ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པ་གཙོ་སྐྱོང་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་།    2021-07-13

       ཟླ7ཚེས9ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པ་གཙོ་སྐྱོང་གནང་སྟེ《འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་། 《སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ཇུས་གཞི》 《མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཇུས་གཞི》 《རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ཚོང་དོན་མ་འཇོག་སྟབས་བདེ་ཅན་གྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

     ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ་ནི་ང་ཚོས་མ་འོངས་པའི་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་དང་། མ་འོངས་སྔོན་མཐོང་ཐུབ་པ་དང་བསམ་ཡུལ་ལས་འདས་པའི་འཇིགས་སུ་རུང་བའི་རྦ་རླབས་སྣ་ཚོགས་ཀྱི་ཁྲོད་དུ་ང་ཚོའི་འཚོ་གནས་ཀྱི་ནུས་པ་དང་། འགྲན་རྩོད་ཀྱི་ནུས་པ། འཕེལ་རྒྱས་གཏོང་ནུས། རྒྱུན་མཐུད་ནུས་པ་བཅས་ཆེ་རུ་གཏོང་བ། ཞུམ་མེད་ཀྱི་སྙིང་སྟོབས་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཅིག་བཅས་ཡིན་པས་རང་རྟོགས་ངང་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་ལས་དོན་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་བཅུག་ནས་སྤྱི་འདོམས་བསམ་གཞིག་དང་ཇུས་འགོད་བྱས་ཏེ། དེ་བས་བློ་བརྟན་འགྱུར་མེད་ཀྱི་བསམ་བློའི་རང་རྟོགས་དང་། གནད་སྨིན་དངོས་གཉེར་གྱི་བྱེད་ཐབས། དངོས་འཛིན་དངོས་སྒྲུབ་ཀྱི་ངར་ཤུགས་བཅས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐད་ཕན་འབྲས་གང་ལེགས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་ལས་དེང་རབས་ཅན་ལ་མཚོན་ན། ས་བོན་ནི་རྨང་གཞི་ཡིན་པས། ངེས་པར་དུ་མི་རིགས་ཀྱི་སོན་ལས་གོང་དུ་སྤེལ་དགོས་པ་དང་། སོན་ཁུངས་ཀྱི་བདེ་འཇགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་འཐབ་ཇུས་ཀྱི་མཐོ་ཚད་དུ་མཐོ་རུ་བཏང་སྟེ་སྟོབས་ཤུགས་གཅིག་སྡུད་ཀྱིས་དཀའ་གནད་སེལ་བ་དང་། ཞན་ཆ་སེལ་བ། ལེགས་ཆ་ཆེར་གཏོང་།   ཉེན་ཁ་ཚོད་འཛིན་བཅས་བྱས་ནས་སོན་ལས་ཚན་རྩལ་རང་ཚུགས་རང་འབད་དང་སོན་ཁུངས་རང་བརྟེན་ཚོད་འཛིན་ཐུབ་པ་བྱེད་དགོས། ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་འགན་ལེན་བྱེད་པའི་ལོ་རྒྱུས་ཀྱི་མཐོ་ཚད་ཐོག་ནས་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལག་བསྟར་བྱ་རྒྱུར་དམིགས་ཏེ་རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་གང་ལེགས་སྤྱད་པ་དང་། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་ཡང་ཡང་བསྡུར་བ། ལམ་ལུགས་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇུས་འགོད་དང་དེར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

   ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་རྒྱུའི་ཐབས་ཇུས་བཀོད་སྒྲིག་བྱས་ཚུན་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འཚོལ་ཞིབ་ཧུར་ཐག་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་ཚན་རྩལ་གྱི་རང་སྟོབས་རང་འབད་བྱེད་མགྱོགས་སུ་གཏོང་བ་དང་། དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལག་བསྟར་བྱེད་པ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་པ་དང་འགོ་ཡག་པོ་ཞིག་བཙུགས་ཡོད། དེ་དང་ཆབས་ཅིག་དུས་ཚོད་དམ་འཛིན་གྱིས་ཐག་གཅོད་དང་ཁྱད་བསད་བྱེད་དགོས་པའི་མངོན་གསལ་དོད་པའི་གནད་དོན་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་ཅེས་བསྟན་ཡོད།

    ཚོགས་འདུའི་ཐོག གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་ཆོག་པའི་རང་བཞིན་འབུར་དུ་ཐོན་པ་བྱས་པ། གཙོ་གནད་དང་། འགག་གནད། དཀའ་གནད་གསུམ་གྱི་གཅིག་སྡུད་འགག་སྒྲོལ་ངོ་མ་འདེམས་པ། འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་སྡེབ་སྒྲིག་གི་ཐབས་ནུས་ཡག་པོ་འདོན་པ་བཅས་བྱས་ཏེ། གཙོ་གནད་ཚད་བརྒལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པའི་འཐབ་ཇུས་གཞན་སྒྱུར་ལ་སྐུལ་ཁྲིད་དང་སྣེ་ཁྲིད་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་གཏོང་རྒྱུར་ཕན་པ་དང་སྤྱི་ཚོགས་ཡོངས་ཀྱི་ཧུར་སེམས་སྐུལ་སློང་ལ་ཕན་པའི་སྒྱུར་བཅོས་གལ་ཆེན་ཐད་ཤུགས་སྣོན་རྒྱག་དགོས། རྒྱལ་ནང་གི་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ལ་དོ་ཁུར་དེ་བས་མང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

          ཚོགས་འདུའི་ཐོག སོན་རྒྱུའི་ཐོན་ཁུངས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་ཐོན་ཁུངས་ཡོངས་བཤེར་འཚོལ་བསྡུ་དང་ཆོད་སྡོམ་གདེང་འཇོག་ལས་དོན་ཡག་པོ་བསྒྲུབས་ནས་ཏན་ཏན་ཏིག་ཏིག་གིས་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་དགོས། རྨང་གཞིའི་རང་བཞིན་དང་མདུན་གྲལ་ཅན་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་སྐྱེ་དངོས་འདེབས་གསོའི་ཚན་རྩལ་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་མགྱོགས་སུ་གཏོང་བ། སོན་ཁུངས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་པ། ནན་ཧྥན་ཀུའེ་ཀུའུ་སོགས་གསར་གཏོད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ། ཐོན་ཁུངས་དང་། ལག་རྩལ། ཤེས་ལྡན་མི་སྣ། མ་རྩ་སོགས་ལེགས་ཆ་ལྡན་པའི་ཁེ་ལས་གཙོ་གནད་དུ་གཅིག་སྡུད་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། བཅའ་ཁྲིམས་དང་། དཔལ་འབྱོར། ལག་རྩལ། སྲིད་འཛིན་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱད་དེ་སྦྲེལ་ཐག་ཧྲིལ་པོ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱ་རྒྱུ་ཁྱབ་གདལ་གཏོང་བ་དང་། རྫུན་ལྷད་ཞན་གསུམ་དང་གཡོ་རྫུས་དབང་གནོད་སོགས་འབུར་དུ་ཐོན་པའི་གནད་དོན་ལ་རྡུང་རྡེག་ཚ་ནན་བཏང་ནས་དབང་ཆར་བཙན་གནོད་བྱེད་མཁན་ལ་རིན་དོད་ཆེན་པོ་འཇལ་དུ་འཇུག་དགོས་པའི་ནན་བཤད་བྱས་ཡོད།

          ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་། གཙང་གསུམ་ཆུ་འགོ མདོ་ལ་རིང་མོ་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ཕྱོགས་ཡོངས་ནས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་དང་གཏོང་སྤྲོད་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚོ་བོད་ས་མཐོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་པས། མཚོ་བོད་ས་མཐོའི་སྐྱེ་ཁམས་ཇེ་ཞན་དུ་འགྲོ་བར་བཀག་འགོག་ནུས་ལྡན་ཐུབ་པ་དང་ས་ཁོངས་རྒྱུན་མཐུད་བརྟན་ལྷིང་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད་ཅེས་བསྟན་ཡོད།

          ཚོགས་འདུའི་ཐོག སྔོན་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ས་ཁོངས་འཕེལ་རྒྱས་ཀྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དང་བཙན་ཞིང་ནན་པའི་གཅུན་སྡོམ་ལ་བརྩི་བ་དང་། རི་ཆུ་ནགས་ཞིང་མཚོ་དང་། རྩྭ་ར། བྱེ་ཐང་། འཁྱགས་རོམ་བཅས་ཀྱི་མ་ལག་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་དམར་ཐིག་ནན་སྲུང་བྱེད་དགོས། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚམ་པོ་ཞིག་འཚོལ་ཞིབ་བྱས་ནས། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ཏེ་སྐྱེ་ཁམས་བཟང་བ་དང་། ལྗང་མདོག་ཐཱན་ཉུང་། ས་མཐོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་དང་། ཡོང་འབབ་བགོ་བཤའ། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཀྱི་གནད་དོན་སྤྱི་འདོམས་ཐག་གཅོད་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུའི་ཁྲིད་སྟོན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། མཐའ་ཚད་ཡག་པོ་སྲུང་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཉེན་ཁ་སྣ་ཚོགས་ཐག་གཅོད་འོས་འཚམ་དང་། འགོག་ཟོན། སེལ་ཐབས་བཅས་བྱས་ཏེ་མཐའ་མཚམས་ཞི་འཇགས་དང་། མཐུན་སྒྲིལ། འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་དམག་ཨུས་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10