ཆར་རླུང་ཁྲོད་ཀྱི་བརྩེ་དུངས།

མདའ་ཅང་ཤེས།        2021-07-21

ད་ནི་སྙིང་ལ་མུན་པ་འཐིབས་ནས་ཐོན།།

དྲན་པའི་རྨི་ལམ་དག་ཀྱང་ཤར་ནས་ཐོན།།

ཆར་དང་རླུང་གི་འདབ་ཁར་དྲུད་པ་ན།།

ཚེ་རབས་ཀུན་གྱི་བག་ཆགས་སད་པ་འདྲ།།

མི་ལོ་དུ་མར་བརྩེགས་པའི་ངང་སྒུག་འདི།།

དོ་ནུབ་ཆར་བ་བྱང་གི་ཕྱོགས་ནས་སླེབས།།

རླུང་བུ་ཤུགས་ཀྱིས་ལྡང་བའི་སེམས་ངོས་སུ།།

དྲན་པའི་གློག་འོད་རྒྱ་ལམ་ངོགས་སུ་གསལ།།

སྤྲིན་པ་ནག་ཡོར་དང་བཅས་གནམ་ས་སྒྲིབ།།

རི་ཚོགས་སྐྱོ་ངལ་བཅས་ཏེ་མགོ་བོ་དུད།།

རྒྱང་ན་འཕྲུལ་གྱི་རྟ་ཕོ་འདུར་བ་དེ།།

བརྩེ་དུངས་ཆུ་ལ་ཤར་བའི་གཟུགས་ཤིག་རེད།།

ཟླ་བ་སྤྲིན་ལས་གྲོལ་བའི་ནམ་ཚོད་ཅིག།

གྲང་ཤ་ལུས་ལ་ཕོག་པའི་བར་ཐག་ཅིག།

རྐང་བ་འདམ་ལ་འདྲེས་པའི་ཞེན་པ་འདི།།

དོ་ནུབ་གྲོགས་ཀྱི་སྙིང་ལ་མེ་ཡང་འབར།།

དམར་ཐིག་ཉེ་བ་ཉེ་བར་བཅར་བའི་ཚེ།།

སྙིང་གི་ལུ་གུ་ཐང་ནས་ལུས་ཉེན་འདི།།

འཁོར་ཐག་སག་སྒྲ་སག་སྒྲར་ཉན་པའི་ཚེ།།

ཡིད་ཀྱི་རྟ་ཕོ་ཨ་ཐང་ཆད་ལུགས་འདི།།

དོ་ནུབ་གྲོགས་དང་ལྷན་དུ་རྒྱང་ལ་བྱེར།།

དོ་ནུབ་གྲོགས་དང་ལྷན་དུ་མུན་ལ་འཐམས།།

ན་ཚོད་མཉམ་དུ་སྐྱེས་པའི་སྤུན་ཡ་འདིས།།

དར་ཅིག་བརྩེ་བའི་འགྲམ་ཆང་བཏུང་བའི་ཕྱིར།།

དོ་ནུབ་ལུང་བརྒྱད་བསྐོར་བ་ཨེ་ཡིན་ནམ།།

དོ་ནུབ་རྭ་བཞི་བརྒྱུད་པ་ཨེ་ཡིན་ནམ།།

ཆུ་ལ་དམར་ཤ་ལྷག་ཅིག་གསལ་བ་འདི།།

རི་མགོ་སེར་བས་དཀར་ཙམ་ཡིན་པ་འདི།།

ཡིད་སེམས་ཆུ་འཁོལ་བཞིན་དུ་གདུ་ནའང་།།

ཉྭ་སྒང་འཁྱག་དར་བཞིན་དུ་གྲང་ནའང་།།

སླེབས་པའི་རི་རྩེ་དག་ནི་མཐོང་བའི་མོད།།

ཁྱོད་ཀྱི་ལུས་ལ་རྩ་ལྷག་ཨེ་རྒྱས་སམ།།

གང་ལྟར་དོ་ནུབ་འཕྲད་པའི་འཆར་གཞི་འདི།།

ཡང་དག་གྲུབ་པའི་ཁྱོད་ནི་ཨེ་སྤྲོ་བྱུང་།།

ཤར་ན་སྐྱ་རེངས་ཡུན་དུ་བཀྱག་ཚོད་དེ།།

ཕྱིར་ལམ་བང་ལ་བསྲེས་པའི་བརྡ་རྟགས་ཡིན།།

འཕྲུལ་རྟ་འདམ་གྱིས་བརྫུས་པའི་སླེབས་ཚོད་འདི།།

བོད་ལྭ་བརློན་པས་གྲང་འདར་བྱིན་ཚུལ་ཡིན།།

བརྩེ་དུངས་བརྩེ་དུངས་ཞེས་པའི་དྲན་པ་འདི།།

དོ་ནུབ་ཆར་རླུང་བརྒལ་བའི་གཏམ་རྒྱུད་ཡིན།།

ངས་ཀྱང་རི་ཆུས་ཆོད་པའི་ཕ་མཐའ་ན།།

བཞུགས་པའི་མོ་རང་སྙིང་ལ་འཁོར་བྱུང་ཨེ།།

འཛོམས་པའི་ལས་ཀྱི་སྐལ་བཟང་འཆར་བའི་ཕྱིར།།

དོ་ནུབ་ལྟ་བུའི་ཆར་རླུང་བརྒལ་ན་འདོད།།

  • ལེ་ཚན་སྔོན་མ།:ཚིག་ལ་མདུད་པ་རྒྱག་པའི་བརྩེ་སེམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།