དཀོན་མཆོག་རྡོ་རྗེ། 2021-07-09
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་བཞི་བཅུ་འཁོར་བར་ཕུལ།
དུས་ཀྱི་འཁོར་ལོ་ནི་སྐད་ཅིག་མའི་ཆ་དང་འགྲོགས་ནས་ཡུད་ཙམ་གྱིས་བགྲང་བྱའི་ཕྲེང་བ་བཞི་བཅུ་བརྒལ་ཟིན། འདས་ཟིན་པའི་དུས་ཀྱི་མི་ཚེའི་སྐྱིད་སྡུག་དང་ཡ་མཚར་བའི་གཏམ་རྒྱུད་མང་པོ་ཞིག་དུས་ཀྱི་དབང་གིས་ད་ལྟ་ཕལ་ཆེར་བརྗེད་ཟིན། འོན་ཏེ། གངས་ཁྲོད་ཀྱི་སྦྲ་གུར་སློབ་གྲྭ་དང་དེའི་སྐོར་གྱི་སྐྱིད་སྡུག་མང་པོ་ཞིག་དུས་ནམ་ཡང་བརྗེད་མི་ཐུབ་པར་མ་ཟད། སྙིང་ཁོང་རུས་པའི་སྟེང་ནས་ཇེ་བཀྲ་དང་ཇེ་གསལ་ལྟར་འགྱུར་བཞིན་འདུག །
ད་ལོའི་ཟླ་བ༡༠པའི་ཚེས༥ཉིན་ནི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དབུ་བཙུགས་ནས་བགྲང་བྱ་བཞི་བཅུ་འཁོར་བའི་དུས་སྟོན་དུ་འཁེལ་ཞིང་། མ་ཡུམ་སློབ་གྲྭས་ཀྱང་དུས་ཚོད་སྔ་སྣུར་གྱིས་སྤྱི་ཟླ༦པའི་ཚེས༢༨ཉིན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་སྟོན་དང་བསྟུན་ནས་མ་ཡུམ་སློབ་གྲྭས་ལོ་བཞི་བཅུའི་འཁྲུངས་སྐར་བསུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་ལགས་པས་སློབ་གྲྭའི་ལོ་བཞི་བཅུ་ལ་ཕྱི་མིག་ལྟ་བ་དང་། ད་ལྟའི་གྲུབ་འབྲས་ལ་ཡི་རངས་ཞུ་བར་མ་ཟད་སྙིང་ཁོང་རུས་པའི་གཏིང་ནས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུའོ།།
སློབ་གྲྭ་འདི་ནི་བོད་ཀྱི་རིག་གནས་ཉམས་པར་སོར་ཆུད་དང་མི་ཉམས་དར་སྤེལ་གཏོང་ཕྱིར་བོད་མི་རིགས་དང་ལྷག་པར་དུ་བོད་ཀྱི་རིག་གནས་ལ་ཁ་སེམས་གངས་ལས་དཀར་བའི་མི་རྗེ་བཀྲ་ཤིས་ཚེ་རིང་དང་མཁས་དབང་ཐུབ་བསྟན་ཉི་མ། བསོད་ནམས་དར་རྒྱས། ཆོས་དགའ་ལྟ་བུའི་དབུ་ཁྲིད་དང་དགེ་རྒན་གྲངས་ལས་འདས་པའི་བཀའ་དྲིན་འོ་བརྒྱལ་ལ་བརྟེན་ནས་སློབ་གྲྭ་དེ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་རྒྱས་གོང་འཕེལ་དུ་ཕྱིན་ཏེ་ད་ལྟའི་འབྲས་བུ་འདི་ཐོབ་པ་ཞིག་རེད། སློབ་གྲྭ་དེའི་ཐད་ནས་བཤད་ན་བགྲང་བྱ་བཞི་བཅུ་ནི་ཆེས་དཀའ་ངལ་ཆེ་བ་དང་། སྐྱིད་སྡུག་གི་ལམ་བུ་མང་དག་བརྒྱུད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བགྲང་བྱ་བཞི་བཅུ་ཡིན་ལ། བགྲང་བྱ་བཞི་བཅུ་ནི་དཀའ་སྡུག་དང་རྔུལ་ཆུས་བསྐྲུན་ཞིང་། རེ་བ་དང་འབྲས་བུས་དུད་པའི་ལོ་བཞི་བཅུ་ཡང་ཡིན།
བགྲང་བྱ་བཞི་བཅུའི་སྔོན་དུ་ཀ་ཁའི་འབྲི་ཀློག་དང་སུམ་རྟགས་སོགས་གཞི་ནས་སྦྱོང་བཞིན་པའི་གངས་ཕྲུག་ཚོ་གཅིག་གིས་གངས་དཀར་གྱི་འདབ་མ་རྒྱབ་ཏུ་གྱོན་ཞིང་། གངས་འཁྱག་གི་དར་ཡུག་གདན་དུ་བཏིང་། གངས་ཆུ་བསིལ་མོས་སྐོམ་པ་བསལ་ནས་གངས་ཅན་གྱི་བཅུ་ཕྲག་རིག་གནས་ལ་འབད་འབུངས་ཧུར་ཐག་བྱས་པས་བགྲང་བྱ་བཞི་བཅུའི་རྗེས་སུ་གངས་ཕྲུག་དེ་ཚོ་ཤེས་རིག་གི་རྩལ་ལག་རྒྱས་ནས་རྒྱལ་ཕྱི་ནང་གི་རིག་གནས་སྡེ་ཁག་དང་ལས་རིགས་སོ་སོ། སློབ་གྲྭ་ཆེན་མོའི་འཆད་སྟེགས་ཐོག་ལངས་ནས་བོད་ཀྱི་བཅུ་ཕྲག་རིག་གནས་ཡངས་པའི་ས་ཁྱོན་ཀུན་ཏུ་དར་སྤེལ་གཏོང་བའི་ལས་ལ་བྲེལ་བཞིན་ཡོད། དེ་དང་ཆབས་ཅིག་གངས་ཁྲོད་ཀྱི་སྦྲ་གུར་སློབ་གྲྭ་དེའང་སྐྱིད་སྡུག་གི་ལམ་བུ་མང་པོ་ཞིག་བརྒྱུད་རྗེས་བགྲང་བྱ་བཞི་བཅུའི་འཁྲུངས་སྐར་བསུས་ཤིང་། སློབ་གྲྭ་དེའི་སྙན་གྲགས་ཀྱང་འབྲུག་སྒྲ་ལྟར་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་ཁྱབ་བཞིན་ཡོད་དོ།།
དེ་རིང་བོད་ཡིག་སློབ་གྲྭའི་མཐོ་ལ་བརྗིད་པའི་ཐོག་བརྩེགས་དང་མཛེས་ཤིང་གཙང་བའི་ཁོར་ཡུག་ལ་ལྟ་སྐབས་བགྲང་བྱ་བཞི་བཅུའི་སྔོན་གྱི་གངས་འཁྱག་སྟེང་དུ་ཅོག་ཙེ་དང་རྐུབ་སྟེགས་ཙམ་ཡང་མེད་པའི་གངས་ཁྲོད་ཀྱི་སྦྲ་གུར་སློབ་གྲྭ་དེ་དྲན་བྱུང་།
དེ་རིང་ཁོད་སྙོམས་པའི་ལུས་རྩལ་ཐང་ཆེན་དུ་ཚོན་མདངས་རྣམ་པར་བཀྲ་བའི་གློག་བཞུའི་འོག་གི་མཉམ་སྤྲོའི་དགོང་ཚོགས་འདི་མཐོང་དུས་བགྲང་བྱ་བཞི་བཅུའི་སྔོན་དུ་གློག་སྒྲོན་ཙམ་ཡང་མེད་ལ་ས་སྣུམ་གྱི་འོད་ལ་བརྟེན་ནས་ནམ་སྨད་ཀྱི་ཆུ་ཚོད་གསུམ་བཞི་ཙམ་ལའང་རང་སྦྱོང་བྱེད་བཞིན་པའི་ངང་ཚུལ་དེ་ཡིད་ལ་འཁོར་བྱུང་།
དེ་རིང་གཙང་ལ་གྲ་འགྲིག་པའི་ཟས་ཁང་ནང་ནས་དགེ་སློབ་ཚོས་རང་རང་ཅི་དགའི་ཟ་མ་སྣ་ཚོགས་འདེམས་ཉོ་བྱེད་བཞིན་པའི་གནས་ཚུལ་དེ་མཐོང་དུས་བགྲང་བྱ་བཞི་བཅུའི་སྔོན་དུ་སློབ་གྲྭ་གྲོལ་མ་ཐག་ཐད་ཀར་རང་རང་གི་གུར་ནང་དུ་རྒྱུགས་ནས་ལྕགས་ཐབ་ནང་དུ་ལྕི་བ་སྦར་རྗེས་མར་མེད་པའི་རྩམ་པ་ལ་ཇ་ནག་ཕོར་བ་གང་གི་རམས་འདེགས་འོག་ཟ་ཞོར་ད་དུང་སུམ་ཅུ་པའི་རྩ་བ་བློ་ངོར་འཛིན་བཞིན་པའི་སྣང་ཚུལ་དེ་ཡིད་ལ་ཝ་ལེར་ཤར་སོང་།
དེ་རིང་ལུས་ཀྱི་གྱོན་ཆས་གཙང་ལ་སྤུས་ལེགས་པ། གདོང་གི་འཛུམ་མདངས་ཟབ་ལ་ཤ་རྩ་དྭངས་པ། ཐོད་པའི་གཉེར་རིས་ཅུང་ཇེ་མང་དུ་གྱུར་པའི་སློབ་གྲོགས་འདི་དག་མཐོང་དུས་བགྲང་བྱ་བཞི་བཅུའི་སྔོན་དུ་ལུས་ལ་སློག་ཧྲུལ་མནབས་ཤིང་། གདོང་རིད་ཅིང་ཤ་རྩ་གཡུ་ལས་སྔོ་བའི་སློབ་གྲོགས་ཚོས་ཡོད་ཚད་སློབ་སྦྱོང་དང་། ཡོད་ཚད་མི་རིགས་ཀྱི་རིག་གནས་ཉམས་གསོ་རྒྱུན་འཛིན་གྱི་དོན་ལ་འབད་འབུངས་བྱས་ཚུལ་དེ་དྲན་བྱུང་།
སྔོན་རབས་རིག་གཞུང་ཡོངས་འདུས་རྩ་བ་ལ། །
ཤེས་རབ་གསུམ་གྱི་འདབ་སྟོང་རྣམ་པར་བཀྲ། །
ལུང་རིགས་བྱེ་བའི་དྲི་བསུང་འཐུལ་ན་ཡང་། །
རེ་ཞིག་མི་བཞི་ངན་གཡོའི་སད་ཀྱིས་ཁྱེར། །
འོན་ཀྱང་ཏང་སྲིད་བཟང་པོའི་ཉི་གཞོན་དེ། །
དབང་ཕྱོགས་ལྷུན་པོའི་སྤོར་ནས་ཤར་བའི་མོད། །
ལོག་སྨྲ་འབྱུང་བྱའི་ཟུར་མིག་ལྡོངས་དང་ལྷན།།
གངས་ལྗོངས་རིག་པའི་འདབ་བརྒྱ་སླར་ཡང་རྒྱས།།
དེ་ཚེ་བསིལ་ལྡན་ཁ་བའི་ལྗོངས་འདི་ན། །
སྔོན་མེད་གནས་ལྔ་རིག་པའི་སློབ་གྲྭ་ཞིག །
མཚན་སྙན་དབྱར་གྱི་རྔ་གསང་ལྡིར་བའི་སྒྲས། །
འཆི་མེད་ཞིང་གི་མགོན་པོའང་གཉིད་ལས་བསླངས། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ང་རང་དང་སྦྲ་གུར་སློབ་གྲྭའི་ལས་འབྲེལ།
ང་རང་སྔ་ཕྱིར་རྒྱལ་ཕྱི་ནང་གི་ས་ཆ་མང་དག་ཅིག་ཏུ་སླེབས་མྱོང་རུང་ཐེངས་དང་པོ་ཕ་ཡུལ་དང་ཁ་བྲལ་ནས་གངས་ཁྲོད་ཀྱི་སྦྲ་གུར་སློབ་གྲྭ་རུ་འགྲོ་བའི་ངང་ཚུལ་དེ་ནི་ངའི་མི་ཚེ་གཅིག་གི་ཆེས་དམིགས་བསལ་དང་ཆེས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པས་དུས་གཏན་དུ་བརྗེད་རྒྱུ་མི་འདུག །
༡༩༨༢ལོའི་ཟླ་བ༣པའི་ཉིན་ཞིག་ལ་ང་རང་ཕ་ཡུལ་སྡེ་དགེའི་འཁོར་ལོ་མདོ་དང་ཁ་བྲལ་ནས་ཞང་པོ་ཨ་ཉའི་སྐྱེལ་རོགས་འོག་རྫོགས་ཆེན་བོད་ཡིག་སློབ་གྲྭ་རུ་རྟ་ཁ་བསྒྱུར། དེ་ནི་ང་རང་ཆུང་ཨ་མའི་ཁོག་ལས་སྐྱེས་ནས་བཟུང་གཅེས་པའི་ཕ་ཡུལ་དང་བརྩེ་བའི་ཕ་མ་རྒྱབ་ཏུ་བསྐྱུར་ནས་ཐེངས་དང་པོའི་ཐག་རིང་གི་འགྲུལ་བཞུད་ཅིག་ཡིན་ལ་མི་ཚེའི་ལམ་བུ་རུ་གོམ་སྟབས་ཐེངས་དང་པོར་བསྒྱུར་བ་ཞིག་ཀྱང་ཡིན།
རྟ་ཞོན་ནས་ཉིན་གཉིས་སོང་རྗེས་གཞི་ནས་རྫོགས་ཆེན་དུ་སླེབས། ངས་ཆུང་དུས་ནས་རྫོགས་ཆེན་ཞེས་པའི་མིང་དེ་ཐེངས་མང་པོ་ཐོས་མྱོང་པས་དེ་ནི་གྲོང་ཁྱེར་ཆེན་པོ་ཞིག་དང་། ཡང་ན་ལྷ་སྒྲུང་ནང་བཤད་པ་ལྟ་བུའི་ས་ཆ་སྐྱིད་པོ་ཞིག་ཡིན་སྣང་འཆར་མྱོང། འོན་ཏེ། དེ་རིང་ངའི་མིག་མདུན་གྱི་རྫོགས་ཆེན་ནི་མཐོ་གངས་རི་དང་དམའ་སྤང་ཐང་བར་དར་དཀར་པོ་ཡུག་གཅིག་གིས་བཀབ་པ་ལྟར་རི་ལུང་ཐམས་ཅད་དཀར་སིང་སིང་དང་སྟོང་འཇགས་སེ་རུ་གནས། སྔོན་གྱི་དགོན་ཤུལ་གྱི་གྱང་རའི་འགྲམ་དུ་གངས་དཀར་དང་དབྱེ་འབྱེད་དཀའ་བའི་གུར་ཆུང་ཁ་ཤས་ནང་ནས་དུ་བ་སྔོ་ལྷོག་ལྷོག་འཕྱུར་བ་ལས་གཞན་པའི་ཡ་མཚན་པའི་ལྟད་མོ་གང་ཡང་མཐོང་རྒྱུ་མི་འདུག །ང་ཚོར་གུར་དང་ཐག་ཅུང་ཉེ་སར་སླེབས་དུས་གློ་བུར་དུ་དགོན་ཁྱི་ཚོ་གཅིག་གིས་འུར་ཟུག་རྒྱག་བཞིན་ང་བསུ་བར་ཆས་པ་ལྟར་རྒྱུག་བྱུང་། ངའི་རྩར་སླེབས་དུས་དེ་ཚོས་ང་རང་ངོ་ཤེས་པ་བཞིན་སྐོར་བ་འགའ་རྒྱག་པ་ལས་རྨུག་གིན་མི་འདུག །
ཨ་རོགས། ནང་དུ་མི་ཨེ་ཡོད། ཅེས་སྦྲ་ཆུང་ཞིག་གི་སྒོ་ནས་ནང་ལ་བོས་པས་ངོ་གདོང་སྔོ་ལ་སློག་པ་མཐུག་པོ་གྱོན་པའི་འབྲོག་རྒན་ཞིག་ཕྱིར་ལ་བུད་ནས་ང་རང་སློབ་མ་ཡིན་པ་ཤེས་པ་བཞིན། ཨོ། ཁྱེད་རང་སློབ་གྲྭ་རུ་ཡོང་བ་མ་ཡིན་ནམ། ད་ལྟ་སློབ་མ་རེ་འགའ་ལས་འཛོམས་མེད་པས་སློབ་མགོ་མ་ཚུགས་པའི་སྔོན་དུ་སྡོད་གནས་རང་རང་སོ་སོས་བཙལ་དགོས་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ངོ་སྤྲོད་བྱས་བྱུང་། ངས་གུར་དང་སྣོད་ཆས་ཙམ་ཡང་ཁུར་མེད་པ་དང་འདི་ན་ངོ་ཤེས་མཁན་ཡང་མེད་པས་ཅི་དགོས་རྒྱུ་རེད་སྙམ་ནས་སེམས་ལ་བྲེལ་འཚུབ་ཆེན་པོ་ཞིག་ལངས་བྱུང་།
ང་རང་ཅི་བྱ་གཏོལ་མེད་དུ་འགྱུར་བཞིན་པའི་སྐབས་སུ་གློ་བུར་དུ་འུར་འུར་ཞེས་དགོན་ཁྱི་རྣམས་འུར་ཟུག་རྒྱག་བཞིན་ཕར་ཕྱོགས་སུ་རྒྱུགས་སོང་། ངས་ཁྱི་རྒྱུགས་སའི་ཕྱོགས་སུ་ལྟ་སྐབས་ཕར་ཕྱོགས་ཀྱི་རི་སྒང་ནས་སྐྱ་མི་གཉིས་སླེབས་ཡོང་བ་མཐོང་། ཕལ་ཆེར་སློབ་མ་ཡིན་པ་འདྲ་འདུག།ཨོ། ཁོང་གཉིས་ནི་སྡེ་དགེའི་དཔལ་སྤུངས་ཀྱི་ཀུན་དགའ་འཇམ་དབྱངས(ད་ལྟ་འདས་ཟིན།)དང་ཁོང་སྐྱེལ་མཁན་གྱི་ཕུ་བོ་ཆ་ལུ་རེད་འདུག །སྟབས་ལེགས་པ་ཞིག་ལ་ཁོ་ཚོས་གུར་ཆུང་ཞིག་དང་སྣོད་ཆས་ཕྲན་བུ་ཁུར་འདུག །ང་ཚོའང་ཕ་ཡུལ་གཅིག་པ་ཡིན་པས་དེ་ནུབ་གུར་ཆུང་དེའི་ནང་མཉམ་དུ་ཉལ།
ཕྱི་ཉིན་ང་ཚོ་སྐྱེལ་མཁན་གཉིས་ཕྱིར་ལོག་སོང་། ཁ་བ་མུ་མཐུད་འབབ་བཞིན་འདུག །ངས་སྣོད་ཆས་ཁུར་ནས་ཆུ་ལེན་སར་སོང་བས་ཁ་སང་གི་ཆུ་ལམ་དེ་ཁ་བས་མནན་ནས་གསལ་པོར་མཐོང་དཀའ། མ་ཚད་མདང་དགོང་གྲང་ལྷགས་ཆེ་རྐྱེན་ཆུའི་དར་ཁུང་རུབ་ནས་ཆུ་མཐོང་མི་ཐུབ། སྐབས་དེར་ངས་ང་ཚོ་སྐྱེལ་མཁན་གྱི་སྐྱ་མི་གཉིས་ཀྱི་རྗེས་སུ་བལྟས་ནས་དྲོ་ཞིང་སྐྱིད་པའི་ཕ་གཞིས་དང་བྱམས་ཤིང་བརྩེ་བའི་ཕ་མ་དྲན་བཞིན་རང་དབང་མེད་པར་མིག་རྩར་མཆི་མ་འཁོར་སོང་།སྐབས་དེར།ང་རང་གློ་བུར་དུ་བྱ་ཞིག་ཏུ་སྤྲུལ་ནས་ཁུ་སིམ་པའི་རི་ལུང་འདི་ནས་བརྒལ་ཏེ་ཕ་ཡུལ་དུ་འཕུར་ཐུབ་པ་བྱུང་ན་ཅི་མ་རུང་སྙམ་པའི་སྟོང་བསམ་ཞིག་ཀྱང་སྐྱེས་བྱུང་།
ཉིན་ཤས་ཀྱི་རྗེས་སུ་སློབ་མ་ཕལ་ཆེར་འཛོམས་པས་སློབ་གྲྭས་ང་ཚོ་མི་ལྔ་རེ་ལ་རས་གུར་རེ་དང་ལྕགས་ཐབ་རེ།ད་དུང་སྣོད་ཆས་དང་རྩྭ་སྟན་རེ་གཡར་བྱུང་བ་དང་ཡུན་མི་རིང་བར་སློབ་མགོའང་ཚུགས་སོང་།
བཀྲ་ཤིས་ཚེ་རིང་གི་སྙིང་སྟོབས་དང་མིག་རྒྱང་།
ཕེབས་སོང་།ཕེབས་སོང་།བཀྲ་ཤིས་ཀྲུའུ་རེན་ཕེབས་སོང་།དགེ་སློབ་དང་མགོ་ཁྲིད་ཚང་མ་རྫོགས་ཆེན་དགོན་པའི་ཞོལ་གྱི་ཨ་སྡུག་ཚང་གི་ཁང་མལ་འགྲམ་གྱི་སློབ་གུར་སྒོ་རར་འཚུབ་འཚུབ་བྱེད་བཞིན་དགོན་མཐའི་ཕྱོགས་ནས་ཡོང་བཞིན་པའི་པེ་ཅིང་རྟགས་ཅན་གྱི་རླངས་འཁོར་སེར་པོ་དེར་སོ་ལྟ་བྱེད་བཞིན་འདུག།
དུས་རྒྱུན་སློབ་གུར་དེའི་ནང་མི་བཞི་བཅུ་ཙམ་ལས་ཤོང་གིན་མེད་པས་ཁ་བ་འབབ་ཀྱང་རུང་མི་སུམ་བཅུ་ལྷག་གུར་གྱི་ཕྱི་རོལ་ནས་བསྐོར་ཏེ་སློབ་ཁྲིད་ལ་ཉན་དགོས།དེ་རིང་ཡང་སྔོན་ལྟར་གུར་གྱི་ཕྱི་ཕྱོགས་སུ་སློབ་མ་མང་དག་བསྡད་འདུག །ང་རང་གིས་བཀྲ་ཤིས་ཀྲུའུ་རེན་མཇལ་འདོད་སྐྱེས་ཏེ་ནང་དུ་ཨུ་ཚུགས་ཀྱིས་བཅིར་བས་མཐར་སྔུན་དུ་ཅོག་ཙེ་སྣེ་རིང་གཉིས་དང་། ལྟེབ་ཆག་ཆོག་པའི་ལྕགས་ཀྱི་རྐུབ་སྟེགས་དམར་པོ་བཞི་འཇོག་ཡོད་པའི་འཁྲིས་སུ་སླེབས་པས་སློབ་གྲོགས་གཞན་དག་ནང་བཞིན་ས་འཁྱག་ཐོག་ཏུ་དཀྱིལ་ཀྲུང་དུ་བསྡད། ཅུང་ཙམ་ལས་མ་འགོར་བ་སྐུ་ཤ་ཅུང་རྒྱག་ས་ཤིང་རྒྱ་ཞྭ་མཆུ་ལེབ་གྱོན་པའི་མི་ཞིག་སློབ་གཙོ་དར་རྒྱས་དང་། རྒན་རྡོ་ལོ། ཆོས་དགའ་བཅས་ཀྱི་ཕེབས་རོགས་འོག་ནང་དུ་འཛུལ་བྱུང་། སློབ་གཙོ་དར་རྒྱས་ཀྱིས་ཁོང་ནི་ཞིང་ཆེན་ནས་ཕེབས་པའི་བཀའ་དྲིན་ཅན་གྱི་དབུ་ཁྲིད་རེད་ཅེས་ངོ་སྤྲོད་གནང་རྗེས་ཁོང་གིས་ཀྱང་གསུང་བཤད་གནང་སོང་། མཚམས་ཤིག་ཏུ་ཁོང་རྐུབ་སྟེགས་ཐོག་ནས་ཡང་སྡོད་ཅིག་བྱེད་སྐབས་ཅོག་རྩེའི་འོག་ཏུ་བཞག་ཡོད་པའི་ཚ་དེམ་ཞིག་ལ་རྡོག་ཐོ་ཕོགས་ནས་ཆུ་ཚན་སློབ་མ་ཚོའི་ཕྱོགས་སུ་བཞུར་བྱུང་། སྔུན་དུ་ཡོད་པའི་སློབ་གྲོགས་རྣམས་ཅུང་ཕྱི་ནུད་བྱེད་བསམ་རུང་མི་མང་བའི་རྐྱེན་གྱིས་ནུད་ག་ལ་ཐུབ། ལྟས་ལྟས་རིག་རིག་ངང་ནས་ཆུ་ཚན་ང་ཚོ་སློབ་མ་ཚོའི་འོག་ནས་དྲོད་ལྷང་ལྷང་ངང་བཞུར་སོང་། དེ་ནི་ངས་ཁོང་མཇལ་ཐེངས་དང་པོ་དེ་ཡིན་ལ་བག་ཆགས་ཟབ་ཤོས་ཀྱང་ཡིན།
འབའ་བ་བཀྲ་ཤིས་ཚེ་རིང་ནི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཐོག་མར་བཙུགས་མཁན་དང་སྐབས་དེའི་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡིན་པས་ཚང་མས་བཀྲ་ཤིས་ཀྲུའུ་རེན་ཞེས་འབོད་བཞིན་ཡོད། སྐབས་དེར་མི་རིགས་ལས་ཀ་སླར་གསོ་དང་མི་རིགས་སྐད་ཡིག་མྱུར་སྐྱོབ་བྱ་བ་ནི་ལས་སླ་མོ་ཞིག་ག་ལ་ཡིན། སློབ་གྲྭ་བཙུགས་པའི་ཆོག་མཆན་ཞུ་ཡིག་དེ་ཞིང་ཆེན་སྲིད་གཞུང་དུ་སྤྲོད་སྐབས་དེ་ལ་ཆོག་མཆན་སྤྲོད་ཕོད་མཁན་མེད་པར་ཡུན་རིང་འགོར་སོང་། འོན་ཏེ་བཀྲ་ཤིས་ཀྲུའུ་རེན་གྱིས་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་མིང་ཐོག་ནས་སློབ་གྲྭ་སྔོན་བཙུགས་བྱས་པ་ཞིག་རེད་འདུག །གལ་ཏེ་ཁོང་ལ་དེར་ལྟ་བུའི་སྙིང་སྟོབས་དང་མིག་རྒྱང་ཞིག་མེད་ན་ད་ལྟའི་བོད་ཡིག་སློབ་གྲྭ་ཡོད་སྲིད་དམ། གལ་ཏེ་སྐབས་དེ་བོད་ཀྱི་རིག་གནས་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་ཅིང་། ཧ་ལམ་རྒྱུན་ཉམས་ལ་ཉེ་བའི་དུས་སུ་ཁོང་ལ་བོད་ཀྱི་སྐད་ཡིག་མྱུར་སྐྱོབ་བྱེད་པའི་བསམ་བློ་རླབས་ཆེན་དང་བློ་སྤོབས་དེ་མེད་ན་ཁམས་ཕྱོགས་ཀྱི་ད་ལྟའི་རིག་གནས་ཀྱི་གནས་སྟངས་དེ་ཅི་འདྲ་ཞིག་ཡིན་ནམ། དེང་སྐབས་བཀྲ་ཤིས་ཚེ་རིང་གིས་མི་རིགས་འདིར་བཞག་པའི་བྱས་རྗེས་ལ་ཕྱི་མིག་ལྟ་སྐབས། མི་གཅིག་གི་སྙིང་སྟོབས་དང་ཤེས་རབ་ཀྱིས་མི་རིགས་ཤིག་གི་སྐད་ཡིག་དང་རིག་གནས་བསྐྱབས་པ་རེད་ཅེས་འདིང་འཇོག་བྱས་ཀྱང་མི་ཆོག་པ་མི་འདུག་སྙམ། རྗེས་སུ་ཁོང་གིས་ད་དུང་རྒྱ་བོད་ཚིག་མཛོད་ཆེན་མོའི་བསྡུ་སྒྲིག་ལས་ཀར་རྩ་འཛུགས་གནང་བ་དང་། ཀྲུང་ཧྭ་བཀའ་བསྟན་དཔེ་བསྡུ་བྱ་བ་སོགས་བོད་ཀྱི་སྐད་ཡིག་དང་རིག་གནས་བསྐྱར་གསོ་དང་དར་སྤེལ་ཐད་ཕྱག་ལས་མང་དག་གནང་མྱོང་།
གཟན་དཀར་རིན་པོ་ཆེའི་གངས་ཐོག་གི་ཞབས་རྗེས།
སློབ་གྲྭ་ཞིག་བཙུགས་དགོས་ན་དགེ་རྒན་ཡག་པོ་གདན་འདྲེན་ཞུ་ཐུབ་མིན་ནི་སློབ་གྲྭ་བཙུགས་པའི་ཆ་རྐྱེན་ཨང་དང་པོ་དེ་ཡིན་པས་སྐབས་དེར་གཟན་དཀར་རིན་པོ་ཆེས་ཐུགས་ཁྲལ་གནང་ཆེ་ཤོས་དང་། ཐུགས་བསམ་གཏོང་མང་ཤོས་ཀྱི་དོན་ཆེན་ཨང་དང་པོའང་དེ་ཡིན།
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཐོག་མར་བཙུགས་སྐབས་ནི་དུས་རབས་གོང་མའི་ལོ་རབས༨༠པའི་དུས་མགོར་ཡིན་ཞིང་། སྐབས་དེར་རིག་གནས་གསར་བརྗེ་མཇུག་རྫོགས་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་མ་ཐག་པ་ཡིན་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤེས་མཁན་ནི་ཉིན་མོའི་སྐར་མ་ལྟར་གྱུར་པས་ས་ཁུག་ལུང་ཀྱོག་གི་དགོན་སྡེ་རེ་འགའི་ནང་དུ་བོད་ཀྱི་བཅུ་ཕྲག་རིག་གནས་ལ་མཁྱེན་རྒྱ་ཡངས་པའི་སྐྱེས་ཆེན་རེས་འགའ་ལུས་ཡོད་པ་གཟན་དཀར་རིན་པོ་ཆེའི་ཐུགས་ལ་གསལ་པོ་མཁྱེན་བཞིན་ཡོད། འོན་ཀྱང་སྐབས་དེར་འགྲིམ་འགྲུལ་སྟབས་ཧ་ཅང་མི་བདེ་བས་ཁྲེང་ཏུའུ་ནས་མཐོ་སྒང་དུ་དགེ་རྒན་ཞིག་གདན་འདྲེན་ཞུ་ས་འགྲོ་དགོས་ན་མ་མཐའ་ཡང་ཉིན་ལྔ་དྲུག་ཙམ་འགྲོ་དགོས་ཤིང་། ཆ་དང་ཡིག་གེ་བསྐུར་ན་དེ་བས་དུས་ཚོད་ཡུན་རིང་འགོར་བཞིན་ཡོད། མཇུག་མཐར་གཟན་དཀར་རིན་པོ་ཆེ་སྐུ་དངོས་དགེ་རྒན་ཡོད་སའི་ས་གནས་རེ་རེ་བཞིན་གདན་འདྲེན་ཞུ་སར་ཕེབས་པའི་ཐུགས་ཐག་བཅད།
ཟླ་བ་བཅུ་པའི་གངས་ཅན་མཐོ་སྒང་ནི་གངས་ཀྱི་འཇིག་རྟེན་ཞིག་ཏུ་གྲུབ་ཅིང་། ལྷག་པར་དུ་རྫ་ཆུ་ཁ་དང་། གསེར་ཐར་སོགས་ཀྱི་འབྲོག་ས་ནི་དེ་བས་གྲང་ངར་རྒྱས་བཞིན་པའི་དུས་སུ་འཁེལ་ཡོད། གཟན་དཀར་རིན་པོ་ཆེ་བཞུགས་པའི་པེ་ཅིང་རྟགས་ཅན་གྱི་རླངས་འཁོར་རྙིང་ཧྲུལ་དེ་སྐབས་འགའ་མཚོ་འཕགས་སྨི་བཞི་སྟོང་ནས་ལྔ་སྟོང་ཙམ་ཡོད་པའི་རྫ་ཆུ་ཁ་དང་གསེར་ཐར་སོགས་ཀྱི་གངས་ལམ་ཐོག་རྒྱུ་བཞིན་ཡོད་ཅིང་། སྐབས་འགའ་དེ་ལས་ས་ཁད་ཅུང་དམའ་བའི་དར་མདོ་དང་བྲག་མགོ་སོགས་ཀྱི་གཞུང་ལམ་བརྒྱུད་ནས་དགེ་རྒན་རྣམས་གདན་ཞུ་སར་ཕེབས་བཞིན་ཡོད།
སྤྱིར་གཟན་དཀར་རིན་པོའི་ཞབས་མི་བདེ་བས་ས་ཐག་རིང་པོར་ཕེབས་དགོས་ན་དེ་བས་སྟབས་མི་བདེ་བ་དང་དཀའ་ངལ་ཆེན་པོར་འཕྲད་བཞིན་ཡོད།འོན་ཏེ།ཁོང་གིས་དགེ་རྒན་གདན་འདྲེན་ཞུ་རྒྱུ་ནི་སློབ་གྲྭའི་དོན་ཆེན་ཨང་དང་པོ་ཞིག་ཏུ་གཟིགས་ནས་དགུན་དུས་ཀྱི་གྲང་འཁྱག་ལ་མ་འཛེམས་པར་ལ་ལུང་མང་པོ་འགྲིམ་ནས་མཐར་རྫ་ཆུ་ཁའི་མཁན་པོ་པཎ་ཚེ་དང་། དབང་ལོ། དུང་མགོ།ཆོས་གྲགས།བྲག་མགོའི་དགེ་བཤེས་བློ་བཟང་དོན་གྲུབ།གསེར་ཐར་མཁན་པོ་བསོད་རིག །རྔ་པའི་མཁན་པོ་རྡོ་ལོ།དར་མདོ་དང་རྟའུ་ཡི་མཁན་པོ་ཚེ་རིང་ཉི་མ།ཟླ་གསལ་དབང་མོ།མཁན་སྐུ་ནུབ་འོད་ཟེར།སྡེ་དགེའི་མཁན་པོ་དིས་ཆུང་བློ་ཆོས།ཐུབ་དབང་།ཐུབ་ནོར།དཔེ་སྤྲུལ་འཆི་མེད་རྡོ་རྗེ།ཐང་བླ་ཚེ་དབང་།གོ་འཇོའི་སྨུག་སངས་སྤྲུལ་སྐུ་སོགས་ཀྱི་བཞུགས་གནས་སུ་སྐུ་དངོས་ཕེབས་ནས་གདན་འདྲེན་ཞུ་ཐུབ་པ་བྱུང་ཡོད།
དར་རྒྱས་པུའུ་ཀྲང་གི་འཇུ་རྟ་གསར་པ།
གཟིམས་ས། གཟིམས་ས། ཞེས་རྣམ་ཀུན་སློབ་གྲྭའི་ཞོགས་པར་འདི་འདྲའི་སྐད་ཞིག་གྲགས་ཡོང་གིན་ཡོད།
སྐད་དེ་དགེ་སློབ་སུས་ཐོས་རུང་སློབ་གྲྭའི་སློབ་གཙོ་བསོད་དར་རྒྱས་ཀྱིས་ཞོགས་པའི་འཚམས་འདྲི་གནང་བ་ཡིན་པར་ཚང་མར་རྣ་འདྲིས་སུ་གྱུར་ཟིན།
བསོད་ནམས་དར་རྒྱས་ལགས་ནི་སི་ཁྲོན་རྔ་བ་ཁུལ་གྱི་མི་ཡིན་པས་འབྲོག་སྐད་དག་གཙང་རྒྱག་བཞིན་ཡོད། ཁོང་སྔོན་ཆོད་རྔ་བ་ཁུལ་གྱི་དྲིལ་བསྒྲགས་པུའུ་ཀྲང་ཡིན་པས་ཚང་མས་ཁོང་ལ་སློབ་གཙོ་ཞེས་མི་འབོད་པར་དར་རྒྱས་པུའུ་ཀྲང་ཞེས་འབོད་པ་གོམས་གཤིས་སུ་གྱུར་ཟིན། ཁོ་རང་མི་སུ་དང་ཐུག་འཕྲད་བྱུང་ན་འཚམས་འདྲའི་ཚིག་དང་པོ་ནི་གཟིམས་ས། གཟིམས་ས་ཞེས་མགོ་གུག་ཅིང་ཕྱག་བརྡ་གནང་བ་ནི་ཁོང་གི་ཁྱད་ཆོས་ཤིག་ཏུ་གྱུར་ཟིན། དོན་དུ་གཟིམས་ས། གཟིམས་ས་ཞེས་པ་ནི་མདང་སོང་ཉལ་ས་བདེའམ་ཞེས་པའི་ཞེ་ཚིག་ཡིན་པ་རྗེས་སུ་ངས་གཞི་ནས་ཤེས་སོང་།
དར་རྒྱས་ལགས་ནི་བོད་དང་བོད་ཀྱི་རིག་གནས་ལ་ལྷག་བསམ་རབ་ཏུ་དཀར་ཞིང་ཡོད་ཚད་མི་རིགས་ཀྱི་སློབ་གསོའི་དོན་དུ་ཕུལ་ནུས་པའི་མི་བུ་རླབས་ཆེན་ཞིག་ཡིན། སློབ་གྲྭ་ཐོག་མར་བཙུགས་སྐབས་སྐུ་ཞབས་བཀྲ་ཤིས་ཚེ་རིང་དང་། གཟན་དཀར་རིན་པོ་ཆེ་སོགས་ཀྱི་ཐུགས་རེ་ལྟར་ཁོང་བོད་ཡིག་སློབ་གྲྭ་རུ་ཕེབས་ནས་དགེ་སློབ་ལས་བཟོ་རྣམས་དང་སྐྱིད་སྡུག་མཉམ་རོལ་གནང་ནས་སློབ་གྲྭའི་འཕེལ་རྒྱས་ལ་བསུབ་ཏུ་མེད་པའི་མཛད་རྗེས་ཆེན་པོ་བཞག་ཡོད།
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་ནི༡༩༨༡ལོའི་ཟླ་བ༡༠པའི་ཚེས༥ཉིན་མཚོ་འཕགས་སྨི༤༢༠༠ལྷག་ཡོད་པའི་སྡེ་དགེའི་རྫོགས་ཆེན་ཤྲཱི་སེང་དུ་རས་གུར་དཀར་པོ་ཞིག་གི་ནང་སློབ་མགོ་ཚུགས།
ལོ་དེའི་ཟླ་བ༡༡པའི་ཉིན་ཞིག་གི་ཞོགས་པར་ཁ་བ་ཆེན་པོ་བབས་ནས་སློབ་གྲྭ་འཚོག་པར་ཕར་ཞོགས་མིའང་སྡོད་མི་ཚུགས་པར་གྱུར་ནས་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་དེར།ཞོགས་པར་སྔ་མོར་རྣ་འདྲིས་སུ་གྱུར་པའི་གཟིམས་ས།གཟིམས་ས་ཞེས་པའི་སྐད་དེ་ཐོས་འཕྲལ་དགེ་སློབ་ཚོའི་སེམས་ནང་དུ་ཚ་ལྷང་ལྷང་གི་དྲོད་སྣང་ཞིག་གློ་བུར་དུ་སྐྱེས།
ཁོང་གིས་ཉིན་དེ་འཇུ་རྟ་གསར་པ་ཞིག་གྱོན་པ་ལ་བལྟས་ན་གཟབ་མཆོར་སྤྲས་པ་ལྟར་སྣང་རུང་།དོན་དུ་ཁ་བ་འགོག་པའི་ཆེད་དུ་གྱོན་པ་ལོས་ཡིན།ཁོང་གིས་དགེ་སློབ་རྣམས་མྱུར་བར་ས་དེ་ལས་ཅུང་དམའ་བའི་རྫོགས་ཆེན་དགོན་པའི་ཞོལ་གྱི་ཐང་སྟོང་དུ་རུ་སྤོ་རུ་བཅུག །ཁོང་རང་གིས་ཀྱང་དགེ་རྒན་དེ་དག་གངས་སྐྱོན་འོག་འོ་བརྒྱལ་ཆེ་བར་སེམས་ནས་ཐོག་མར་མཁན་པོ་བློ་ཆོས་ཀྱི་ཉལ་ཆས་བསྒྲིལ་ནས་ཕྲག་ཐོག་ཁུར་ཏེ་གངས་འཁྱག་ནང་རུ་སྤོས། ཁོང་གིས་ཉིན་གཅིག་ལ་དགེ་སློབ་ཚོའི་རུ་སྤོ་རོགས་གནང་ནས་ཐེངས་མང་ཡར་རྒྱུག་མར་རྒྱུག་བྱས་པས་དགོང་མོར་འཇུ་རྟ་གསར་པ་དེའི་རྡོག་པ་གོག་ནས་ཉིན་གཅིག་གི་ཚེ་ལས་མེད་པར་གྱུར། དོན་དེ་རྒྱུན་དུ་མཁན་པོ་བློ་ཆོས་ཀྱིས་ཁ་བརྡ་གནང་སྐབས་དགོད་གཏམ་གྱི་ཚུལ་དུ་ཧ་ཅང་གསོན་ཉམས་ལྡན་པའི་ངང་གསུང་བཞིན་ཡོད་ཅིང་། དགེ་སློབ་གཞན་དག་གིས་ཀྱང་ཕལ་ཆེར་བརྗེད་སྲིད་རྒྱུ་མ་རེད་སྙམ།
དགེ་རྒན་བློ་ཆོས་ཀྱི་སྤྱན་ཆབ་དྲོན་མོ།
ང་ཚོའི་གུར་ནང་གི་སློབ་གྲོགས་རྣམས་སྔོན་ལྟར་ཞོགས་པའི་ཆུ་ཚོད་ལྔ་པའི་ཐོག་ཡར་ལངས་ནས་ས་སྣུམ་གྱི་སྒྲོན་མེའི་འོག་ལ་ཡི་གེ་ཅུང་བལྟས་རྗེས་ཤར་ཕྱོགས་ནས་སྐྱ་རེངས་འཐེན་བྱུང་བས་ང་ཚོ་ཚང་མ་རང་རང་གིས་བདམས་པའི་ཆུ་ཕར་ཁའི་རྡོ་ཕ་བོང་ཆེན་པོ་དེ་དག་གི་རྒྱབ་ཏུ་དཔེ་ཆ་ལྟ་རུ་སོང་།
དུས་ཚོད་ཅི་ཙམ་སོང་ཡོད་པ་མི་ཤེས་རུང་ཁ་བ་ཇེ་ཆེ་རུ་འབབ་བྱུང་། ང་ཚོ་ཚང་མས་ཕན་ཚུན་ཕྱིར་གུར་ནང་འགྲོ་རྒྱུའི་བརྡ་བཏང་ནས་གུར་སྒོར་སླེབས་དུས། དགེ་རྒན་བློ་ཆོས་ང་ཚོའི་གུར་སྒོར་བཞེངས་འདུག །ཁོང་གི་དབུ་སྐྲ་དཀར་པོའི་ཐོག་ཁ་བའི་འདབ་མ་ལྷུང་བས་ཇེ་དཀར་དུ་གྱུར་པ་དང་ཕྱག་ཟུང་གིས་ཁ་རླངས་ཀྱི་དྲོད་ལ་བརྟེན་ནས་འཕུར་འཕུར་གནང་བཞིན་ཞབས་ཟུང་ཡང་གནས་གཅིག་ཏུ་རྒྱུན་མི་ཆད་པར་འགུལ་བཞིན་འདུག །ཁོང་གི་སྐུ་ལུས་འོག་ཏུ་ཁ་བ་ཆགས་མེད་པར་བལྟས་ན་ཁོང་འདིར་ཡུན་རིང་བཞེངས་ཡོད་པ་ཤེས་ཐུབ། ཁོང་གིས་ང་ཚོ་ཚུར་སླེབས་པ་མཐོང་དུས་ཅུང་ཐུགས་ཁྲོས་པའི་ངང་ནས། ཁྱེད་ཚོ་ལ་རང་གི་ལུས་པོ་མི་མཁོ་བ་ཡིན་ནམ། ཉིན་ལྟར་འདི་འདྲའི་ནངས་སྔ་ལངས་དང་ནུབ་ཕྱི་ཉལ་ཁོ་ནས་སློབ་སྦྱོང་ལ་འབད་ན་གཟུགས་པོས་ནུས་སམ། དེ་རིང་ཁ་བ་འདི་འདྲ་ཆེན་པོ་བབས་ཤིང་གྲང་ངར་འདི་འདྲ་ཆེ་རུང་གུར་ནང་དུ་མི་སྡོད་པར་གང་དུ་སོང་། ཕྲུ་གུ་གླེན་པ་ཚོ་ཞེས་གསུང་བཞིན་ང་ཚོ་མི་རེ་རེ་བཞིན་མགོ་ནས་མཇུག་བར་ཞིབ་མོར་གཟིགས་རྗེས་སྤྱན་ཟུང་ལས་མཆི་མ་ཁྲམ་ཁྲམ་དུ་ཐོན་བྱུང་། ང་ཚོ་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ནས་གངས་ལས་གྲུབ་པའི་གཟུགས་བརྙན་བཞིན་འགུལ་ཙམ་ཡང་བྱ་རྒྱུ་མེད་པར་ཁོང་ལ་གྱེར་ནས་ལུས་སོང་།
མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད།ཅེས་པ་ལྟར་ང་ཚོའི་གུར་ནང་གི་སློབ་མ་རྐྱང་པས་མི་ཚད་པར་སློབ་གྲྭའི་སློབ་གྲོགས་ཚང་མས་སློབ་སྦྱོང་ལ་ཧུར་ཐག་འབད་ཐག་བྱེད་པ་ནི་བོད་ཡིག་སློབ་གྲྭའི་སྲོལ་རྒྱུན་དུ་ཆགས་ཡོད།དགེ་རྒན་ཚོས་སློབ་མའི་སྦྱངས་འབྲས་ལ་ཐུགས་ཁུར་དེ་འདྲ་བྱེད་མི་དགོས་ཀྱང་། སློབ་མའི་གཟུགས་པོ་ལ་དུས་ནམ་ཡང་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད།
ཆོས་དགའ་བཟའ་མིའི་གངས་ཁྲོད་ཀྱི་བརྩེ་སེམས།
མི་མཐོ་སར་འགྲོ།ཆུ་དམའ་སར་བཞུར།ཞེས་པའི་གཏམ་དཔེ་དེ་ནི་རྒྱ་མིའི་དུས་རྒྱུན་ཁ་ཐོག་ཏུ་འཛིན་པའི་གཏམ་དཔེ་ཞིག་ཡིན་ལ་དེང་རབས་འཚོ་བ་དང་ཧ་ཅང་མཐུན་པའི་ལེགས་བཤད་ཞིག་ཀྱང་རེད།འོན་ཏེ་འཛམ་གླིང་ཐོག་གི་མི་རེ་འགས་ནི་མི་རིགས་ཀྱི་མདུན་ལམ་དང་།རང་ཉིད་ཀྱི་ཕུགས་བསམ་དོན་དུ་མི་སྒེར་གྱི་སྐྱིད་པའི་འཚོ་བ་རྒྱབ་ཏུ་བསྐྱུར་ནས་དཀའ་ཚེགས་ཀྱི་ལམ་བུ་གསར་པ་ཞིག་བགྲོད་པའི་སྙིང་སྟོབས་སྐྱེ་མཁན་ཡང་ཡོད་སྲིད།
ཆོས་དགའ་བཟའ་མི་གཉིས་ནི་དེ་འདྲའི་ཐུན་མིན་གྱི་སྙིང་སྟོབས་ལྡན་པའི་གྲས་ཤིག་ཡིན། ཆོས་དགའ་ཁོ་རང་དེའི་སྔོན་དུ་དཀར་མཛེས་ཁུལ་སློབ་གསོ་ཅུས་ནང་དུ་ལས་དོན་ཡག་པོ་ཞིག་ཡོད་ཅིང་། ཁོང་གི་རྒྱ་བོད་ཀྱི་རིག་གནས་ཆུ་ཚད་དང་། འཇོན་ཐང་ལ་གཞིགས་ན་ཡུན་རིང་མི་འགོར་བར་མགོ་ཁྲིད་ཀྱི་གོ་གནས་ཐོག་འགྲོ་ཐུབ་མིན་ཐེ་ཚོམ་ཟ་མི་དགོས། ཁོང་གི་བཟའ་ཟླ་ཁམས་ཧྭ་ཡི་ལས་ཁུངས་ནི་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིན་པས་མོའི་ལོ་ཚོད་དང་། རྒྱ་ཡིག་གི་ཆུ་ཚད། དེས་མ་ཚད་པར་མོ་ནི་རིག་གནས་པ་དང་བུད་མེད་ལས་བྱེད་པའང་ཡིན་པས་སྐབས་དེར་གསོ་སྐྱོང་བྱ་ཡུལ་གཙོ་བོའང་ཡིན།
འོན་ཏེ། ཁོང་གཉིས་ལྷན་དུ་ས་ཁད་མཐོ་ཞིང་། དཀའ་ཚེགས་ཆེ་བའི་རྫོགས་ཆེན་བོད་ཡིག་སློབ་གྲྭ་རུ་ཞབས་ཞུ་སྒྲུབ་པའི་ཆོད་སེམས་བཅངས། ལྷག་པར་དུ་ཁོང་གཉིས་རྫོགས་ཆེན་དུ་ཕེབས་ནས་ཡུན་རིང་མ་སོང་བར་ཁམས་ཧྭ་ཡི་ལུས་ལ་ཕྲུ་གུ་སྦྲུམ་པས་མཐོ་སྒང་གི་མཁའ་དབུགས་མི་འདང་བ་དང་ལུས་གསོ་བའི་ཟས་བཅུད་མི་འདང་བའི་དཀའ་ངལ་གྲངས་ལས་འདས་པར་འཁེལ་རུང་ཁོང་གཉིས་ས་ཁད་དམའ་ཞིང་ཆ་རྐྱེན་བཟང་བའི་ལས་ཁུངས་ཤིག་ཏུ་ལས་གནས་སྤོ་རྒྱུའི་བསམ་བློ་ནི་དུས་ནམ་ཡང་སྐྱེས་མ་མྱོང་།ཁོང་གཉིས་ཀྱི་བུ་བཀྲ་ཤིས་ཉི་མ་དང་།བུ་མོ་གཡང་མཚོ་གཉིས་ཀའང་རྫོགས་ཆེན་གྱི་རྩྭ་ཐང་དུ་སྐྱེས།
ཁོང་གཉིས་ཀྱིས་མི་ལོ་བཞི་བཅུའི་རིང་ལ་ཉིན་གཅིག་ལྟར་བོད་ཡིག་སློབ་གྲྭའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་དགུ་འཕྱུངས་ཤིང་། བོད་ཡིག་སློབ་གྲྭའི་མདུན་སྐྱོད་ཀྱི་གོམ་པ་རེ་རེའི་ནང་དུ་ཁོང་གཉིས་ཀྱི་ངལ་དུབ་དང་རྔུལ་ཆུའི་ཐིགས་པ་གྲངས་མང་འདྲེས་ཡོད།
གལ་ཏེ། མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་དོན་དུ་ལུས་སེམས་ཕུལ་བའི་ཆོད་སེམས་ཟབ་མོ་ཞིག་མེད་ན་སྐྱིད་པའི་འཚོ་བ་དང་། ལེགས་པའི་ཆ་རྐྱེན་རྒྱབ་ཏུ་བསྐྱུར་ནས་གྲང་ལྷགས་ཀྱིས་མནར་བའི་མཐའ་ཁུལ་གྱི་སློབ་གྲྭ་ཞིག་ཏུ་ལས་དོན་སྒྲུབ་པའི་བློ་སྤོབས་ཇི་ལྟར་སྐྱེ་ནུས།
གལ་ཏེ། བོད་ཀྱི་རིག་གནས་དེ་ཉམས་པ་སོར་ཆུད་དང་། མི་ཉམས་གོང་སྤེལ་གཏོང་བའི་ཞེན་སེམས་དང་ཆགས་སེམས་ཤིག་མེད་ན་ད་བར་དགེ་སློབ་དེ་དག་ལ་ཞབས་འདེགས་ཞུ་བའི་སྤྱི་སེམས་རྣམ་པ་དག་པ་ཞིག་གང་ན་རྒྱུན་འཛིན་གནང་ཐུབ།
གལ་ཏེ།ཁོང་མཚོ་སྔོན་དུ་ལྟ་སྐོར་གནང་ནས་ཕྱིར་ཕེབས་སྐབས་མིག་ཆུ་ཁྲམ་ཁྲམ་དུ་བཞུར་བཞིན་བོད་ཀྱི་རིག་གནས་འདི་འཆི་ཁའི་ནད་པ་དང་།སྣུམ་ཟད་ཀྱི་མར་མེ་ལྟར་རྒྱུན་ཆད་ལ་ཉེ་བས་དེར་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་དགོས་གཏུག་ཆེ་བའི་འོས་འགན་ཞིག་ཡིན་ཚུལ་གྱི་གསུང་བཤད་དེ་མ་གནང་ན་སློབ་མ་རྣམས་ཀྱི་སེམས་ལ་སྦྱོང་བརྩོན་གྱི་མེ་ལྕེ་ཆེན་པོ་རེ་ག་ལ་འབར་སྲིད།
ཁྱི་རྐུན་ཚོས་ང་ཚོའི་མར་བརྐུས་སོང་།
དེ་རིང་། གནམ་གཤིས་ཧ་ཅང་གྲང་བས་ང་ཚོ་སྔ་མོ་ནས་སློབ་གྲྭ་གྲོལ་སོང་།
སུས་གུར་སྒོ་བརྒྱབ་པ་རེད། སྒོ་ཡག་པོ་བརྒྱབ་མེད་པ་འདྲ། ངའི་མར་ཁྱི་རྐུན་ཚོས་བརྐུས་སོང་། ཞེས་ང་ཚོ་སློབ་གྲྭ་གྲོལ་ནས་ཕྱིར་གུར་ནང་དུ་ལོག་དུས་སློབ་གྲོགས་ཀུན་དགའ་འཇམ་དབྱངས་ཀྱིས་དེ་ལྟར་བཤད་ཀྱིན་འདུག །གུར་ཆད་འདིའི་སྒོ་ཅི་འདྲ་ཡག་པོ་བརྒྱབ་རུང་ཁྱི་རྐུན་དེ་ཚོ་བཀག་མི་ཐུབ་པ་འདྲ་ཞེས་སློབ་གྲོགས་ལྷག་དགས་གསལ་བཤད་བྱེད་བཞིན་འདུག །
འབྲི་ཤི་བའི་སྟེང་དུ་མར་རྒྱ་བརྒྱ་དང་། མེད་ཐོག་མེད་བཞག་ཅེས་པའི་དཔེ་ལྟར་ང་ཚོ་སྤྱིར་བཏང་འཚོ་བའི་ཐད་དཀའ་ངལ་ཆེ་ཐོག་ཁྱི་རྐུན་ཚོས་ཀྱང་རྒྱུན་དུ་ང་ཚོའི་མར་བརྐུས་ནས་ང་ཚོར་ཟླ་ཤས་རིང་མར་ཟ་རྒྱུ་མེད་པ་བཟོ་བཞིན་ཡོད། ཐེངས་ཤིག་གི་དབྱར་ཁ་ཞིག་ལ་སློབ་གྲོགས་ཀུན་དགའ་ལགས་ཀྱི་ཕུ་བོ་དང་ཐུབ་བསྟན་ཕུན་ཚོགས་ཀྱི་ཕ་རྒན་གཉིས་ཆེད་དུ་རྫོགས་ཆེན་ཡོང་ནས་ཤ་མར་དང་།གྲོ་ཐུད་སོགས་ཟས་རིགས་གྱ་ནོམ་པ་ཁྱེར་བྱུང་། ང་ཚོ་ཚང་མས་ཟས་དེ་དག་ཉིན་རེར་ཕྲན་བུ་ཙམ་ལས་ཟ་མ་བྲ་བར་ཡུན་རིང་བསྲི་ཚགས་བྱས། ཉིན་ཞིག་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་དུས་ཟས་རིགས་དེ་དག་ཚང་མ་ཁྱི་རྐུན་ཚོའི་ཁ་ཟས་སུ་གྱུར་ཟིན།ང་ཚོ་ཚང་མ་ཁྱི་རྐུན་དེ་ཚོ་ལ་ཞེ་སྡང་ཆེན་པོ་ལངས་པ་དང་། ཟས་རིགས་དེ་དག་སྔོན་ནས་ང་ཚོས་བཟོས་བཞག་ཡོད་ན་ཅི་མ་རུང་ཞེས་འགྱོད་སེམས་སྐྱེས།
ཡང་ཐེངས་ཤིག་ལ། དེ་རིང་ཁྱི་རྐུན་ཚོ་རྐུ་ལ་ཅི་འདྲ་མཁས་རུང་ངའི་མར་བརྐུ་རྒྱུ་མི་ལོན་ཁོ་ཐག་ཡིན། ཁྱེད་ཚོས་མར་ཡག་པོ་ཉར་ཚགས་མ་བྱས་ན་ཁྱིའི་ཁ་ཟས་སུ་འགྲོ་ངེས་ཡིན་ཟེར་བཞིན་ཐུབ་བསྟན་ཕུན་ཚོགས་ཀྱིས་ཁོ་རང་གི་མར་དེ་སྒམ་ཆུང་ཞིག་གི་ནང་དུ་བཅུག་ནས་མགོ་སྔས་འོག་ཏུ་སྦ་བཞིན་འདུག །སློབ་གྲྭ་འཚོག་བཞིན་པའི་སྒང་ལ་དགོན་མཐའ་རུ་དུས་རྒྱུན་ཟས་སློང་བཞིན་པའི་སྤྲང་པོ་མ་རྒན་དེས་ཁྱི་རྐུན་གྱིས་མར་བརྐུས་སོང་ཞེས་འབོད་བཞིན་པ་ཐོས།
ང་ཚོ་སློབ་གྲྭ་གྲོལ་མ་ཐག་ཕྱིར་གུར་ནང་ཡོང་ནས་རང་རང་གི་མར་བོར་ཡོད་མེད་ལྟ་སྐབས། ཕུན་ཚོགས་ཀྱིས་ཤི་དགོས་རྒྱུའི་ཁྱི་རྐུན་དེ་ཚོས་ང་ལ་བརྙས་བཅོས་ཚད་མེད་གཏོང་བ་མ་ཡིན་ནམ། ཏག་ཏག་ཡང་ངའི་མར་བརྐུས་སོང་ཟེར་བཞིན་ཁྱི་དེ་དག་ལ་གཤེ་གཤེ་གཏོང་སྐབས་གུར་ནང་དུ་ང་ཚོའི་དགོད་སྒྲས་ཁྱབ་སོང་།
བསམ་ཡུལ་ལས་འདས་པའི་ལས་བགོས།
ཟླ་བ་བདུན་པའི་མཐོ་སྒང་ནི་ལྷ་ཡུལ་ལས་མཛེས་ཤིང་རྩི་ཤིང་མེ་ཏོག་གི་བཀྲག་མདངས་ལྷག་ཏུ་རྒྱས་པའི་རྫོགས་ལྡན་གྱི་དུས་སྟོན་ཞིག་ཡིན་པས་ཚང་མས་དུས་སྟོན་དེར་རེ་ཞིང་དུས་སྟོན་དེར་ཡིད་སྨོན་ཤོར། བཀྲ་ཤིས་པའི་དུས་སྟོན་དེའི་ནང་ཤེས་རིག་གི་གཤོག་རྩལ་རྒྱས་པའི་གླག་ཕྲུག་ཚོ་གཅིག་ཡངས་པའི་རྩྭ་ཐང་འདི་ནས་མཐའ་མི་མངོན་པའི་མཁའ་དབྱིངས་སུ་འཕུར་ཞིང། རང་རང་གི་གཤོག་རྩལ་དང་སྤྱང་གྲུང་ངོམ་པའི་དུས་ལ་བབས།
༡༩༨༦ལོའི་ཟླ་བ༧པའི་ཉིན་ཞིག་ལ་སློབ་མ་རྣམས་སློབ་གྲྭའི་ར་བའི་ནང་འཛོམས་ནས་ཕན་ཚུན་འབྲལ་མི་ཕོད་པའི་རྣམ་འགྱུར་གྱིས་གཅིག་གིས་གཅིག་ལ་ཡང་ལྟ་བྱེད་བཞིན་ཡང་མགོ་བོ་ཐུར་དུ་གུག་ནས་རང་རང་གི་ལས་སྐལ་དེར་སྒུག་ནས་འདུག །
དགེ་རྒན་རྡོ་ལོ་ལགས་ཀྱིས་སློབ་མའི་མིང་དང་ལས་ཁུངས་མང་པོའི་མིང་བཀོད་པའི་འབྲི་དེབ་ཅིག་ལག་ཏུ་བཟུང་ནས་ཐུབ་བསྟན་ཕུན་ཚོགས། ཀྲུང་དབྱང་མི་རིགས་སློབ་གྲྭ་རུ་བགོ་རྒྱུ། བསོད་རྒྱ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་བགོ་རྒྱུ། པདྨ་ཚུལ་ཁྲིམས་དང་བཀྲ་ཤིས་གཉིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་བགོ་རྒྱུ་ཞེས་སོགས་ཀློག་བཞིན་འདུག །ངས་ད་ང་རང་གང་ཞིག་ཏུ་བགོའམ། ཕལ་ཆེར་རང་གི་རེ་བ་ལྟར་ཕ་ཡུལ་དུ་བགོ་རྒྱུ་རེད་སྙམ་བཞིན་པའི་སྐབས་སུ་དཀོན་མཆོག་རྡོ་རྗེ་དཀར་མཛེས་གསར་འགྱུར་ཁང་དུ་བགོ་རྒྱུ་ཞེས་ཐོས་འཕྲལ་སེམས་ལ་དགའ་སྐྱོ་གང་ཡིན་མི་ཤེས་ལ་ཅི་དྲན་འདི་དྲན་མེད་པ་ལྟར་གྱུར་སོང་།
ལས་བགོས་ཀྱི་མིང་ཐོ་བཀླགས་ཟིན་དུས་ཚང་མའི་གདོང་ལ་ངུ་མ་དགོད་ཀྱི་རྣམ་འགྱུར་རེ་མངོན་པར་བལྟས་ན་ཕལ་ཆེར་རང་རང་གི་འདོད་བློ་མ་འགྲུབ་ཅིང་ད་ལྟའི་ལས་བགོས་ནི་ང་ནང་བཞིན་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡོད་པ་ཤེས་ཐུབ།
སྤྱིར་བོད་ཡིག་སློར་གྲྭའི་ཐེངས་དང་པོའི་སློབ་མ་མཐར་ཕྱིན་གྲབས་ལ་ཉེ་སྐབས་སློབ་གྲྭའི་གཞུང་ལས་ཁང་དུ་པེ་ཅིང་དང་ཁྲེང་ཏུའུ། ད་དུང་དཀར་མཛེས་ཁུལ་དང་རྔ་པ་ཁུལ་དང་རྫོང་སོ་སོའི་ལས་ཁུངས་མང་པོའི་ཡི་གེ་འབྱོར་ཞིང་ཡི་གེའི་ནང་དོན་ནི་ང་ཚོའི་ལས་ཁུངས་ལ་ཁྱེད་སློབ་གྲྭའི་སློབ་མ་ཁ་ཤས་བགོ་རོགས་ཟེར་མཁན་ཤ་སྟག་གི་གྲངས་ཀ་དེ་སློབ་མའི་གྲངས་ལས་ཧ་ལམ་ལྡབ་གཅིག་མང་བ་རེད། འོན་ཏེ། སློབ་མ་ཚོའི་རེ་བ་དང་པོ་དང་གཉིས་པ། གསུམ་པ་ཚང་མ་ནི་རང་གི་ཕ་་ཡུལ་དུ་བགོ་རོགས་ཟེར་མཁན་ལས་པེ་ཅིང་དང་ཁྲེང་ཏུའུ་སོགས་སུ་འགྲོ་འདོད་མཁན་རེས་འགའ་ལས་ཧ་ཅང་ཉུང་། ང་རང་ཡང་དགེ་རྒན་དང་མགོ་ཁྲིད་ཚོས་ཐེངས་མང་པེ་ཅིང་དང་ཡང་ན་ཁྲེང་ཏུའུ་སོགས་སུ་འགྲོ་དགོས་པའི་སློབ་གསོ་བཏང་རུང་ངས་ཕ་མ་དང་ཁྱིམ་ཚང་གི་རེ་བ་ལྟར་ཕ་ཡུལ་དུ་མངགས་རོགས་ཁོ་ནའི་རེ་བ་བཏོན་པ་དང་། སློབ་ཐོན་སྐབས་སུ་སློབ་མ་རྣམས་རྒྱ་ནག་གི་ས་གནས་ཁ་ཤས་སུ་ལྟ་སྐོར་ཁྲིད་སྐབས་ཀྱང་ང་རང་རྒྱ་ཡུལ་དུ་བགོ་རྒྱུར་དོགས་ནས་རྒྱ་ཡུལ་དུ་ཚ་བ་ན་རྒྱུ་རེད་ཅེས་ཁ་གཡར་ནས་ལྟར་སྐོར་ཡང་མ་སོང་། རྗེས་སུ་དགེ་རྒན་དང་མགོ་ཁྲིད་ཚོས་སློབ་མ་སོ་སོའི་གཤིས་ཀ་དང་འཇོན་ཐང་། སྦྱངས་འབྲས་སོགས་ལ་གཞིགས་ནས་བཙན་ཐབས་ཀྱིས་ལས་བགོས་མི་བྱེད་ཐབས་མེད་གྱུར། སློབ་མ་ལ་ལ་ལས་བགོས་བྱས་རུང་གླ་ཕོགས་མི་དགོས་པར་རང་གི་ཕ་ཡུལ་དུ་ལོག་པ་དང་། ལ་ལ་རང་གི་དགོན་སྡེ་སོགས་སུ་བླ་མ་བྱས་པའང་བྱུང་ངོ་། །
བགྲང་བྱ་བཞི་བཅུའི་རྗེས་སུ་གནས་ཚུལ་དེ་དག་དྲན་དུས་སྐབས་འགར་ངུ་ཤོར་བ་དང་སྐབས་འགར་དགོད་བྲོ་བ་ལྟ་བུར་གྱུར་འདུག །ད་ལྟ་པེ་ཅིང་དང་ཁྲེང་ཏུའུ་སོགས་སུ་ལས་གནས་ཞིག་བཙལ་དགོས་ན་ཅི་འདྲའི་མི་ཤུགས་དང་རྒྱུ་ཤུགས་རེ་ཕུད་དགོས་སམ། སྐབས་རེ་བསམས་ན་དེ་དག་ནི་སྔོན་ལས་ཟེར་བ་དེ་ལོས་ཡིན་སྙམ།
མི་ལོ་བཞི་བཅུའི་སྔོན་དུ་དགེ་རྒན་གཅིག་གི་སློབ་མ་དང་སྦྲ་གུར་གཅིག་ནང་འཚོ་བ་སྐྱེ་བའི་སློབ་གྲོགས་དེ་དག་དེང་སྐབས་ལ་ལ་ནི་ཕྱི་མའི་ལམ་དུ་གཤེགས་ཟིན་ཞིང་། ལ་ལ་ནི་ཕྱི་རྒྱལ་གྱི་ལུང་པ་རུ་སྤོས་ཟིན། ལ་ལ་ནི་མཁས་པའི་ཁྲི་འཕང་དུ་འཛེགས་ཤིང་། ལ་ལ་ནི་དཔོན་པོའི་གོ་གནས་སུ་བསྐོས་འདུག །ལ་ལ་ནི་བླ་སྤྲུལ་དང་། ལ་ལ་ནི་ཚོང་དཔོན་དུ་གྱུར། ལ་ལ་ནི་དགེ་རྒན་དང་། ལ་ལ་ནི་ལས་བྱེད་པ་རུ་གྱུར། དེ་དག་ལས་གནས་གང་དུ་ཡོད་ཀྱང་ཚང་མས་བོད་ཡིག་སློབ་གྲྭ་ནས་ཐོན་པའི་འགན་འཁྲི་སེམས་ནས་མི་བརྗེད་པར་དགེ་རྒན་དང་དབུ་ཁྲིད་ཚོའི་ཐུགས་རེ་ལྟར་སྤྱིར་རྒྱལ་ཁབ་ལ་ཞབས་ཞུ་དང་། སྒོས་སུ་བོད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བའི་དོན་དུ་རང་རང་གི་ལས་རྐང་ཐོག་ཏུ་རང་རང་གི་བྱས་རྗེས་རེ་འཇོག་པ་ནི་ཐུན་མོང་གི་དམིགས་ཡུལ་ཞིག་ཏུ་འཛིན་བཞིན་ཡོད།
སླར་སྨྲས་པར།
ཀ་དག་གནས་ལུགས་རྟོགས་པའི་སློབ་དཔོན་རྣམས།།
ཁ་བའི་རྡུལ་མང་བརྩེགས་པའི་གངས་རིའི་ཞོལ།།
ག་བུར་ལྟ་བུའི་རེག་བྱ་ཁྱད་དུ་བསད།།
ང་ཅག་བརྩོན་པའི་ལྕག་གིས་ཡང་ཡང་བསྐུལ།།
ཡུལ་དང་ལུང་པ་རྒྱན་སོགས་ཐ་དད་པའི།།
བློ་གསལ་ངང་དཀར་གཞོན་ནུའི་ཁྱུ་ཚོགས་རྣམས།།
བོད་ཀྱི་བཅུ་ཕྲག་རིག་གནས་ཉམས་གསོའི་ཕྱིར།།
ཤྲཱི་སེང་ཡངས་དབེན་མཚོ་རུ་དལ་གྱིས་འཛོམས།།
དེ་ཚེ་མཁས་དབང་གང་གི་ལེགས་བཤད་ཀྱི།།
ཟེར་བརྒྱའི་སྙིང་པོ་ཕྱོགས་ཀུན་འཕྲོས་པའི་མཐུས།།
སྐྱེས་ཐོབ་ཤེས་རབ་དམན་པ་བདག་འདྲ་ཡང་།།
ཤེས་བྱའི་གནས་ལ་འཇུག་པའི་སྐལ་བ་ཐོབ།།
བགྲང་བྱ་བཞི་བཅུའི་སྔོན་གྱི་སྣང་བརྙན་འགའ།།
ཇི་བཞིན་རྣམ་པ་བཀྲ་བའི་ངང་ཚུལ་གྱིས།།
དེ་རིང་སློབ་འཛུགས་དགའ་འཛོམས་སྟོན་ཆེན་ལ།།
རྗེས་དྲན་ཚུལ་དུ་བཀོད་པར་དགེ་ལེགས་འཕེལ།།
ཞེས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཐེངས་དང་པོའི་གྲས་ཀྱི་སློབ་མ་དཀོན་མཆོག་རྡོ་རྗེས་མ་ཡུམ་སློབ་གྲྭ་བཙུགས་ནས་ལོ་བཞི་བཅུ་འཁོར་བའི་དུས་སྟོན་དུ་རྗེས་དྲན་ཚུལ་དུ་ཕུལ། །
རྩོམ་གསར། 10