རྫོང་འདིས་མི་མེད་གནམ་གྲུ་སྤྱད་ནས་ཞིང་སྨན་གཏོར་འདུག།

ཨོ་རྒྱན་གྱིས་བསྒྱུར།        2021-07-22

   

རྫོང་འདིས་མི་མེད་གནམ་གྲུ་སྤྱད་ནས་ཞིང་སྨན་གཏོར་འདུག།

    གསེར་རྟ་རྫོང་ཞིང་འབྲོག་གྲོང་གསེབ་དང་ཚན་རྩལ་ཅུས་ཀྱིས་སི་ཁྲོན་ཐའེ་ཝུའུ་ཤིན་ཤིའུ་བདེ་ཐང་སྐྱེ་དངོས་སྲུང་སྐྱོང་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་དང་མཉམ་ལས་བྱས་ནས་མི་མེད་གནམ་གྲུས་ཞིང་སྨན་གཏོར་བའི་ལས་དོན་ཐོག་མར་སྤེལ།

     གསེར་རྟ་རྫོང་ཡངས་མགོ་ཡུལ་ཤོག་ཡར་ཤོག་གྲོང་ཚོར་སི་ཁྲོན་ཐའེ་ཝུའུ་ཤིན་ཤིའུ་བདེ་ཐང་སྐྱེ་དངོས་སྲུང་སྐྱོང་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་དོན་མི་སྣས་མི་མེད་གནམ་གྲུས་ཞོག་ཁོག་འདེབས་འཛུགས་རྟེན་གཞིའི་ནང་ཞིང་སྨན་གཏོར་བའི་ལས་དོན་སྤེལ་བ་རེད། ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མི་མེད་གནམ་གྲུ་གཉིས་ཀྱིས་དུས་གཅིག་ཏུ་ལས་ཀ་བྱེད་ཆོག་པ་དང་གནམ་གྲུ་རེ་རེས་ཉིན་རེར་མུའུ200ཙམ་གྱི་ཞིང་སར་ཞིང་སྨན་གཏོར་ཐུབ་པ་དང་། ཉིན5ཡི་དུས་ཚོད་ནང་ད་ལོར་རྫོང་ཡོངས་ཀྱི་མུའུ2000གི་ཞིང་སར་ཞོག་ཁོག་རྨོས་ཡོད་པ་དེར་ཞིང་སྨན་གཏོར་ཐུབ་པས་སྨན་གཏོར་ལས་ཆོད་མཐོ་རུ་སོང་བ་རེད། དེ་དང་ཆབས་ཅིག་ཞིང་སྨན་དང་རྫས་ལུད་ཚན་རིག་དང་མཐུན་པའི་ངང་སྒྲིག་སྦྱོར་བྱས་རྗེས་མི་མེད་གནམ་གྲུས་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་དང་ལུད་གཏོར་ལས་དོན་ཁག་གཉིས་དུས་གཅིག་ཏུ་སྤེལ་ཆོག་གི་ཡོད་པ་རེད།

      མི་མེད་གནམ་གྲུས་ཞིང་ལས་བྱས་པ་དེས་གསེར་རྟ་རྫོང་གིས་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུ་སྔོན་འགོག་ཚོད་འཛིན་ཐད་ཚད་བརྒལ་གསར་པ་བྱུང་བ་མཚོན་པ་དང་། དེའི་ཐོག་ནས་རྫོང་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཆུ་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་པ་རེད། སྲོལ་རྒྱུན་གྱི་མི་ཐབས་ལ་བརྟེན་ནས་སྨན་གཏོར་བ་དང་བསྡུར་ན། མི་མེད་གནམ་གྲུས་འགོག་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་གཏོང་ཐུབ་པ་དང་། གཏོར་མགོ་དོ་སྙོམས་ངང་གཏོར་ཐུབ་པ་བྱས་ནས་ཞིང་ལས་སྐྱེ་དངོས་རེ་རེའི་ཆ་སྙོམས་ཀྱི་སྨན་ལེན་ཐུབ་པ་དང་ཞིང་ལས་མ་འཇོག་གི་མ་གནས་དམའ་རུ་གཏོང་ཐུབ། སྤྱི་གཉེར་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མི་མེད་གནམ་གྲུས་ཞིང་སྨན་གཏོར་ཆོག་པས་མུའུ་རེ་ལ་ཐོན་སྐྱེད་མ་དངུལ30%དམའ་རུ་གཏོང་ཆོག་པར་མ་ཟད། ལས་ཀ་དེ་བས་བདེ་འཇགས་ལྡན་པ་དང་ཞིང་སྨན་གྱི་སྦགས་བཙོག་ཉུང་དུ་བཏང་ནས་མ་གནས་སྣ་ཚོགས་ནུས་ལྡན་ངང་དམའ་རུ་གཏོང་ཆོག་གི་ཡོད་པ་རེད། གཞན་ཡང་མི་མེད་གནམ་གྲུས་ལས་སྒྲུབ་བྱས་པ་བརྒྱུད་མི་ཐབས་ལ་བརྟེན་ནས་མ་འཇོག་བྱེད་ཚད་ཉུང་དུ་ཕྱིན་ནས་ངལ་རྩོལ་ནུས་ཤུགས་དེ་བས་མང་བ་འཐེན་ཏེ་ཐོན་སྐྱེད་བྱེད་སྒོ་གཞན་སྤེལ་གྱི་ཡོད་པ་རེད།

     རྗེས་མར་གསེར་རྟ་རྫོང་གིས་མི་མེད་གནམ་གྲུའི་ལས་སྒྲུབ་ད་དུང་མུ་མཐུད་ཁྱབ་གདལ་བཏང་ནས་མི་མེད་གནམ་གྲུའི་ལས་སྒྲུབ་ལས་དོན་དེ་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་བཅོས་སྒྲིག་དང་ཞིང་ལས་སྐྱེ་དངོས་ཀྱི་ལུད་འདེབས་ལས་དོན་ཐད་སྤྱོད་རྒྱུར་མ་ཟད། ད་དུང་མི་མེད་གནམ་གྲུ་དེ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་ལུད་གཏོར་ལས་དོན་ནང་སྤྱད་དེ་རྫོང་དེའི་འབྲོག་ལས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད།



  • ལེ་ཚན་སྔོན་མ།:མི་ཉག་ཨ་འབྲུ་ནས་ཀྱི་ཡུལ་སྲོལ་དུས་ཆེན་སྤེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་པོད་ཕྲན་འདི་ལས་ཐོན་པའི་ཡུལ་སྐོར་གྱི་ཕན་འབྲས།
  • དོ་སྣང་ཆེ་བའི་རྩོམ།