཐུ་ལྡན་པས། ཁྱོད་ཀྱིས་རི་གཟར་རྦབ་རྡོ་གྱེན་དུ་བཟློག་ནུས།

ཁྱོད་ལ་འཕྲུལ་ཡོད་པས། ཁྱོད་ཀྱིས་ཐུར་འབབ་ཆུ་བོ་མཐའ་ནས་འགོག་ཐུབ།

ཁྱོད་ཡོད་པས། བླ་སྲོག་འཇོམས་པའི་དགྲ་ནག་པོ་ཐར་ས་མེད།

ཁྱོད་ཡོད་པས། ཤ་ཁྲག་འཇིབ་པའི་བདུད་སྲིན་པོ་འཚོ་ཐབས་བྲལ།

གེགས་སེལ་བོགས་འདོན་གྱི་གདམས་ངག་ཁྱོད་ལས་ཐོས།

དགྲ་འདུལ་གཉེན་སྐྱོང་གི་མན་ངག་ཁྱོད་ལས་རྙེད།

སྐྱིད་ན་ལུས་སེམས་བཅོལ་བའི་གཞི་ཁྱོད་ཡིན།

སྡུག་ན་དཀའ་ངལ་སེལ་བའི་མགོན་ཁྱོད་ཡིན།

ང་ཚོའི་ཆེད་དུ། ཁྱོད་ཀྱི་ཡ་ཐོད་ཀྱི་མིག་བྲུས་ཀྱང་དཔའ་མི་ཞུམ།

ང་ཚོའི་སླད་དུ། ཁྱོད་ཀྱི་བྲང་ཁོག་གི་སྙིང་བལ་ཡང་བློ་མི་ཕམ།

ཁྱོད་མེད་ན། ང་ཚོ་གཤོག་པ་མེད་པའི་བྱེའུ་འདྲ།

ཁྱོད་མེད་ན། ང་ཚོ་རྨིག་བཞི་མེད་པའི་རྟེའུ་བཞིན།

གདོན་ཆོ་འཕྲུལ་ཆེ་རུང་བག་མི་ཚ་བ་དེ་ཁྱོད་ཡིན།

དགྲ་གདུག་རྩུབ་ཆེ་རུང་ཡ་མི་ང་བ་དེ་ཁྱོད་ཡིན།

ཁྱོད་མེད་དུས། སུ་དང་སུས་ཀྱང་མདུན་གྱི་མི་ལ་རྡོག་པ་འདེབས།

ཁྱོད་མེད་དུས། གང་དང་གང་གིས་ཀྱང་རྗེས་ཀྱི་མི་ལ་འཕྲ་ཡིས་བརྒྱབ།

ཉིན་གྱི་བྱ་ར་ཁྱོད་ཡིན་པས། ང་ཚོར་ཇག་པའི་བརྙས་བཅོས་མ་ཐེབས།

མཚན་གྱི་མེལ་ཚེ་ཁྱོད་ཡིན་པས། ང་ཚོར་རྐུན་མའི་འཇབ་རྒོལ་མ་རེག།

ཕལ་བ་འཕྲལ་གྱི་དགོས་པའི་སླད་དུ་འདུར་དུས།

ཁྱོད་རང་ཕུགས་ཀྱི་འདུན་མའི་དོན་དུ་རྒྱུགས།

ཕལ་བ་རང་དོན་སྐམ་པོའི་ཆེད་དུ་ངུ་དུས།

ཁྱོད་རང་གཞན་དོན་སྣུམ་པོའི་ཕྱིར་དུ་འཛུམ།

ཁྱོད་ཀྱི་བྲང་གཞུང་ཚ་བས་བསྲེགས་ཀྱང་རྒྱལ་ཁབ་མི་བརྗེད།

ཁྱོད་ཀྱི་སྒལ་གཞུང་འཁྱག་པས་བསྡམས་རུང་མི་རིགས་མི་འདོར།

དེ་བས།

ང་ཚོའི་ལུས་ཀྱི་བཅུད་དེ་ཁྱོད་ཡིན།

ང་ཚོའི་སྲོག་གི་ཟུངས་དེ་ཁྱོད་ཡིན།

མ་ཟད།

རྗེས་ལུས་ཀྱི་གཡང་ལས་འཐེན་པའི་སྐྱབས་དང་སྐྱོབ་པ་དེ།

དམྱལ་བའི་མཐིལ་ལས་དྲངས་པའི་མགོན་དང་དཔུང་གཉེན་ཡིན།

  • ལེ་ཚན་སྔོན་མ།:ལོངས་སྤྱོད་འཛད་མེད་གངས་ཅན་ཡུལ་འདི་སྐྱིད།
  • ལེ་ཚན་རྗེས་མ།:ལོ་བརྒྱའི་འོད་སྣང་།