གནའ་དེང་ཤེས་རབ་ཀྱི་གཟི་འོད་འབར་བའི་རིག་པའི་གླིང་།

མཁས་གྲུབ་དང་ཨོ་རྒྱན། ཡེ་ཤེས།        2021-07-09

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་བགྲང་བྱ་བཞི་བཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ།

གནའ་དེང་ཤེས་རབ་ཀྱི་གཟི་འོད་འབར་བའི་རིག་པའི་གླིང་།

སྤྱི་ཟླ༦པའི་ཚེས༢༤ཉིན་གྱི་ཞོགས་པར། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ༡༠༠འཁོར་བར་དགའ་སྟོན་རྟེན་འབྲེལ་དང་སློབ་གྲྭ་བཙུགས་ནས་ལོ༤༠འཁོར་བའི་གྲུབ་འབྲས་སྙན་ཞུའི་ཚོགས་ཆེན་སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད།

ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ།ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཧྥུ་གོ་དང་།ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཞང་ཧུང་།དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ།འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སངས་དགའ།དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་ཅིང་།དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྐུ་བཅར་ཡོན་ཏན་རྒྱ་མཚོ།དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན།སི་ཁྲོན་མི་རིགས་སློབ་གླིང་གི་སློབ་གཙོ་གོ་ཆིང་དབྱི་བཅས་དབུ་ཁྲིད་དག་ཀྲུའུ་ཞིའི་སྟེགས་བུར་ཞུགས།

གནའ་དེང་ཤེས་རབ་ཀྱི་གཟི་འོད་འབར་བའི་རིག་པའི་གླིང་།

སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་དང་། མི་རིགས་དུས་དེབ་ཁང་། སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་དབྱིས་ཡིག་སློབ་གྲྭ། ཁམས་པའི་བརྙན་འཕྲིན་ཁང་། དཀར་མཛེས་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན། ཁུལ་སློབ་གསོ་བཟོ་ཨུ། ཁུལ་རྒྱལ་ཁབ་བདེ་འཇགས་ཅུས། ཁུལ་ནང་བསྟན་མཐུན་ཚོགས། ཁུལ་བོད་རིག་པ་ཞིབ་འཇུག་ཁང་། ཁུལ་བོད་སྨན་ཁང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ། ཁུལ་འཕྲོད་བསྟེན་སློབ་གྲྭ། ཁུལ་ཁམས་པའི་ཞིབ་འཇུག་ཁང་། ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་། དཀར་མཛེས་གསར་འགྱུར་ཁང་།དར་མདོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་སོགས་འབྲེལ་ཡོད་ལས་ཁུངས་དང་སློབ་གྲྭའི་དབུ་ཁྲིད་དག་ཚོགས་ཆེན་དུ་ཞུགས། ཚོགས་ཐོག་ཏུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི།སློབ་གཙོ་འཇམ་བློས་དགའ་བསུ་ཞུ་བའི་གསུང་བཤད་དང་སློབ་གྲྭའི་འདས་པའི་དུས་ཀྱི་གྲུབ་འབྲས་ཁག་ངོ་སྤྲོད་གནང་བ་དང་།སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དགེ་རྒན་ཚེ་རིང་རྡོ་རྗེས་ཚོགས་འདུ་གཙོ་སྐྱོང་གནང་།དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་ཅིང་གིས་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕུལ།སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ།ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཧྥུ་གོ་ཡིས་གསུང་བཤད་གནང་ཡོད་པ་རེད།

སི་ཁྲོན་ཞིང་ཆེན་འཐབ་འགྱུར་པུའུ་ཡི་པུའུ་ཀྲང་གཞོན་པ།ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཧྥུ་གོ་ཡིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་བོད་འབྲེལ་ས་ཁུལ་གྱི་ཕྱོགས་གང་ཐད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་།ལྷག་པར་དུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལོ་བཞི་བཅུའི་རིང་དུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ནི་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ལེགས་སྐྱེས་བཟང་པོ་ཞིག་རེད་ཅེས་གསུངས།

རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མཇུག་རྫོགས་རྗེས།སྙན་ཞུའི་རིག་རྩལ་འཁྲབ་སྟོན་གྱི་མགོ་བརྩམས་ཤིང་།སློབ་གྲྭའི་སློབ་མ་སྟོང་ལྷག་གིས“ལོ་བརྒྱའི་སྟོན་ཆེན།”“ཡང་བསྐྱར་ཏང་ལ་གླུ་ཞིག་འབུལ།”“བཀྲ་ཤིས་པའི་དུས་ཆེན”བསྐལ་བ་བཟང་བའི་ལོ་བརྒྱ་ཞེས་པ་དང་རྩེ་མདའ་སྐོར་བྲོ།འབའ་གཞས།བཀྲ་ཤིས་པའི་ཉིན་མོ།དཀར་མཛེས་རྡོག་བྲོ།སློབ་རའི་སྐོར་བྲོ་དང་།སྙན་ངག་གྱེར་འདོན་སོགས་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་ཕུན་སུམ་ཚོགས་པ་སྤེལ་ནས།ཏང་དབུ་བརྙེས་ནས་ལོ༡༠༠འཁོར་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་བགྲང་བྱ༤༠ལོན་པའི་བསྐལ་བཟང་གི་ཉིན་མོ་འདིར་བཀྲ་ཤིས་རྟེན་འབྲེལ་བཟང་པོས་མཐའ་ཀུན་ནས་བརྒྱན་པའོ།།

ཕྱི་དྲོར།ཐེངས་འདིའི་དུས་ཆེན་ཐོག་ཕེབས་པའི་མགོ་ཁྲིད་དང་སྐུ་མགྲོན་ཚོས་སློབ་གྲྭའི་དངོས་སྦྱོང་ཐོག་ཁང་དུ་སྤེལ་བའི་སློབ་འཛུགས་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་རེད།དངོས་སྦྱོང་ཐོག་ཁང་གི་རྩེག་དང་པོར་བོད་སྨན་སྨན་བཅོས་དང་བོད་སྨན་གྲུབ་འབྲས་ཀྱི་འགྲེམ་སྟོན།རྩེག་གཉིས་པར་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་འགྲེམ་སྟོན།རྩེག་གསུམ་པར་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་སློབ་གྲྭའི་མཉམ་ལས་གྲུབ་འབྲས་འགྲེམ་སྟོན།རྩེག་བཞི་པར་མི་རིགས་ལག་རྩལ་དང་མཛེས་རྩལ་གྱི་གྲུབ་འབྲས་འགྲེམ་སྟོན།རྩེག་ལྔ་པར་སློབ་གྲྭའི་བགྲང་བྱ་བཞི་བཅུའི་བརྒྱུད་ལམ་རིང་མོའི་ལོ་རྒྱུས་འགྲེམ་སྟོན་བཅས་བྱས་ནས་བོད་ཡིག་སློབ་གྲྭའི་བགྲང་བྱ་བཞི་བཅུའི་གྲུབ་འབྲས་ལ་ཀུན་གྱི་ཡིད་ཆེས་དང་གདེངས་འཇོག་ཐོབ་ཡོད་པ་རེད།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་རྩ་བ་དང་དེང་རབས་རིག་གནས་ཀྱིས་ཟུར་བརྒྱན་བྱས་པའི་གནའ་དེང་རིག་གནས་བསླབ་སའི་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ཞིག་ཡིན་ལ་ད་དུང་དངོས་ཚན་དང་ཆེད་ཚན།ལས་བྱེད་ཟབ་སྦྱོང་འཛིན་གྲྭ་སོགས་རིམ་པ་མི་འདྲ་བའི་འཛིན་གྲྭ་སྣ་མང་ཞིག་ཡོད་པའི་ཕྱོགས་འདུས་རང་བཞིན་གྱི་འབྲིང་གཉེར་སློབ་གྲྭ་ཞིག་ཀྱང་ཡིན། སྤྱི་ལོ༡༩༨༡ལོའི་ཟླ༡༠པའི་ཚེས༥ཉིན་རང་རིགས་ལ་ལྷག་བསམ་ཤིན་ཏུ་དཀར་བའི་སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུང་རེན་བཀྲ་ཤིས་ཚེ་རིང་སོགས་འབྲེལ་ཡོད་དབུ་ཁྲིད་རྣམ་པའི་ཐུགས་བསྐྱེད་ཡང་དག་པའི་བཀའ་དྲིན་འོག་སྡེ་དགེ་རྫོགས་ཆེན་ཤྲཱི་སེང་དུ་སི་ཁྲོན་ཞིང་ཆེན་སྡེ་དགེ་བོད་ཡིག་སློབ་གྲྭ་དངོས་སུ་བཙུགས། དེ་དུས་གཙོ་བོ་སློབ་གྲྭའི་དགེ་རྒན་དུ་བྱོན་པའམ་གདན་ཞུའི་དགེ་རྒན་དུ་ཕེབས་པ་ནི་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་དང་ལྔ་རིག་སྨྲ་བ་མཁན་ཆེན་པད་མ་ཚེ་དབང་།

དིལ་མགོ་མཁྱེན་བརྩེ། ཁྲོ་རུ་མཁན་ཆེན་ཚེ་རྣམ། སྦྲ་སྐོར་མཁན་ཆེན་ཐུབ་ནོར། སྡེབ་རིས་སྲོལ་འབྱེད་ཐང་བླ་ཚེ་དབང་། རྫོགས་ཆེན་མཁན་པོ་ཐུབ་དབང་། དིལ་ཆུང་མཁན་པོ་བློ་ཆོས། མཆོག་སྤྲུལ་པད་མ་སྐལ་བཟང་། རྨེ་སྤྲུལ་རྡོ་རྗེ་དགྲ་འདུལ།སྐུ་ནུབ་མཁན་པོ་འོད་ཟེར། མདོ་རྗེ་བཙུན་མ་ཟླ་གསལ་དབང་མོ། ཚ་ཚ་སྒྲུབ་རྒན་ཀརྨ་སེང་གེ།ཏྲེ་ཧོར་དགེ་བཤེས་བློ་བཟང་དོན་འགྲུབ། དགེ་མང་མཁན་པོ་ཚེ་རིང་ཉི་མ།གསོ་རིག་མཁས་ཆེན་གོ་འཇོ་དབང་འདུས། མཁས་དབང་སྐལ་བཟང་འགྱུར་མེད།སྐད་གཉིས་སྨྲ་བ་འབའ་སྐལ་བཟང་ཆོས་འཕེལ། རྗེ་དམུ་དགེ་བསམ་གཏན་སོགས་སྐྱེས་ཆེན་དམ་པ་མང་པོས་ཐུགས་གནང་མཛད། སྤྱི་ལོ༡༩༨༣ལོའི་ཟླ༧པར་སློབ་གྲྭའི་དགེ་སློབ་ལས་བཟོ་ཕྱེད་ཀ་སྐབས་དེའི་མགར་ཐར་རྫོང་དུ་ཡོད་པའི་རྫོང་ལས་གནས་ཁང་དུ་སྤོས་དེ་གནས་གཞི་གཡར།དེའི་ཕྱིས་སུ༡༩༨༥ལོའི་ཟླ༧པར་རྟའུ་རྫོང་དུ་སྤོས། ལོ་དེར་སློབ་གྲྭའི་མཚན་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཞེས་པར་བསྒྱུར། ༡༩༩༤ལོའི་ཟླ༣པའི་ཚེས༡༨ཉིན་དར་མདོ་གཡང་རྭ་ལུང་པར་དངོས་སུ་སྤོས་ཤིང་དུས་ད་ལྟའི་བར་ལོ་འཁོར༤༠རིང་གི་སློབ་གྲྭ་འདི་ཉིད་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།སློབ་གྲྭ་འདིར་ཆེད་སྦྱོང་དུ་བོད་ཀྱི་སྐད་ཡིག་དང་གསོ་བ་རིག་པ། བཟོ་རིག་པ།བོད་རྒྱ་ཡིག་སྒྱུར། བོད་རྒྱ་དྲུང་ཡིག་བོད་རྒྱ་རྩིས་འཕྲུལ། ལས་བྱེད་ཟབ་སྦྱོང་།དགེ་རྒན།བོད་རྒྱ་རིག་གནས་ཡུལ་སྐོར་བཅས་དང་།གཞན་ཡང་དངོས་ཚན་དང་ཆེད་ཚན་ལས་བྱེད་ཟབ་སྦྱོང་བཅས་འདུས་པའི་རིམ་པར་སླེབས་ཡོད། སློབ་གྲྭ་འདིས་སྔོན་རྗེས་སུ་སློབ་མ་ཁྱོན་བསྡོམས་ཁྲི་གཅིག་ལྷག་གསོ་སྐྱོང་བྱས་ཤིང་།སློབ་མ་དེ་དག་པེ་ཅིང་དང་། བོད་འབྲེལ་ལྗོངས་ཞིང་ལྔ་དང་རང་སྐྱོང་ཁུལ།རྫོང་རིམ་པ་ནས་ཡུལ་ཚོ་སོགས་སུ་མ་ཁྱབ་པ་མེད་ཅིང་།ལས་རྐང་སོ་སོའི་ཐོག་ནུས་པ་གལ་ཆེན་འདོན་བཞིན་ཡོད།ད་ལྟ་སློབ་གྲྭ་རུ་སློབ་མ༡༦༠༠ཙམ་དང་། དགེ་རྒན་ལས་བཟོ༧༦ཙམ་ཡོད། ལོ་བཞི་བཅུའི་རིང་དུ་གོང་རིམ་གྱི་རིམ་པ་ཁག་གི་ལས་ཁུངས་དང་དབུ་ཁྲིད་རྣམ་པའི་ཐུགས་ཁུར་འོག་སློབ་གྲྭ་དེ་མེད་པ་ནས་ཡོད་པ་དང་།ཡོད་པ་ནས་ཇེ་དར་ཇེ་རྒྱས་སུ་གྱུར་ཡོད།

དེ་ལྟར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཆོག་གྱུར་གྱི་ལས་ཀ་རིམ་པ་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་བྱུང་ཞིང་།ཀྲུང་དབྱང་དང་ཞིང་ཆེན།ཁུལ་རིམ་པའི་འགོ་ཁྲིད་དང་ལས་ཁུང་སོ་སོ་ནས་བྱ་དགའ་རིམ་པ་གང་མང་གནང་ཡོད།ཁྱད་པར་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་གྱི་དབུ་འཛིན་པ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ལས་དོན་གཟིགས་ཞིབ་ཏུ་ཕེབས་སྐབས་སློབ་གྲྭའི་ལས་དོན་ལ་གཟེངས་བསྟོད་དང་གདེང་འཇོག་ཆེན་པོ་གནང་བར་མ་ཟད་རིན་པོ་ཆེ་རང་ནས་སློབ་གྲྭའི་མཚན་འཛིན་སློབ་གཙོ་གཞོན་པའི་འགན་བཞེས་གནང་རྒྱུ་ཞལ་གྱིས་བཞེས། མདོར་ན་འདས་པའི་དུས་ཀྱི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་བོད་ཀྱི་རིག་གནས་བསླབ་ཡུལ་ཡིན་ལ་མ་འོངས་པའི་དུས་སུའང་བོད་ཡིག་སློབ་གྲྭ་འདི་ཡང་བོད་ཀྱི་རིག་གནས་བསླབ་སའི་ལྟེ་གནས་ཤིག་ཏུ་འགྱུར་བར་ངེས་སོ།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གྲོང་གསེབ་འགྲིམ་འགྲུལ་གཞུང་ལམ་ཇེ་ཡག་ཏུ་འགྲོ་རྒྱུ་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།