ཧྲེན་དབྱང་གིས་ས་ཆུའི་གནོད་སྐྱོན་འགོག་སྐྱོབ་སྐོར་འདི་ལྟར་གསུངས།

ཐུབ་ཀྱིས་བསྒྱུར།        2021-07-12

 

ཧྲེན་དབྱང་གིས་ས་ཆུའི་གནོད་སྐྱོན་འགོག་སྐྱོབ་སྐོར་འདི་ལྟར་གསུངས།


   ཚེས9ཉིན་ལ། ཞིང་ཆེན་ཡོངས་ཀྱི་ས་ཆུའི་གནོད་སྐྱོན་འགོག་སྐྱོབ་ལས་དོན་གྲོས་ཚོགས་གྲོལ་རྗེས། ཁུལ་ཨུའི་ཧྲུའུ་ཅི་ཧྲན་དབྱང་གིས་ལས་དོན་བཀོད་བཏང་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་ཁུལ་ཡོངས་ཀྱི་ས་ཆུའི་གནོད་སྐྱོན་འགོག་སྐྱོབ་སྐོར་གྱི་ལས་དོན་ལ་སྔར་ལྷག་གིས་བཀོད་སྒྲིག་གནང་བ་རེད།

     ཁོང་གིས་ད་ལོའི་ཆུ་འབྲུབ་པའི་དུས་རིམ་གཙོ་བོར་ཁུལ་ནང་ཁུལ་གྱི་ས་གནས་ཕལ་ཆེར་ཆར་ཞོད་དང་ཐོག་སེར་ཀྱི་གནམ་གཤིས་འབྱུང་མང་བས་ཆུ་ལོག་རི་ཉིལ་སོགས་ཀྱི་ས་གཤིས་གནོད་ཉེན་ཡང་ཆེ་བ་རེད། རིམ་ཁག་དང་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུའི་གནོད་སྐྱོན་འགོག་སྐྱོབ་ལས་དོན་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱ་དགོས་པ་དང་། ས་ཆུའི་གནོད་སྐྱོན་འགོག་སྐྱོབ་ཀྱི་ལས་དོན་ལ་མཐའ་གཅིག་ཏུ་ལྷོད་གཡེང་སྤུ་ཙམ་ཡང་བྱ་རྒྱུ་མེད། མི་དམངས་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་པ་དང་། སྐད་ཅིག་ཙམ་ཡང་སླ་ཆུས་སུ་མི་གཏོང་ཞིང་། གནོད་འགོག་གནོད་སྐྱོབ་གནོད་སེལ་བཅས་ཀྱི་བཀོད་སྒྲིག་ཁག་གི་བླང་བྱ་དོན་ཐོག་ནན་འཁྱོལ་བྱེད་པ་དང་། ཁྱོན་ཡོངས་ནས་ཆུ་འཇིགས་ཆེན་པོ་འགོག་ཟོན་དང་ཉེན་ཁ་ཆེན་པོ་མྱུར་སྐྱོབ། གནོད་སྐྱོན་ཚབས་ཆེན་ལ་གདོང་ལེན་བཅས་བྱ་རྒྱུའི་གྲ་སྒྲིག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཉེན་མེད་འགོག་ར་སྲ་བརྟན་དུ་གཏང་དགོས་ཞེས་བསྟན་པ་རེད།

     ཧྲེན་དབྱང་གིས་ནན་གསུང་གནང་དོན། མི་མངོན་པའི་ཉེན་ཁ་ཚགས་བཤེར་ཡག་པོ་བྱ་དགོས་ཤིང་། ཆར་སྔོན་ཚགས་བཤེར་དང་ཆར་དུས་སྐོར་ཞིབ། ཆར་རྗེས་ཞིབ་དཔྱད་བཅས་ཀྱི་ལས་དོན་ནང་སྲོལ་དོན་འཁྱོལ་ནན་པོ་བྱེད་པ་དང་། ཡུལ་ཤོག་དང་གྲོང་རྡལ་ཚན་པ་དུ་བྱས་ནས་མི་མངོན་པའི་ཉེན་ཁ་འབྱུང་ས་དང་། མི་འབོར་འདུས་སྡོད་ཁུལ། ཡུལ་སྐོར་ལྗོངས་ཁུལ། འཛུགས་སྐྲུན་ཨར་ལས་ཆེ་གྲས་ཀྱི་ཨར་ལས་ལས་ཡུལ་སོགས་ལ་དམིགས་ཏེ་མི་མངོན་པའི་ཉེན་ཁ་འབྱུང་ས་གཅིག་ཀྱང་མི་ལུས་པ་བྱ་དགོས། མཉམ་འབྲེལ་གྲོས་མོལ་དང་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་ཆེ་རུ་གཏང་དགོས་ཤིང་། ཆར་ཆུའི་ཉེན་སྐྱོན་འཕེལ་ཕྱོགས་ལ་དོ་ཁུར་གང་ལེགས་བྱེད་པ་དང་། ཁུལ་དང་རྫོང་། ཡུལ་ཤོག། གྲོང་སྡེ། ཚོ་བ། ས་ཚུགས་བཅས་རིམ་པ་དྲུག་གི་མཉམ་ཞིབ་མཉམ་འགོག་གི་མ་ལག་ཡག་པོ་བཙུགས་ནས་སྤྱད་དེ་ལྟ་ཞིབ་ཉེན་བརྡ་སྔོན་གཏོང་གནད་ལ་འཁེལ་བ་བྱ་དགོས། འཚུབ་བསྟུན་གནོད་བྱོལ་དང་གྲ་སྒྲིག་གང་ལེགས་བྱ་དགོས་ཤིང་། གནོད་འགོག་གནོད་བྱོལ་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཚུབ་བསྟུན་ཉེན་བྱོལ་གྱི་དངོས་འཐབ་གྲབས་སྦྱོང་རྒྱུན་ལྡན་བྱེད་ཅིང་། ཆེད་དོན་སྔོན་ཇུས་དང་ས་ཚུགས་ཀྱི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། གནོད་བྱོལ་སྔོན་ཚུད་དང་མ་སྐུལ་དང་ལེན། དེ་བཞིན་ཕྱིར་འཐེན་ཛ་དྲག་པོ་གསུམ་གྱི་བླང་བྱ་བཅས་ལག་ལེན་ནན་པོར་བསྟར་ཏེ། དངོས་ཟོག་དང་མི་ཤུགས་གྲ་སྒྲིག་ཚགས་ཚུད་ཀྱིས་མགྱོགས་ཤིང་ལུགས་དང་མཐུན་ལ་སྒྲིག་ལམ་ཡོད་པའི་སྒོ་ནས་གནོད་སྐྱོན་ལ་ཁ་གཏད་འཇལ་ཐུབ་པ་ཁག་ཐེག་བྱ་དགོས། ལས་དོན་གྱི་འགན་འཁྲི་ནན་འཁྱོལ་བྱ་དགོས་ཤིང་། ཏང་སྲིད་འགན་མཉམ་དང་མཉམ་འཛིན་སྤྱི་སྒྲུབ། འགན་ཤོར་བདའ་འདེད་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོར་བྱེད་ཅིང་། ཆུ་འབྲུབ་དུས་ཀྱི་སྐོར་ཞིབ་འགོག་སྲུང་གི་འགན་འཁྲི་ལམ་ལུགས་དང་ཆུ་ཚོད24ཡི་ལས་རེས་ལམ་ལུགས། མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ལས་རེས་བྱེད་པའི་ལམ་ལུགས་བཅས་དོན་ཐོག་ནན་འཁྱོལ་དང་། ཆ་འཕྲིན་བརྒྱུད་བསྐྱལ་ལམ་ལུགས་དོན་ལ་འཁྱོལ་བ། དུས་བསྟུན་བཀོད་བཏང་དང་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་བཀོད་སྒྲིག་ཁག་དོན་འཁྱོལ་ཐུབ་པར་ཁག་ཐེག་བྱ་དགོས།

     ཧྲེན་དབྱང་གིས་རིམ་ཁག་གི་མགོ་ཁྲིད་ལས་བྱེད་པས་མཐིལ་ཚད་ཀྱི་བསམ་གཞིག་བཅངས་ཤིང་ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ། འགག་སྒྲོལ་གྱི་འཕེལ་ཕྱོགས་སྲུང་འཛིན་དང་འཐབ་སེམས་ཀྱི་ངར་ཤུགས་བསྒྲིམ་པ་དང་། མུ་མཐུད་དེ་དཀའ་སྡུག་ལ་མི་འཛེམས་ཤིང་རྒྱུན་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཞིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་ཅིང་། ཆུ་སྐྱོན་འགོག་སྐྱོབ་ཀྱི་འཐབ་འཛིང་ལས་མཐའ་གཅིག་ཏུ་རྒྱལ་བར་བྱས་ཤིང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་ཤུགས་ཆེན་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས་པའི་ཐུགས་རེ་གནང་།

   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞའོ་ཡིའུ་ཚའེ་དཀར་མཛེས་རྫོང་གི་ཡན་ལག་ཚོགས་རར་ཞུགས་ཤིང་། ཁུལ་མགོ་ཁྲིད་ཧྥེང་ཧྥ་ཀུའེ་དང་། ཆིའུ་ཞའོ་ལིང་། ཀྲན་ཐེན་ཆང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣ་བཅས་ཚོགས་ར་གཙོ་བོར་ཞུགས་ཡོད། 



  • ལེ་ཚན་སྔོན་མ།:དབུལ་ཐར་འབྱོར་གྲུབ་ཀྱི་ལམ་ཆེན་དུ་སྐྱོད་པའི་བདེ་སྐྱིད་ཀྱི་དུས་བཟང་།
  • ལེ་ཚན་རྗེས་མ།:ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་གིས་དཔེ་སྦྱིན་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10