ཕ་ཡུལ་གྱི་འཕོ་འགྱུར།

གཉན་པོ་གསང་བ།        2021-07-14

ད་ལྟོས་དང་སྒོ་དར་དམར་པོ་ཡིན༎

དར་དམར་པོ་ཁྲག་ཤ་འདྲ་ཞིག་ཡིན༎

ཕྱོགས་གང་ནས་བལྟས་ན་ནོར་ཡ་མེད༎

ས་གྲང་ཡང་ཞེ་རྩ་དྲོ་ས་དེ༎

སེམས་ཁ་བ་བྱོ་སའི་ཡུལ་ཞིག་ཡིན།།

ད་ལྟོས་དང་སྒོ་དར་དམར་པོ་ཡིན༎

དར་དམར་པོ་འདི་ལས་ཕུག་དར་མེད༎

སྦྲ་མཐིང་སྨུག་བལྟེབས་ནས་ལོ་མང་ཡིན༎

འབྲོག་ཟེར་བ་ཕྱིར་དྲན་སྣུམ་པོ་ལས༎

དེ་བཤད་ན་བྲང་ཁོག་འཁྱག་ཡིན།།

ད་ལྟོས་དང་སྒོ་དར་དམར་པོ་ཡིན༎

དར་དམར་པོ་རླུང་གིས་སྐྱོད་ས་ན༎

སྐྲ་འདབས་དཀར་ཨ་མས་འབྲི་དྲན་བཞིན༎

གྲོང་བཞི་མདོ་ཞིག་གི་ལམ་ཕྱགས་ཁོ༎

དེ་བསམ་ན་མིག་མཐའ་རློན་པ་ཡིན༎

ད་ལྟོས་དང་སྒོ་དར་དམར་པོ་ཡིན༎

དར་དམར་པོའི་མེ་ལྕེ་མཆེད་ས་ན༎

ལོ་བགྲེས་སོང་ཨ་ཕས་རྟ་དྲན་བཞིན༎

སྡེ་རྒྱུ་ཅན་ཞིག་གི་སྒོ་སྲུང་གོ།།

དེ་གླེང་ན་སྐྱོ་སྡུག་སངས་མེད་ཡིན༎

ད་ལྟོས་དང་སྒོ་དར་དམར་པོ་ཡིན༎

དར་དམར་པོར་བསྟོད་གླུ་ལེན་ས་ན༎

བུ་བུ་མོས་གཞན་སྐད་རྒྱག་གིན་ཡོད༎

རང་སུ་ཞིག་ཡིན་པ་བརྗེད་ནས་ཡོད༎

དེ་བརྗོད་ན་མྱེས་པོའི་བརླ་རྡུང་ཡིན༎

ད་ལྟོས་དང་སྒོ་དར་དམར་པོ་ཡིན༎

དར་དམར་པོའི་རྫོང་དཀྱིལ་རྫིག་ས་ན།།

རྫོང་མཐའ་ཉོབ་གད་སྙིགས་སྤུང་ས་ན༎

འུ་ཚང་གི་ཕ་མ་གཡོག་པོ་ཡིན༎

འུ་ཚང་གི་ཕྱི་རབས་གཞན་ཞིག་ཡིན༎



  • ལེ་ཚན་སྔོན་མ།:མེས་རྒྱལ་ལ་བླངས་པའི་གླུ།
  • ལེ་ཚན་རྗེས་མ།:ཕ་ཡུལ་ལ་བྲིས་པའི་སྙན་ངག