ཞིང་པ་དབུལ་ཕོངས་ནས་འཚར་ལོངས་བྱུང་བའི་ཁུལ་དཔོན་མཁྱེན་རབ།

ཡེ་ཤེས་ཀྱིས་བསྒྱུར།        2021-07-16

ཞིང་པ་དབུལ་ཕོངས་ནས་འཚར་ལོངས་བྱུང་བའི་ཁུལ་དཔོན་མཁྱེན་རབ།

མཁྱེན་རབ། སྐྱེས་པ། བོད་རིགས། 1928ལོའི་སྤྱི་ཟླ5པར་སི་ཁྲོན་ཞིང་ཆེན་འབའ་ཐང་དུ་འཁྲུངས།1949ལོར་ཀྲུང་གུང་འབའ་ཐང་གསང་བའི་ཏང་ནང་ཞུགས་ཡོད། སྔོན་ཆད་ཀྲུང་གུང་དཀར་མཛེས་ཁུལ་ཁུལ་ཨུའི་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་སྐབས་ལྔ་པ་དང་དྲུག་པ། བདུན་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འགན་བཞེས་མྱོང་། ཀྲུང་གུང་ཚོགས་ཆེན་བརྒྱད་པ་དང་ཚོགས་ཆེན་བཅུ་གཉིས་པའི་འཐུས་མི་ཡིན་ཞིང་། 1991ལོའི་སྤྱི་ཟླ་དང་པོར་ལས་འཁྱུར་ངལ་གསོ་བྱས། 2018ལོའི་སྤྱི་ཟླ7པར་ཚེ་ལས་འདས་པ་རེད།

མཁྱེན་རབ། སྔོན་ཆད་ཁོང་ནི་གསང་བའི་ཏང་ཡོན་ཞིག་ཡིན་ལ། མདོ་སྨད་དམངས་གཙོ་གཞོན་ནུ་མཐུན་ཚོགས་ཀྱི་རྐང་འཛིན་ལས་བྱེད་པ་ཞིག་ཀྱང་ཡིན་པ་རེད། འབའ་ཐང་གི་བོད་རིགས་གཞོན་ནུ་ཁག་དང་པོ་དེ་དར་རྩེ་མདོར་ཁྲིད་འོངས་ནས་གསར་བརྗེའི་ནང་ཞུགས་བཅུག་མཁན་ཡང་ཡིན་པ་རེད། ཁོང་གིས་ལས་སྒྲུབ་ཚོགས་ཆུང་འཁྲིད་ནས་དཀའ་སྡུག་དུ་མ་མྱངས་ཏེ་སྦྲ་གུར་ནང་གསེར་ཐར་གྱི་སྲིད་དབང་བཙུགས་པའི་ངོ་མཚར་བའི་གཏམ་རྒྱུད་བྲིས་ཡོད་པ་རེད། ཁོང་ནི་ཀྲུང་གོ་གསར་པས་གསོ་སྐྱོང་བྱས་པའི་བོད་རིགས་ལས་བྱེད་པ་ཁག་དང་པོའི་ཡ་གྱལ་ཡིན་པ་རེད།།

1928ལོའི་སྤྱི་ཟླ5པར་འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་གྱི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་བུ་ཞིག་སྐྱེས་ཡོད། མཁྱེན་རབ་ནི་སྤུན་མཆེད་དག་གི་ནང་ཨང་བཞི་པ་ཡིན་པ་རེད།

ཁྱིམ་ཚང་འདི་ནི་ས་ཞིང་མེད་ལ་རང་ལ་དབང་བའི་སྡོད་ཁང་ཡང་མེད་པའི་ཧ་ཅང་དབུལ་པོ་ཞིག་ཡིན་ཞིང་། ཕུ་བོ་ཆེ་བ་ཨ་ཁུ་གསུམ་པར་བུ་ཚབ་བྱས་པར་ཕུད། ཁྱིམ་མི་ཚང་མས་ཨ་ཕའི་འཚེམ་བཟོ་བའི་ཡོང་འབབ་ཕྲན་བུ་ཁོ་ནར་བརྟེན་ནས་འཚོ་གནས་བྱེད་དགོས་ཀྱིན་ཡོད། ཐབས་ཟད་ཀྱི་རེ་བ་བཅངས་ཏེ་ཨ་ཕས་ཨ་ཅག་འཁྲིད་ནས་ལི་ཐང་དུ་ལས་ཀ་འཚོལ་དུ་སོང་རྗེས། ཆར་རླུང་མི་འགོག་པའི་སྡོད་ཁང་ཐབས་ཆག་ཅིག་ཏུ་བསྡད་དགོས་ཐུག སྟབས་མ་ལེགས་པ་ཞིག་ལ་ལོ་གཉིས་ཀྱི་རྗེས་སུ་ཨ་ཕ་ལ་མཐོ་སྒང་རང་བཞིན་གྱི་སྙིང་ནད་ཕོག་ནས་རྐྱེན་ལམ་དུ་སོང་བ་རེད། ཨ་ཕ་ཚེ་ལ་འདས་རྗེས་ཁྱིམ་ཚང་ལ་འཚོ་བའི་ཡོང་ཁུངས་རྩ་བ་ནས་མེད་པ་གྱུར་ནས་ཁང་གླ་ཡང་སྤྲོད་མི་ཐུབ་པར་བརྟེན། ཨ་མས་རྒྱུན་ཆད་མེད་པར་གོང་དེ་བས་ཁེ་མོའི་གླ་ཁང་མི་འཚོལ་ཐབས་མེད་ལ་ཐུག བསྟུད་མར་ཁྱིམ་སྤོས་བྱེད་དགོས་པའི་དཀའ་ཚེགས་ནི་མ་སྨོས་རང་ཤུགས་སུ་རྟོགས་པ་ཞིག་རེད། ཨ་ཅག་ལི་ཐང་ནས་ཕྱིར་ལོག་རྗེས་གཞན་དག་ལ་ལོ་གླ་མི་བྱེད་ཐབས་མེད་རེད། ཕུ་བོ་གསུམ་པ་དེའི་སྐབས་སུ་ལོ་ན12ལས་སོན་མེད་མོད། ལྟོ་བ་ཁ་གང་གི་ཆེད་དུ་ཨ་མས་གཞན་ལ་རོགས་རམ་བྱེད་རོགས་ཞུས་ནས་ཁོ་དམག་ལ་ཞུགས་བཅུག་ཡོད། དེ་ནས་ཁྱིམ་དུ་མཁྱེན་རབ་དང་ཨ་མ་གཉིས་ལས་མེད་ཅིང་། ཁུར་པོ་སྔོན་ཆད་ལས་ཕྲན་ཙམ་ཆུང་དུ་ཕྱིན་ཡོད་མོད། འོན་ཀྱང་བཟའ་དང་པོ་ཡོད་ལ་ཟ་ཐེངས་རྗེས་མ་མེད་པ་ནི་རྒྱུན་བྱུང་གི་གནས་ཚུལ་རེད། འཚོ་སྐྱོང་བྱེད་ཆེད་ཨ་མས་ཁོ་ཕའི་གྲོགས་པོ་ཞིག་ལ་བཅོལ། ཁྱིམ་ཚང་འདི་ཡང་དབུལ་ཞིང་ཕོངས་པ་ཞིག་ཡིན་མོད། འོན་ཀྱང་ས་ཞིང་མུའུ་ཁ་ཤས་ལ་སྔོ་ཚལ་དང་འབྲུ་རིགས་བཏབ་པར་བརྟེན་ནས་ལྟོ་བ་ཐབས་ཆག་རྒྱགས་ལེ་རེད། དེའི་རྗེས་སུ་རྫོང་གིས་རི་ངོས་ཀྱི་ས་རྒོད་དེ་དག་ས་ཞིང་མེད་མཁན་ལ་བགོས་ཏེ་གསར་སྦོལ་བྱེད་དུ་བཅུག མཁྱེན་རབ་ཁྱིམ་ལའང་ས་ཞིང་མུའུ་གཉིས་གསུམ་གྱི་བགོས་སྐལ་ཐོབ། ཨ་མས་ས་རྒོད་བསྐོས་ནས་མ་རྨོས་ལོ་ཏོག་བཏབ་པ་དང་། བརྔ་བསྡུ་བྱས་རྗེས་མ་རྨོས་ལོ་ཏོག་མཉམ་བསྲེས་ཀྱིས་ཏིལ་འབྲུ་བར་སྤྱད་དེ་དངུལ་རྣམས་མ་རྩར་བརྩིས་ནས་གཉེར་སྐྱོང་ཕྲན་ཙམ་བྱེད་མགོ་བརྩམས། འབྲེལ་ཕྲུམ་བུ་སྙོལ་བྱེད་ཀྱི་རྩྭ་ངན་དེས་ཕག་གསོས་མཐར། དེའི་རྗེས་སུ་ཕག་ཤ་བཙོང་རྒྱུ་སོགས་ལ་བརྟེན་ཏེ་གཞི་ནས་མཁྱེན་རབ་ཀྱི་ཁྱིམ་ཚང་གི་འཚོ་བའི་སྤུས་ཀ་ཅུང་ཙམ་ལེགས་སུ་ཕྱིན་པ་རེད།

ཁྱིམ་གྱི་གནས་ཚུལ་ཅུང་ལེགས་པོ་གྱུར་དུས་ཨ་མས་མཁྱེན་རབ་སློབ་གྲྭར་བསྐྱལ་ནས་རིག་གནས་སྦྱོང་དུ་བཅུག་ཡོད། འབའ་ཐང་རྫོང་གི་རྫོང་འཛུགས་སློབ་ཆུང་ནས་འབའ་ཐང་གཞུང་འཛུགས་དགེ་འོས་སློབ་གྲྭའི་བར། དེ་ནས་དར་མདོ་ཞི་ཁམས་ཞིང་ཆེན་གྱི་ཞིང་འཛུགས་དགེ་འོས་སློབ་གྲྭ་བར་སོགས་སུ་མཁྱེན་རབ་ཀྱིས་་བརྩོན་པ་ལྷུར་ལེན་བྱས་ནས་གཡུར་དུ་ཟ་བའི་སྦྱངས་འབྲས་ཐོབ། དེ་འདྲ་བྱས་མཐར་མཁྱེན་རབ་ཀྱི་ཤེས་ཡོན་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པར་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཁོང་གི་ཡང་དག་པའི་འཇིག་རྟེན་ལྟ་བ་རིམ་བཞིན་ཆགས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་རིམ་བཞིན་ཆགས་པ་རེད། འབའ་ཐང་རྒྱལ་བཙུགས་དགེ་འོས་སློབ་གྲྭར་དགེ་རྒན་གྱིས་སློབ་མ་ཚོར《སུང་ཧྭ་གཙང་པོའི་ཐོག》དང《རལ་གྲི་ཆེན་པོས་ལྗར་པེན་དམག་གི་མགོ་བོར་བཅད་པ》ལ་སོགས་པ་ལྗར་འགོག་གླུ་གཞས་བཏང་བའི་དུས་མཚུངས་སུ། རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་མཁྱེན་རབ་ཀྱི་སེམས་སུ་འཇུག་མགོ་བཙུགས་ནས་ཁོང་གི་འབྱུང་འགྱུར་གྱི་མི་ཚེར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། དར་རྩེ་མདོ་ཞི་ཁམས་ཞིང་ཆེན་གྱི་ཞིང་འཛུགས་དགེ་འོས་སློབ་གྲྭའི་ནང་སྐབས་མཁྱེན་རབ་ཀྱིས་རྒྱལ་ཁབ་ཀྱི་དུས་གནས་ལ་རིམ་བཞིན་རྒྱུས་ལོན་བྱུང་ཞིང་། གུང་ཁྲན་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཕན་བདེ་སྐྲུན་མཁན་ཡིན་པ་ཤེས་པར་མ་ཟད། རླབས་ཆེན་གྱི་བཅིངས་འགྲོལ་དམག་འཁྲུག་དཔུང་སྐྱོད་བྱེད་བཞིན་ཡོད་པའི་རྒྱུས་ལོན་བྱུང་བ་རེད། གོ་མིང་ཏང་གི་རྒྱུ་ནོར་ལྐོག་ཟ་རུལ་སུངས་ཡིན་པར་བརྟེན། གཡུལ་ས་ནས་གཅིག་རྗེས་མཐུད་དུ་ཕམ་ཁ་འཁེལ་བའང་ཤེས། དེ་དག་ཐམས་ཅད་ཀྱིས་མཁྱེན་རབ་ཀྱི་བསམ་བློར་སྐུལ་མ་ཧ་ཅང་ཆེན་པོ་ཐེབས་ཡོད་པ་རེད།

1949ལོར་སླེབས་དུས། འདི་ནི་གོ་མིང་ཏང་གི་དམག་དཔུང་ཕམ་ཁ་ཆེན་པོ་འཁེལ་བའི་ལོ་ཞིག་ཡིན་ཞིང་། ཟོག་གོང་ཆེས་ཆེར་འཕར་བ། དངུལ་ལོར་གྱི་འཛའ་ཐང་ཆག་པ། དངུལ་གྱི་རིན་ཐང་མེད་པ་བཅས་ཡིན་པར་མ་ཟད། དར་མདོ་ཡང་དེ་དང་འདྲ་བས་དར་མདོ་རྫོང་གི་དགེ་འོས་སློབ་གྲྭའི་ལས་དབང་གི་གནད་དོན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་པ་རེད། མཐར་སློབ་གྲྭས་ཟླ་ལྔའི་ནང་སློབ་སྐབས་ཧྲིལ་བོའི་གྲོན་དངུལ་ཡོད་ཚད་བཀོལ་ཚར་བ་རེད། དངུལ་མེད་པས་སློབ་གྲྭས་སློབ་ཁྲིད་བྱེད་མཚམས་མི་བཞག་ཀ་མེད་ཐུག་སྐབས་སློབ་མ་ཚོས་ཀྱང་ཁྱིམ་དུ་མི་ལོག་ཀ་མེད་བྱུང་བར་བརྟེན། ལོ་དེའི་ཟླ་བ7པའི་ཟླ་མཇུག་ཏུ་མཁྱེན་རབ་ཀྱི་ཁམས་བོད་ཉོ་ཚོང་སྤྱི་གཉེར་ཁང་གིས་རོགས་རམ་ཐོབ་ནས་འབའ་ཐང་ལ་ལོག་ཐུབ་ཡོད།

སློབ་སྦྱོང་བྱེད་རིང་སློབ་གསོ་མཁས་ཅན་གྱི་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྐྱོབ་པའི་སྐོར་གྱི་གཏམ་རྒྱུད་མང་པོ་མཁྱེན་རབ་ཀྱི་རྣ་ལམ་དུ་ཐོས་ནས་ཁོང་ལ་ཤུགས་རྐྱེན་ཟབ་མོ་ཆགས་པར་བརྟེན། རྒྱལ་གཅེས་སློབ་གསོ་མཁས་ཅན་དེ་དག་མིག་དཔེར་འཛིན་རྒྱུའི་ཆོད་སེམས་བཅད་པ་རེད། དེའི་སྐབས་སུ་ཁོང་གི་འབད་འཐབ་དམིགས་འབེན་ནི་སློབ་གྲྭ་ནས་ཐོན་རྗེས་དགེ་རྒན་ཞིག་བྱས་ཏེ་རང་ཉིད་ཀྱི་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྐྱོབ་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་བསམ་མངོན་འགྱུར་བྱ་རྒྱུ་དེ་ཡིན་པ་རེད། འོན་ཀྱང་མཁྱེན་རབ་ཀྱི་བསམ་ཡུལ་ལས་འདས་པ་ཞིག་ནི་ཁོང་དར་རྩེ་མདོ་ནས་འབའ་ཐང་དུ་ལོག་ཐེངས་འདིར་ཁོང་གི་ལས་སྐལ་དང་ཡང་ན་ཁོང་གི་མི་ཚེའི་མདུན་ལམ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འབའ་ཐང་ལ་སླེབས་མ་ཐག་པའི་མཁྱེན་རབ་སློབ་གྲོགས་ཐུབ་དབང་དང་ཐུབ་དབང་གི་ཕུ་བོ་བཀྲ་ཤིས་ཚེ་རིང་གིས་ངོ་སྤྲོད་བྱས་ཏེ་ཁོང་འབའ་ཐང་གི་གསང་བའི་ཏང་འགན་འཁུར་བ་ཕུན་ཚོགས་དབང་རྒྱལ་གྱི་གཙོ་སྐྱོང་འོག་ཀྲུང་གུང་འབའ་ཐང་གི་གསང་བའི་ཏང་ནང་དངོས་སུ་ཞུགས་པ་རེད།

དེའི་སྐབས་ཀྱི་གནས་ཚུལ་དང་རང་ཉིད་ཀྱི་བསམ་ཚུལ་འདི་མཁྱེན་རབ་འཚོ་ཞུགས་སྐབས་ཀྱི་རྗེས་དྲན་ཟིན་ཐོའི་ནང་འདི་ནི་སྟབས་བདེ་ཞིང་མཆོག་ཏུ་གྱུར་པའི་མཛད་སྒོ་ཞིག་རེད་ཅེས་བཀོད་ནས་འདུག

ཕུན་ཚོགས་དབང་རྒྱལ་སྒོ་ཕྱིར་འོངས་དུས་ལག་ཏུ་དེབ་ཆུང་ཞིག་ཁྱེར་འདུག ཁོང་གིས་འདི་ནི་ཀྲུང་གོའི་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བདུན་པའི་སྙན་ཞུ་རེད། དེ་མིན་ང་ལ་གུང་ཁྲན་ཏང་གི་སྐོར་གྱི་ཏང་གི་ཤེས་བྱ་དང་གནས་ཚུལ་ཁ་ཤས་འཆད་ཁྲིད་གནང་བྱུང་། ཁོས་སྔར་བཞིན་ང་ལ་གུང་ཁྲན་ཏང་ལ་ཞུགས་ན་ཉེན་ཁ་ཡོད་རེད་ཁྱོད་ཨེ་སྐྲག་ཅེས་དྲིས། ངས་ང་སྐྲག་ལེ་མེད་ཟེར་ཡོད། ཕུན་ཚོགས་དབང་རྒྱལ་གྱིས་ངའི་རྣམ་འགྱུར་ཧ་ཅང་བརྟན་པོ་ཡིན་པ་མཐོང་ནས་ང་ལ་ཡག་པོ་རེད་ཅེས་བསྔགས་བརྗོད་བྱས་པ་དང་ཆབས་ཅིག ཁྱོད་ཀྱིས་རྣམ་འགྱུར་བློ་ཐག་རྦད་ཆོད་དང་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་ན་ང་ཚོ་ནང་དུ་འཛུལ་ནས་དམ་བཅའ་ཞིག་འཇོག་དགོས་ཟེར། གསུངས་ཚར་རྗེས་ཁོང་ང་ཁང་ཆུང་ཞིག་གི་ནང་དུ་ཁྲིད་བྱུང་། དེ་ནི་གསལ་ཆ་ཧ་ཅང་མེད་པའི་སྒྲོན་མེ་གཉིས་སྤར་ཡོད་པ་ཞིག་རེད། གྱང་ངོས་སུ་དར་ཆ་དམར་པོ་བཀལ་ནས་འདུག དར་ཆའི་སྟེང་དུ་ཟོར་བ་དང་སྟ་རེ་ཞིག་ཡོད་པ་དང་། དེ་མིན་ད་དུང་མི་གཉིས་ཀྱི་པར་ཡོད་པ་དེ་ནི་རི་མོ་བྲིས་བ་མིན་པ་ཤིང་བརྐོས་རི་མོའི་ཁོངས་སུ་གཏོགས་པ་རེད། ཕུན་ཚོགས་དབང་རྒྱལ་གྱིས་བཀལ་བའི་དར་ཆ་ནི་ཀྲུང་

གོ་གུང་ཁྲན་ཏང་གི་ཏང་དར་ཡིན་པ་དང་། རི་མོ་ཐོག་གི་མི་གཅིག་ནི་ཀྲུའུ་ཞི་མའོ་ཙེ་ཏུང་ཡིན་པ་དང་གཅིག་ནི་དམག་སྤྱི་ཆེན་པོ་ཀྲུའོ་ཏེ་ཡིན་པ་རྗེས་སུ་ངས་གཞི་ནས་ཤེས་པ་ཡིན།

ཕུན་ཚོགས་དབང་རྒྱལ་གྱིས་ང་ལ་དར་ཆ་དང་སྐུ་པར་གྱི་ཕྱོགས་ལ་ཁ་འཁོར་ནས་ལག་པ་གཡས་པ་ཡར་བཅག་ཟེར། ཁོང་གིས“ངས་ཚིག་གཅིག་ཀློག་དུས། ཁྱོད་ཀྱིས་འབྲངས་ཀློག་གཅིག་གྱིས།“དེ་ནས་ཁོང་གིས་འདོན་མགོ་བརྩམས་ཏེ་ངས་ཁོང་གིས་རྗེས་འབྲངས་ནས་བཀླགས་པ་ཡིན། བཀླགས་ཚར་རྗེས་གཞི་ནས་དེ་ནི་ཏང་གི་སྒྲིག་ཡིག་ནང་གི་དམ་བཅའ་ཡིན་པ་ཤེས་ཡོད། བཀླགས་རྗེས་ལག་པ་གཡས་པ་མ་ལེན་ནས་དམ་བཅའ་བཞག་ཚར་བ། དེ་ནས་ཕུན་ཚོགས་དབང་རྒྱལ་གྱིས་ང་ལ་ད་ལྟ་ཁྱོད་ནི་ང་ཚོའི་ཀྲུང་གུང་འབའ་ཐང་གི་གསང་བའི་ཏང་གི་ཏང་ཡོན་ཡིན། འོན་ཀྱང་ཆོད་དོན་ལྟར་ན་ཁྱོད་ལ་ད་དུང་གྲ་སྒྲིག་དུས་ཡུན་ཟླ་བ་གསུམ་ཡོད་ཅེས་གསུངས།

དུས་ཚོད་ནི་ཆུ་རྒྱུན་བཞིན་དུ་འདས། 1949ལོའི་སྤྱི་ཟླ10པའི་ཚེས1ཉིན་ལ་སླེབས། འདི་ནི་རྒྱལ་ཡོངས་སུ་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཉིན་མོ་ཡིན་པ་རེད། ཉིན་དེར་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞིས་གནམ་བདེ་སྒོ་མོ་ཆེའི་སྟེང་ནས་འཛམ་གླིང་ཡོངས་ལ་བརྗིད་ཉམས་ལྡན་པའི་ངང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དབུ་བརྙེས་པ་རེད”ཅེས་ཁྱབ་བསྒྲགས་གནང་བ་རེད། ཀྲུང་གོའི་མི་དམངས་དུས་དེ་ནས་བཟུང་ཡར་ལངས་པ་རེད། ”ཉིན་དེར་ཕུན་ཚོགས་དབང་རྒྱལ་གྱིས་མཁྱེན་རབ་ལ་སོགས་པ་སྐོང་ཚོགས་བྱས་ནས་ཚོགས་འདུ་འཚོགས་ཏེ་ཚང་མར་སེམས་འགུལ་ཐེབས་བཞིན་དུ“དེ་རིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་པེ་ཕིང་དུ(ཀྲུང་གོ་གསར་པ་དབུ་བརྙེས་སྐབས་མིང་བསྒྱུར་ནས་པེ་ཅིང་ཞེས་བཏགས)དངོས་སུ་དབུ་བརྙེས་པ་དང་། ཀྲུང་གོ་རྙིང་པ་སླར་ཡང་ལོག་མི་སྲིད་པར་གྱུར། མི་དམངས་ཡར་ལངས་ནས་བཅིངས་འགྲོལ་ཐོབ་པ་རེད། ཚང་མས་ཉན་རྗེས་སེམས་འགུལ་ཚད་མེད་ཐེབས་ཡོད། ཕུན་ཚོགས་དབང་རྒྱལ་གྱིས“ཀྲུང་གོ་གསར་པ་དབུ་བརྙེས་ཀྱང་འབའ་ཐང་ལ་བཅིངས་འགྲོལ་ཐོབ་མེད་ལ། གསང་བའི་ཏང་གིས་ད་དུང་ཡོངས་བསྒྲགས་ཀྱི་བྱེད་སྒོ་སྤེལ་བདེ་པོ་མེད། ལས་དོན་སྤེལ་བདེ་པོ་ཡོང་ཆེད་ཏང་གི་མཐའ་སྐོར་རྩ་འཛུགས་ཤིག་འཛུགས་དགོས་ཞེས་གསུངས། ཕུན་ཚོགས་དབང་རྒྱལ་གྱིས་གྲོས་མགོ་བཏོན་པར་ཚང་མས་གྲོས་བསྡུར་གང་ལེགས་བྱས་པར་བརྒྱུད་མཐར་རྩ་འཛུགས་དེར“མདོ་སྨད་དམངས་གཙོ་གཞོན་ནུ་མཉམ་མཐུན”ཞེས་བཏགས་པ་དེའི་བསྡུས་མིང་ལ“མདོ་སྨད་དམངས་གཙོ་གཞོན་ནུ”ཟེར།

མདོ་སྨད་དམངས་གཙོ་གཞོན་ནུ་མཉམ་མཐུན་བྱ་རྒྱུའི་གྲོས་མགོ་འདོན་མཁན་ནི་ཕུན་ཚོགས་དབང་རྒྱལ་ཡིན། རྐང་འཛིན་ཁོངས་མིའི་གྲས་སུ་མཁྱེན་རབ་དང་ཙེང་ཆོས་གྲགས། ཟླ་བ། བློ་བཟང་། མགོན་པོ་རྒྱལ་མཚན་སོགས་ཡོད་པ་རེད། དུས་ཚོད་ཡུན་རིང་མ་འགོར་བ“མདོ་སྨད་དམངས་གཙོའི་གཞོན་ནུའི”ནང་མི70ལྷག་ཙམ་ཞུགས་ཡོད་དེ། ཏང་ཀྲི་པུའུ5སྒྲིག་སྦྱོར་བྱས་ཏེ་མཁྱེན་རབ་ཏང་ཀྲི་པུའུ་ལྔ་པའི་ཀྲི་པུའུ་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས་ཡོད་པ་རེད།

མདོ་སྨད་དམངས་གཙོ་གཞོན་ནུ་མཉམ་མཐུན་ཞེས་པ་བཙུགས་རྗེས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས། དམངས་སེམས་བདེ་འགོད། མང་ཚོགས་དང་གོང་རིམ་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ལ་སྐུལ་སློང་བྱ་རྒྱུའི་ཐད་ལས་ཀ་འབོར་ཆེན་བསྒྲུབས་ནས་འབའ་ཐང་ཞི་བས་བཅིངས་འགྲོལ་བཏང་བར་རྨང་གཞི་གལ་ཆེན་བཏིང་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:གོ་རོ་མ་དང་འབྲེལ་ཡོད་མི་སྣའི་མཛད་རྣམ་མདོར་བསྡུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།