ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་དོན་ལ་གསོན་ཉམས་རབ་ཏུ་འབར།

ཀུན་དགས་བསྒྱུར།        2021-07-14

ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་དོན་ལ་གསོན་ཉམས་རབ་ཏུ་འབར།

ཙུན་དབྱི་གྲོང་ཁྱེར་པའོ་ཀྲུའུ་ཁུལ་ཧྭ་མའོ་གྲོང་སྡེའི་རྣམ་པ།

ལོ་བརྒྱའི་རིང་ལ་འབད་འཐབ་བྱས་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ།ཀྲུང་གོའི་གུང་ཁྲན་ཏང་ནི་དེང་གི་འཛམ་གླིང་ཐོག་སྲིད་འཛིན་ཏང་ཆེས་ཆེ་ཤོས་དེ་ཡིན་ཞིང་། ཆུང་ནས་ནར་སོན་པའི་མཚོན་རྟགས་ནི1935ལོར་འཚོགས་པའི་ཙུན་དབྱི་གྲོས་ཚོགས་ཡིན།

ཐེངས་དེའི་གྲོས་ཚོགས་ཀྱིས་ཉེན་ཁ་ཤིན་ཏུ་ཆེ་བའི་ལོ་རྒྱུས་ཀྱི་འགག་རྩར་ཏང་སྐྱོབ་ཐུབ་པ་དང་དམར་དམག་སྐྱོབ་ཐུབ་པ།ཀྲུང་གོའི་གསར་བརྗེ་སྐྱོབ་ཐུབ་ཡོད་པས་ཀྲུང་གོའི་གུང་ཁྲན་ཏང་དང་དམར་དམག་གི་ལོ་རྒྱུས་ཐོག་འཆི་གསོན་དང་འབྲེལ་བ་ཡོད་པའི་ཁ་ཕྱོགས་འགྱུར་མཚམས་ཤིག་ཡིན་ཞིང་།རང་རེའི་ཏང་གི་ལོ་བརྒྱ་ཡི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་ངོ་མཚར་ཆེ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད་པ་རེད།

འཆི་གསོན་དང་འབྲེལ་བ་ཡོད་པའི་དཀྱོགས་མཚམས།

1935ལོའི་སྤྱི་ཟླ་དང་པོའི་ཚེས15ནས17ཉིན་བར་ཙུན་དབྱི་གྲོས་ཚོགས་འཚོགས་ཡོད།

དེའི་སྔོན་དུ་པའོ་ཀུའུ་དང་ལི་ཏེ་སོགས་ཀྱིས་ནོར་འཛོལ་ཤོར་བའི་བཀོད་འདོམས་འོག་དམར་དམག་རྒྱང་སྐྱོད་སྐབས་ཀྱི་མི་ཁྲི8.6ནས་ཁྲི3ལྷག་ཙམ་གྱི་ཐོག་མར་ཆག་ཡོད་ཅིང་། མདེལ་ཟད་འབྲུ་ཆད་ཀྱི་འཇིགས་སྣང་དང་ཤི་གསོན་ཆགས་འཇིག་གི་ཉམས་སད།དམག་དོན་ལམ་ཕྱོགས་ཀྱི་ཕྱོགས་འགལ་བཅས་ཀྱིས་གསར་བརྗེའི་མདུན་ལམ་ལ་སོམ་ཉིའི་དྲ་བར་ཚུད་དེ་དམག་དཔུང་དེ་ལས་སྐལ་གྱི་གྲང་ངར་ཁྲོད་གནས་ཡོད། མའོ་ཙེ་ཏུང་སོགས་ཀྱིས་རྒྱུན་འཁྱོངས་བྱས་པར་བརྟེན་ནས་ཀྲུང་གུང་ཀྲུང་དབྱང་གིས་སྦྲེལ་མཐུད་དུ་ལམ་ཆེན་གཏོད་པའི་གྲོས་ཚོགས་དང་ལི་ཕིན་གྲོས་ཚོགས།ཧུའུ་ཁྲང་གྲོས་ཚོགས་བཅས་འཚོགས་ཏེ་ཙུན་དབྱི་གྲོས་ཚོགས་འཚོགས་པར་ཆ་རྐྱེན་བསྐྲུན་ཡོད།

པའོ་ཀུའུ་དང་ཀྲོའུ་ཨེན་ལའེ།ཀྲང་ཝུན་ཐེན་བཅས་ཀྱིས་སྙན་སེང་ཞུས་རྗེས།མའོ་ཙེ་ཏུང་གིས་གཏམ་བཤད་རིང་པོ་གནང་སྟེ།པའོ་ཀུའུ་དང་ལི་ཏེ་གཉིས་ཀྱི་དམག་དོན་བཀོད་འདོམས་ཐད་ཀྱི་ནོར་འཛོལ་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐྱོན་བརྗོད་བྱས་པར་མ་ཟད།ཚང་མའི་ཐུན་མོང་གི་བསམ་ཚུལ་དང་ཡང་དག་པའི་བསམ་འཆར་རྒྱས་བཤད་བྱས་པར་ཚོགས་ཞུགས་མི་སྣ་ཕལ་ཆེར་གྱི་རྒྱབ་སྐྱོར་ཐོབ་ཡོད།

ཐེངས་དེའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱས་འཛོམས་གྲོས་ཚོགས་པ་དེས་གཡོན་ལྷུང་ལུང་འཛིན་རིང་ལུགས་ཀྱི་ནོར་འཛོལ་གྱིས་ཀྲུང་དབྱང་ལ་དབང་སྒྱུར་པ་མཇུག་བསྒྲིལ་བར་མ་ཟད། མའོ་ཙེ་ཏུང་གི་ཀྲུང་གུང་ཀྲུང་དབྱང་དང་དམར་དམག་གི་མགོ་ཁྲིད་གོ་གནས་བརྟན་དུ་བཏང་ཞིང་།ཉེན་ཁ་ཤིན་ཏུ་ཆེ་བའི་ལོ་རྒྱུས་ཀྱི་འགག་རྩར་ཏང་སྐྱོབ་ཐུབ་པ་དང་།དམར་དམག་སྐྱོབ་ཐུབ་པ།ཀྲུང་གོའི་གསར་བརྗེ་སྐྱོབ་ཐུབ་པ་བཅས་བྱུང་ཡོད།

ལོ་རྒྱུས་ཐུང་ངུའི་ཀྲུང་གོ་གུང་ཁྲན་ཏང་གིས་ཕྱི་རྒྱལ་གྱི་འཁར་རྒྱུག་འདི་ནས་བསྐྱུར་བ་དང་།ཀྲུང་གོའི་གསར་བརྗེའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་དེ་ཀྲུང་གོའི་བློ་མཐུན་རྣམས་ལ་བརྟེན་ནས་ཀྲུང་གོའི་གནས་ཚུལ་ཤེས་རྟོགས་བྱ་དགོས་ཞེས་པའི་འབོད་ཚིག་བསྒྲགས་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་དང་པོའི་ཀྲུང་དབྱང་མགོ་ཁྲིད་ཚོགས་པ་འདི་ནས་གྲུབ་པ་དང་།གསར་བརྗེའི་གྲུ་གཟིངས་འགྲོ་ཕྱོགས་འདི་ནས་ཡོ་བསྲང་བྱེད་མགོ་བརྩམས་ཡོད།

ཙུན་དབྱི་གྲོས་ཚོགས་འཚོགས་རྗེས།ཁྲི་ཧྲུའེ་གཙང་པོ་ཐེངས་བཞི་བརྒལ་བ་ནི་བློ་མཐུན་མའོ་ཙེ་ཏུང་གི་དམག་དོན་འཚོ་བའི་ཁྲོད་ཀྱི་བློ་ཡིད་ཚིམས་པའི་བརྒྱུད་རིས་ཤིག་ཏུ་གྱུར།ལོའུ་ཧྲན་འགག་སྒོར་རྒྱལ་ཁ་ཆེན་པོ་ཐོབ་ནས་རྒྱང་སྐྱོད་ལ་རྒྱལ་ཁ་ཐེངས་དང་པོ་ཐོབ་ཡོད།

ཙུན་དབྱི་གྲོས་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཐོག་གི་འཆི་གསོན་གཉིས་ཀར་ཐུག་པའི་ཁ་ཕྱོགས་འགྱུར་མཚམས་ཤིག་ཡིན་པ་དང་།དེས་ཀྲུང་གོ་གུང་ཁྲན་ཏང་ཆབ་སྲིད་ཐད་འཐུས་ཚང་དུ་འགྲོ་བ་མཚོན་པས་ན་ཙུན་དབྱི་ལ་དཀྱོགས་མཚམས་གྲོང་ཞེས་མཚན་སྙན་ཐོབ་ཡོད།

ལོ་རྒྱུས་ནི་དཀར་གསལ་གྱི་སྒྲོན་མེ་ལྟ་བུ་ཞིག་ཡིན་ཞིང་།དེས་དངོས་ཡོད་གནས་ཚུལ་རྟོགས་ཐུབ་ལ་འབྱུང་འགྱུར་ལ་གསལ་ཆ་སྤྲད་ཐུབ། ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་ཡོད། གནད་འགག་ཆེ་བའི་ལྷུ་ཚིགས་འདི་འདྲར་ཙུན་དབྱིའི་གྲོས་ཚོགས་ཀྱི་སྙིང་དོན་ཁྲོད་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་མྱོང་ཚོར་ཟབ་མོ་བྱུང་ཡོད།ང་ཚོས་འགྲོ་འོང་གི་འབད་འཐབ་ལམ་བུར་སྔར་བས་ཕྱིར་དྲན་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ལམ་བུར་རྒྱང་ལྟ་བྱ་དགོས།

འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་གསར་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་།ཙུན་དབྱི་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྤེལ་ཡོད། རྫོང་དབུལ་པོ8ཀྱིས་སྔ་རྗེས་སུ་དབུལ་ཞྭ་འབུད་པ་དང་གྲོང་སྡེ་དབུལ་པོ871དབུལ་ཕོངས་ལས་ཐར་བ། ཡིག་ཚགས་བྱང་བུ་བཟོས་པའི་མི་འབོར་དབུལ་པོ་ཁྲི92.22དབུལ་ཐར་བྱུང་ཡོད། ད་ཆའི་གསར་བརྗེའི་གནས་མཆོག་ཙུན་དབྱི་གྲོང་ཁྱེར་གྱིས་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་བསུ་བར་མ་ཟད་གནམ་གྲུ་ཐང་གཉིས་ཀྱི་རྣམ་པ་བཏོད་དེ་རྫོང་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཚོགས་ཆུང་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་པའི་རྣམ་པ་མངོན་འགྱུར་བྱུང་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་བརྒྱའི་ཕུལ་བྱུང་མིང་ཐོའི་ཨང68པར་སླེབས་ཡོད།

ཉེ་ཆར།ལོ་ན75ལ་སོན་པའི་ཇ་འདེབས་ཞིང་པ་ཆི་ཚེན་ལིའེ་ཡིས་གསར་འགོད་པར“གུང་ཁྲན་ཏང་ལ་བཀའ་དྲིན་ཆེ།ཡར་ལངས་ནས་ཁྱེད་དྲན་གི་ཡོད། སྔོན་ཆད་ང་ཚོས་རྟ་ཟོག་ལྟ་བུའི་འཚོ་བ་རོལ་མྱོང་ཡང་། ད་ཆ་མི་ཚང་མས་ཁྱིམ་བདག་ལ་གྱུར་ཡོད”ཅེས་མེ་ཀུང་ཐན་རྫོང་ཤིང་ལུང་གྲོང་རྡལ་ཐེན་ཅ་ལུང་གི་ཡུལ་མི་ཚོས་རང་བརྩམས་རང་འཁྲབ་བྱེད་པའི་ལྒང་བཞུ་འཁྲབ་སྟོན་བྱས་པའི《གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་བ》ཞེས་པ་དེ་སྐབས་དེ་དུས་དམར་དམག་གིས་བརྒྱུད་མྱོང་བའི་ས་ཆ་ནས་རྒྱལ་ཡོངས་སུ་ཁྱབ་མཆེད་འགྲོ་ཡོད། གཞས་འདིས་ང་ཚོའི་བསམ་འདུན་མཚོན་པར་བྱས་སོང་། སྔོན་ཆད་ཐེན་ཅ་ལུང་ནི་གྲོག་རོང་དབུལ་པོ་ཞིག་ཡིན། ད་ཆ་གྲོང་སྡེའི་ནང་བརྒྱ་ཆ80ཡན་གྱི་དུད་ཚང་ལ་རླངས་འཁོར་ཡོད་པ་དང་མི་རེར་ཆ་སྙོམས་མུའུ2.5ཡི་ཇ་ཞིང་ཡོད། ཐེན་ཅ་ལུང་དུ་འདི་འདྲའི་འཚོ་བ་རོལ་ཐུབ་རྒྱུ་བྱུང་བ་ནི་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་བྱུང་བ་རེད་ཅེས་བཤད།

ཐེན་ཅ་ལུང་གི་རིམ་འགྱུར་ནི་གསར་བརྗེའི་གནས་གཞི་ས་ཁུལ་ཙུན་དབྱིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། 1950ལོའི་སྤྱི་ཟླ་དང་པོར་ཙུན་དབྱིའི་མངའ་ཁོངས་ཡོངས་བཅིངས་འགྲོལ་བཏང་ནས1997ལོར་ཙུན་དབྱི་ས་ཁུལ་ཙུན་དབྱི་གྲོང་ཁྱེར་ཞེས་པའི་མིང་དུ་བསྒྱུར།དེ་ནས2020ལོར་སླེབས་སྐབས་ཙུན་དབྱི་ཞིང་ཆེན་ཡོངས་སུ་སྔོན་ལ་ཕྱོགས་ཡོངས་ནས་དབུལ་ཐར་ཐུབ་པར་བྱས་ནས་ཙུན་དབྱིའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་ཞིང་མགྱོགས་པ་དང་། གྲོང་ཡུལ་གྱི་འགྱུར་ལྡོག་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་ཕྱིན་ཡོད།

དེ་རིང་ཙུན་དབྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཙུན་དབྱི་གཏམ་རྒྱུད་ཡག་པོ་ཤོད་དགོས”ཞེས་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་གསར་བརྗེའི་རྒྱུན་འཛིན་སྣེ་ཁྲིད་བྱ་ཡུལ་དང་ལྗང་མདོག་འཕེལ་རྒྱས་དཔེ་སྟོན་ཁུལ།མཛེས་སྡུག་བདེ་སྐྱིད་ཀྱི་ཙུན་དབྱི་གསར་པ་བཅས་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད། ཙུན་དབྱི་ཡིས་ཙུན་དབྱི་གྲོང་ཁྱེར་མུ་ཁྱུད་བསྐྲུན་པར་སྐུལ་འདེད་བཏང་བས་མ་ཚད་བཟོ་ལས་ཅན་དང་།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ།ཞིང་ལས་དེང་རབས་ཅན།ཡུལ་སྐོར་ཐོན་ལས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད་ཅིང་།ཀུའེ་ཀྲོའུ་ཞིང་ཆེན་འཕེལ་རྒྱས་གཏོང་བར་མགོ་ཁྲིད་མཁན་ཡག་པོ་བྱས་ནས་འཕར་སྣེ་གལ་ཆེན་ཆགས་པར་འབད་བརྩོན་ཧུར་ཐག་བྱས་ཏེ།2035ལོར་ཙུན་དབྱི་གྲོས་ཚོགས་འཚོགས་ནས་ལོ་ངོ100འཁོར་སྐབས་ཙུན་དབྱི་དེང་རབས་ཅན་གྱི་ཆུ་ཚད་དེ་ནུབ་རྒྱུད་ཀྱི་སྔོན་ལ་ཐོན་ཞིང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བའི་འཐབ་ཇུས་དམིགས་འབེན་གྱི་ཆེད་དུ་འབད་འཐབ་བྱེད་བཞིན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།: ལོ་བརྒྱའི་གཟི་བརྗིད་བདེན་དཔང་བྱས་ནས་འབད་འབུངས་ ཡར་བརྩོན་གྱི་སྟོབས་ཤུགས་ངར་སློང་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།