མེས་རྒྱལ་ལ་བླངས་པའི་གླུ།

གཞི་ཚང་ཟླ་བ་གྲགས་པ།        2021-07-07

འཇིག་རྟེན་འཇིག་པའི་ཐང་ན་སྡུག་བསྔལ་གྱི་ཤྭ་འོད།།

མི་རྒྱས་རང་ཞི་མི་སྲིད་དབྱར་གསུམ་གྱི་གཙང་བོ།།

བསྐལ་པའི་མེ་དྲོད་བསྣམས་པའི་བླ་མེད་ཀྱི་མེས་རྒྱལ།།

ཟླུམ་གཟུགས་གོ་ལའི་དཀྱིལ་ན་རྒྱབ་རི་བཞིན་འགྱིང་ཡོད།།

ཕ་མ་ཉི་ཟླ་འདྲ་བོ་གནས་མལ་དང་བྲལ་ན།།

བུ་ཆུང་མུན་སྨག་གྲོང་ནས་ཐར་དུས་ཤིག་མ་མཆིས།།

མེས་རྒྱལ་ནམ་མཁའ་འདྲ་བོ་མགོ་ཐོག་ལ་མེད་ན།།

དམངས་ལ་གཤོག་པ་ཐོགས་ཀྱང་གང་ཞིག་ནས་འཕུར་ཨང་།།

ལྷ་ཡུལ་ལྷ་ལམ་འཕུར་བའི་བྱ་རྒྱལ་གྱི་ཁྱུང་ཆེན།།

ཀླུ་ཡུལ་ཀླུ་མཚོ་འགྲིམ་པའི་གསེར་མདོག་གི་ཉ་ཆེན།།

མི་ཡུལ་མི་ལམ་སྐྲུན་པའི་ངལ་མེད་ཀྱི་གྱད་ཆེན།།

སྲིད་གསུམ་བག་ཕེབས་བཞུད་པ་མེས་རྒྱལ་གྱི་ཆོ་འཕྲུལ།།

རི་ལུང་ལྗང་མདོག་ཀླུབ་པའི་དཔྱིད་གསུམ་གྱི་ཆར་ཆུ།།

དྲོད་འཇམ་མཁར་ཁང་བཞེངས་པའི་སྟོབས་ལྡན་གྱི་འཕྲུལ་མི།།

ཟོར་བུ་ཐོ་ཚུང་སྡེབ་བཞིན་སྙིང་རུས་ཀྱིས་བརྟུན་ཏེ།།

དཀྱུས་མའི་ལུང་ཐང་བརྒྱུད་ནས་ཡང་རྩེ་རུ་མངོན་སོང་།།

ལུས་ཀྱི་རྔུལ་ཆུ་འཐག་པའི་བསིལ་ཟེར་གྱི་ཟླ་བ།།

སེམས་ཀྱི་གྲང་ལྷགས་འཇོམས་པའི་ཚ་ཟེར་གྱི་ཉི་མ།།

འཚོ་བར་འོད་སྣང་བྲན་པའི་བཀྲག་མདངས་ཀྱི་སྐར་མ།།

སྐྱབས་ཀྱི་མགོན་དུ་མེད་ན་འཇིག་རྟེན་འདི་མུན་ནག།

འདོད་འབྱུང་འཛད་པ་མེད་པའི་གཏེར་མཛོད་ཀྱི་སྒོ་མོ།།

དབུལ་པོའི་འཚོ་བ་གསར་པའི་བདེ་སྐྱིད་ལ་ཕྱེས་ཡོད།།

ནོམ་པས་སྤྱན་འདྲེན་མ་དགོས་དྲོད་འཇམ་གྱི་ཕྱག་ཟུང་།།

ཉམ་ཐག་གཡང་ལས་བསྐྱབ་པར་དགའ་འཛུམ་གྱིས་བརྐྱངས་ཡོད།།

མཚར་སྡུག་ཕུན་སུམ་ཚོགས་པའི་སྒོ་གསུམ་གྱི་ལོངས་སྤྱོད།།

གང་ལ་མཁོ་རྒུ་སྐྲུན་པར་ཐོགས་རེག་དང་བྲལ་བས།།

ཐབས་མཁས་དམན་པོ་འདྲེན་པའི་ཕྱག་སྟོང་དང་སྤྱན་སྟོང་།།

མེས་རྒྱལ་འདི་རང་མིན་ན་ལྷ་ཚོགས་ཤིག་མི་འདུག།

རྒྱལ་ཁམས་འཁྲུག་རྩོད་ཞི་བ་མེས་རྒྱལ་གྱི་བྱས་རྗེས།།

མི་དམངས་དཀའ་ཚེགས་སྒྲོལ་བ་མེས་རྒྱལ་གྱི་ལས་དོན།།

སྐྱེ་རྒུ་བརྩེ་བས་སྐྱོང་བ་མེས་རྒྱལ་གྱི་ཕུགས་འདུན།།

སྣོད་བཅུད་དྲོལ་ཁོལ་རྒྱས་པ་མེས་རྒྱལ་གྱི་དྲིན་རེད།།

ཟབ་མོའི་གཏན་འདུན་རི་སྒང་བྲག་རི་བཞིན་བརྟན་སོང་།།

ཚེ་བསོད་དམུ་ཐག་ལུང་གཤོང་གཙང་བོ་ལ་འདྲེས་སོང་།།

སྲིད་འབྱོར་ཤེས་བྱའི་མངའ་ཐང་ནམ་མཁའ་དང་མཉམ་ཤོག།

གཞན་གཅེས་བྱམས་པའི་གཟི་འོད་ཉི་མ་བཞིན་གསལ་ཤོག།



  • ལེ་ཚན་སྔོན་མ།:ལོ་བརྒྱའི་གོམ་ཁ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།