རླབས་ཆེན་ཏང་གི་འཁྲུངས་སྐར་ལ་འབུལ།

འབའ་བ་བློ་བཟང་ཟླ་བ།        2021-07-07

སྤྱི་ལོ༢༠༢༡ལོའི་སྤྱི་ཟླ༧པའི་ཚེས༡ཉིན་ནི་རླབས་ཆེན་དང་།ཡང་དག་པ།གཟི་བརྗིད་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཏེ་ལོ་བརྒྱ་ཐམ་པ་འཁོར་བའི་སྐལ་བཟང་གི་ཉིན་མོ་སྟེ།བདག་ཀྱང་རྒྱལ་ཁབ་འདིའི་མངའ་འབངས་དུང་ཕྱུར་བཅུ་བཞི་དང་།ལྷག་པར་དུ་ཏང་མི་བྱེ་བ་དགུ་ལྷག་གི་ཁུངས་མི་ཞིག་ཡིན་པའི་ཆ་ནས།ལྷག་བསམ་རྣམ་དག་དང་སྤྲོ་སེམས་འཕེལ་བའི་ངང་ནས་རླབས་ཆེན་གྱི་ཏང་ལ་བཀྲ་ཤིས་རྟེན་འབྲེལ་དང་སྨོན་འདུན་གྲངས་མེད་ཞུ་བ་དང་ཆབས་ཅིག། ཏང་གི་གཟི་བརྗིད་འབུམ་ལྡན་གྱི་ལོ་རྒྱུས་དང་འབྲེལ་བའི་བསྟོད་ཚིག་ཉུང་ཙམ་འབུལ་བ་ནི།

འཛམ་གླིང་གི་ཤར་ཕྱོགས་སུ་གནས་ཤིང་།གླིང་ཆེན་ཨེ་ཤ་ཡའི་ཁོངས་སུ་གཏོགས་པ།རྒྱལ་ས་ཡོངས་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་དང་འབུམ་དྲུག་ཅུ་རེ་ལྔ་ཡོད་པ།མི་རིགས་ང་དྲུག་དང་འབངས་མི་དུང་ཕྱུར་བཅུ་བཞི་ལྷག་ཡོད་པ།ལོ་ལྔ་སྟོང་ལྷག་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་རིག་གནས་ལྡན་པའི་ཀྲུང་གོར།ལོ་ངོ་བརྒྱ་ཐམ་པའི་གོང་རོལ་དུ་དཔེར་ན་ཁྲི་གདུགས་ཉི་མ་ལྟ་བུའི་རླབས་ཆེན་དང་།གཟི་བརྗིད་ལྡན་པ།ཡང་དག་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་རེད།

དེ་ནས་བཟུང་ལོ་ངོ་མང་པོའི་རིང་གཞན་གྱི་བཙན་འཛུལ་དང་གཉའ་གནོན།བཤུ་གཞོག དམའ་འབེབས་མཐོང་ཆུང་གི་དཀའ་སྡུག་ཚད་ལས་འདས་པ་བགྲང་ན་གྲངས་ཀྱིས་མི་ལོང་ལ།དཔྱད་ན་ཡིད་ཀྱིས་མི་བཟོད་པའི་དཀའ་ཁག་མྱོང་ཞིང་གདུག་རྩུབ་བརླང་སྤྱོད་ཀྱི་མུན་པ་སྟུག་པོའི་འོག་ལ་ཚུད་པའི་མི་རིགས་འདི་ལ་སྔར་ཡོད་མ་མྱོང་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་བའི་གཟིངས་ཆེན།བླུན་རྨོངས་མུན་སྟུག་ལས་ཐར་བྱེད་ཀྱི་སྒྲོན་མེ།དམུས་ལོང་གཡང་ལས་སྐྱོབ་པའི་དམིགས་བུ་ལྟ་བུའི་ཀྲུང་གོ་གུང་ཁྲན་ཏང་གིས་སྣེ་ཁྲིད་དེ།མི་ལོ་བཅུ་ཕྲག་མང་པོའི་རིང་ལ་རུས་པས་མཆོད་རྟེན་བརྩིགས།ཁྲག་གིས་རྒྱ་མཚོ་འཁྱིལ་ཏེ་ཕས་རྒོལ་ཝ་སྐྱེས་ཀྱི་དཔུང་སྡེ་འཁོར་དང་བཅས་པ་ཟིལ་གྱིས་གནོན་པའི་གདོང་ལྔའི་དཔུང་ཤུགས་ལ་བརྟེན་ནས་ཆམ་ལ་ཕབ་སྟེ་སྤྱི་ལོ༡༩༤༩ལོའི་ཟླ༡༠པའི་ཚེས༡ཉིན་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིས་གནམ་བདེ་སྒོ་མོའི་མཁར་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་དེ་རིང་དབུ་བརྙེས་པ་རེད་ཅེས་མི་འཇིགས་སེང་གེའི་ང་རོས་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱས།

དེ་ནས་ཏང་གི་དབུ་ཁྲིད་ཚན་པ་རབས་ལྔའི་ཡང་དག་པའི་སྣེ་ཁྲིད་འོག། ཞི་བདེའི་དུས་རབས་འདིར།ཀྲུང་གོ་མི་དམངས་རྣམས་རང་བྱུང་ཁམས་ཀྱི་གནོད་འཚེ་དང་། ནད་ཡམས་དྲག་པོ།ནུབ་ཕྱོགས་རྒྱལ་ཁབ་རེ་ཟུང་གིས་དཔལ་འབྱོར་བཀག་སྡོམ་ལ་སོགས་དུ་ཞག་མེད་པའི་འཐབ་འཛིང་རབ་དང་རིམ་པའི་གཡུལ་ངོ་ནས་རྣམ་པར་རྒྱལ་ནས།རྒྱལ་ཁབ་འདི་དང་མི་རིགས་འདི་ཉིད་ཡར་ལངས་བ་ནས།ཕྱུག་པོར་གྱུར་བ།སྟོབས་ལྡན་ཅན་དུ་གྱུར་བའི་དམིགས་འབེན་མངོན་དུ་གྱུར་ནས་འཛམ་གླིང་རྒྱལ་ཁབ་ཀྱི་གྲལ་མགོར་སླེབས་ཡོད།འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་རི་རྒྱལ་ལྷུན་པོ་ལྟར་ཀྲོང་ངེར་ལངས་ཡོད།ཏང་གི་ལོ་རྒྱུས་དང་མཛད་འཕྲིན་རྣམས་ཞིབ་ཏུ་བྲིས་ན་ཞི་བདེ་རྒྱ་མཚོ་ཆེན་པོ་སྣག་ཏུ་བྱས་ཤིང་ཡངས་པའི་འཛིན་མ་འབྲི་ཤོག་ཏུ་བྱས་ཀྱང་འབྲི་ག་ལ་ནུས་ཏེ་མི་ནུས་སོ།།

ད་ལྟར་མི་རིགས་ང་དྲུག་པོ་སེའུ་འབྲུ་ཇི་བཞིན་ཞི་བདེ་འཆམ་མཐུན་གྱི་དཔལ་ལ་རོལ་བཞིན་མུ་མཐུད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ།ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཆེད་དུ་རང་རང་གི་འཇོན་ནུས་གང་ཡོད་བཏོན་པའི་ཡིད་ཆེས་དང་དམ་བཅའ་བརྟན་པོ་བཞག་ཡོད།།

སླར་སྨྲས་པ།

བཀྲ་ཤིས་གཡང་ཆགས་ཏང་གི་

འཁྲུངས་སྐར་ཉིན་མོ་ལ།།

བདེ་ལེགས་རྨད་བྱུང་གྲུབ་འབྲས་

འབུམ་གྱི་འབྱུང་ཁུངས་ནི།།

ཕུན་སུམ་ཚོགས་པའི་ཡུམ་ཆེན་ཀྲུང་

གོ་གུང་ཁྲན་ཏང་།།

མི་འགྱུར་བསྐལ་བརྒྱར་བཞུགས་པའི་

སྨོན་ལམ་སྙིང་ནས་འདེབས།།



  • ལེ་ཚན་སྔོན་མ།:ཐོག་མའི་སེམས་འདུན་མ་བརྗེད་ཏང་གི་ལོ་རྒྱུས་སྦྱོང་།། འགན་འཁྲི་ཡིད་ལ་བཅངས་ཏེ་ཏང་གི་རྗེས་སུ་འབྲང་།།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།