ཧྲེན་དབྱང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་འཚམས་འདྲི་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-07-07

ཧྲེན་དབྱང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་འཚམས་འདྲི་གནང་།

ཧྲེན་དབྱང་རྒྱལ་བསྟན་བློ་བཟང་བྱམས་པའི་ཁྱིམ་དུ་ཕེབས་ནས་བྱམས་བརྩེའི་ངང་ཞལ་བརྡ་ལབ་བཞིན་པའི་ཚུལ།

སྤྱི་ཟླ7པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་ཆོས་ལུགས་ལས་རིགས་ཀྱི་འཐུབ་ཚབ་མི་སྣར་འཚམས་འདྲི་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྐོར་སློབ་སྦྱོང་བྱས་པའི་མྱོང་ཚོར་སྤེལ་རེས་བྱས་ཏེ། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་པོར་བྱ་དགོས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་རང་རྟོགས་ངང་སྤྱི་ཚོགས་འཕོ་འགྱུར་དང་འཕྲོད་པར་བྱེད་ཅིང་། ཆབ་སྲིད་ཐད་རང་རྟོགས་ངང་མོས་མཐུན་དང་རིག་གནས་ཐད་རང་རྟོགས་ངང་མཉམ་འདྲེས། ལག་ལེན་ཐད་རང་རྟོགས་དང་མཐུན་པ། རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡོམ་སྲུང་སྒོམ་སྒྲུབ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་གོང་འཕེལ་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏང་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྔར་བས་བརྟན་པོ་འཆང་ཞིང་མེས་རྒྱལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་རྒྱག་ཆེད་བྱས་རྗེས་ཧུར་ཐག་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཧྲེན་དབྱང་དར་མདོར་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཀྲུང་གོའི་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་གི་མགོ་གཙོ། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། དཀར་མཛེས་རྫོང་དར་རྒྱས་དགོན་པའི་སྤྲུལ་སྐུ་རྒྱལ་བསྟན་བློ་བཟང་བྱམས་པའི་ཁྱིམ་དུ་ཕེབས་ནས། བྱམས་བརྩེའི་ངང་བཀའ་མོལ་གནང་ནས་འཚོ་བ་དང་ཉེ་ཆར་སྐུ་གཟུགས་གནས་ཚུལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རྒྱལ་བསྟན་བློ་བཟང་བྱམས་པས་དུས་ཡུན་རིང་པོའི་ཏང་ཨུ་དང་སྲིད་གཞུང་དང་སེམས་མཐུན་ཕྱོགས་མཐུན་དང་། དགེ་མཚན་ལྡན་པའི་ནུས་པར་བཏོན་པར་ཁས་ལེན་གང་ལེགས་གནང་བ་དང་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཁོང་གིས་མུ་མཐུད་ནས་ཏང་གཅེས་རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་དགའ་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། སྔོན་ལ་མིག་དཔེ་ཡག་པོ་སྟོན་པ་དང་རྒྱ་ཆེ་བའི་ཆོས་ལུགས་མི་སྣ་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཏང་གི་དྲན་དྲིན་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས་དགོན་པའི་དོ་དམ་ལ་ཤུགས་རྒྱག་པ་དང་། ནུས་ཤུགས་ཡོད་རྒུས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་གཙོ་བོ་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས། སྤྱི་ཚོགས་ཀྱི་སྤྱི་ཡོངས་སྲུང་སྐྱོང་དང་འཆམ་མཐུན་བརྟན་ལྷིང་། ཆོས་ལུགས་ཁྱབ་ཁོངས་མཐུན་འགྲིག་ཐད་དེ་བས་ཆེ་བའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།

རྒྱལ་བསྟན་བློ་བཟང་བྱམས་པས་རང་རྟོགས་ངང་ཏང་གི་མགོ་ཁྲིད་དང་ལེན་བྱེད་པ་དང་ནུས་ཤུགས་ཡོད་རྒུས་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར་དགོན་པའི་དོ་དམ་ལས་དོན་ཡག་པོ་བསྒྲུབ་པ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱེད་ཅིང་། སྣེ་ཁྲིད་དེ་བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་རང་འགུལ་ངང་སྤྱི་ཚོགས་འཕོ་འགྱུར་ལ་འཕྲོད་པ་བྱེད་པའི་གྲོས་མགོའི་ཡི་གེ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། དཀར་མཛེས་ཁུལ་གྱི་བོད་བརྒྱུད་ནང་བསྟན“གྲངས་འབོར་གཙིགས་སུ་འཛིན་པ”དེ“སྤུས་ཚད་གཙིགས་སུ་འཛིན་པར”བསྒྱུར་བ་དང་། ལས་སྒྲུབ་མི་སྣ་དང་དད་ལྡན་མང་ཚོགས་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།



  • ལེ་ཚན་སྔོན་མ།:གསེར་རྟ་སེ་ར་དགོན་གྱིས་ཏང་བཙུགས་དུས་སྟོན་འདི་ལྟར་བསུས།
  • ལེ་ཚན་རྗེས་མ།:སྦྱངས་ནས་དོན་ཤེས་པ། བསམས་ནས་གདེང་རྙེད་པ། སྤྱད་ནས་ལག་ལེན་བསྟར་བ་བཅས་ལ་བྱང་ཆུབ་ཅིང་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10