འབྲོག་པ།

དགེ་ལུང་དོན་ཉི།        2021-07-21

དྭངས་གཙང་གི་ནམ་མཁའི་མཐོངས་སུ་ཉི་ཟླའི་གཟི་འོད་འབར་ཞིང་། ཡངས་མོ་ས་གཞི་ལ་རྩི་ཤིང་ཚོགས་ཀྱི་དྲི་ཞིམ་གདུ་ལ་སྣ་བརྒྱའི་རྩྭ་དང་མེ་ཏོག་གིས་སྒེག། ཆུ་བོའི་ཤག་སྒྲ་དང་བྱ་བྱིའུ་གྲེ་འགྱུར། སེང་གེ་དང་ཤྭ་བ་སྟག་གཟིག་དོམ་དྲེད་གཡག་དང་འབྲི་བེའུ་ར་ལུག་སོགས་ཀྱིས་རི་བོ་ལྕི་བའི་མཐོ་སྒང་གི་འབྲོག་ཐང་ནི་རང་བྱུང་གི་སྤམ་སྟུག་པའི་ཞི་བདེའི་རྒྱལ་ཁབ་ཅིག།

གཡག་ལུག་གི་རྗེས་སུ་དེད་ཅིང་རང་བྱུང་གི་མཁའ་དབུགས་འཐུང་བའི་འབྲོག་པས། རི་བོ་མཐོན་པོའི་ཟོམ་ནས་སྤྲོ་འཛུམ་གྱི་ཀི་རིང་བཏབ་ལ། མཐའ་ཡས་སྤང་ལྗོངས་ནས་བག་མེད་སོས་དལ་དུ་ལ་གཞས་དང་གཏམ་གྱི་སྒྲ་དི་རི་རི། འབྲོག་པ་ལགས། ཁྱེད་ལ་ཁྲིམས་དང་སྒྲིག་སྲོལ་མི་དགོས། དཔོན་དང་གཡོག་པོ་དེ་བས་མི་མཁོ། འབྲོག་པ་ནི་རང་དབང་གིས་གསོན་ལ། རང་དབང་ནི་བདེ་སྐྱིད་ཀྱི་རྨད་བྱུང་ངོ་།།

མར་དྲི་རྩམ་དྲི་འཐུལ་བའི་ང་ཡི་འབྲོག་པ་ལགས། གད་སྙིགས་དང་འཕྲུལ་ཆས་ཀྱིས་བཟོས་པའི་བཅུད་མེད་ཀྱི་ཟས་དྲི་ཁྱོད་ཀྱིས་བསྣམས་པར་དབེན། ནད་ངན་གྱི་ཚ་གཟེར་དེ་བས་འཆར་བ་ཕྲ། ཁྱོད་ཀྱི་སྣོད་ཁ་ཀུན་ཏུ་ཤ་མར་ཐུད་གསུམ་དང་ཞོ་འོ་ཕྱུར་གསུམ་གྱིས་བཀང་ཞིང་། བསམ་སྦྱོར་གྱི་གྲིབ་སོ་ནག་པོ་ཕྱུང་མྱོང་མེད་དེ། ཁྱོད་ནི་དཀར་བོང་བོང་གི་རི་བོའི་སྒང་གི་ཁ་བའི་འདབ་མ་དེ་མ་ཡིན་ནམ།

ཚན་རྩལ་གྱི་རྦ་རླབས་དགུང་དུ་ལུད་ནས་དཔལ་ཡོན་གྱི་འགྲན་རྩོད་རྒོད་པས་འབྱོར་ཆེན་དང་དཔོན་ཆེན་ཤེས་ཡོན་ཅན་དག་བྲེལ་ཤ་ལངས་ཏེ། འབྱོར་དང་ཤེས་རབ་ཀྱི་སྐ་རགས་དྲག་ཏུ་བཅིངས་པས་སྐེད་པར་ན་ཚ་ཟུག་གཟེར་དུ་གཏོང་བཞིན། ཉིན་གཅིག་ལའང་སེམས་ཁམས་བག་ཕེབས་དཀའ་བའི་དུས་འདིར། འབྲོག་པ་ནི་ཅི་ཡང་མིན་ལ་ཅི་ཡང་ཡིན།འབྲོག་པ་ནི་འབྲོང་གཡག་གི་ངུར་སྒྲ་དང་ལུ་གུའི་འབབ་སྒྲའི་གསེབ་ཏུ། སྦྲ་སྨུག་པོ་ནང་དུ་སྔུར་བ་འཐེན་བཞིན་རྨི་ལམ་གྱི་གསེང་དུ་བྲོས། འདོད་རྔམ་གྱི་འགྲམ་ཆུ་ལྷོད་ཅིང་ཆོག་ཤེས་ཀྱི་སྒལ་ཚིགས་བརྟན། འབྲོག་པ་ལ་དཔང་ཡིག་མེད་ཅིང་ལག་ཁྱེར་ཡང་མེད་ནའང་བདེན་པའི་ཆོས་ཉིད་ཡོད་པས། འབྲོག་པ་ནི་ཆོས་ཉིད་ཀྱིས་གྲུབ་པ་ཞིག་ཡིན་ལ། གཡོ་སྒྱུ་དང་ཁ་ཁོག་འབྲལ་བའི་ངོ་འབག་དེ་བསྒོས་མྱོང་མེད།

མི་དག་གི་རེ་སྙེག་ཉག་གཅིག་ནི་བདེ་སྐྱིད་ཡིན་ཞིང་། བདེ་སྐྱིད་འཚོ་ལུགས་ནི་ཕལ་ཆེར་དབང་དང་གྲགས་པའི་རྗེས་སུ་འགྲོ་ཞིང་། དབང་དང་ཁེ་གྲགས་ཀྱི་ཡོངས་རྩེར་ཟིན་ཚེ་གཟོད་བདེ་སྐྱིད་རྙེད་པར་དམིགས་ནས། མི་ཕན་ཚུན་བར་བཙིར་བརྡར་དང་འཁོན་སེམས་བགྱིས་ཏེ་མི་ཚེའི་མར་མེ་འཇུ་བཞིན་ཡོད་དུས། བདེ་སྐྱིད་ནི་རང་དབང་དང་འདོད་ཆུང་རང་བྱུང་དུ་ཡོད་པ་རྟོགས་མཁན་འབྲོག་པ་ཡིན་ལ། རང་བྱུང་གི་བདེ་སྐྱིད་རོལ་མྱོང་བཏུབ་མཁན་ཡང་འབྲོག་པ་གཅིག་པུ་ཡིན་སྲིད།

གཏན་འཇགས་བགྱི་རོགས། ཁྱིམ་མཚེས་ཀྱི་གློག་འོད་ལ་ཡིད་སྨོན་མ་འཆོར། ལྕི་ཤིང་གི་མེ་ཕུང་སྒྲོན་དང་རྟག་བརྟན་གྱི་བཀྲག་མདངས་འཕྲོ་ངེས། དེ་ཡིས་བདེན་པ་ཡི་བདེ་སྐྱིད་བརྩལ་ཡོང་། ང་ཡི་རྩྭ་ཐང་གི་འབྲོག་པ་ལགས།

  • ལེ་ཚན་སྔོན་མ།:མེས་རྒྱལ་ལ་བསྔགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།