གནམ་གང་གི་ཟླ་བ།

གཞི་ཚང་ཟླ་བ་གྲགས་པ།        2021-07-21

ཆོས་ཉིད་ཉི་མས་ཕྱི་ནང་གསལ་བའི་དུས།།

ཁྱོད་ནི་ས་ཚིགས་གང་གི་མགྲོན་པོ་བཞིན།།

ང་ལ་གྱེས་ཕྱག་ཙམ་ཡང་མི་གདེང་བར།།

འདི་ནས་རྒྱང་ལ་བཀྱེད་པའི་རྒྱབ་གཟུགས་སོ།།

སྟོང་པའི་མཁའ་ལ་མུན་ནག་འཚང་བའི་དུས།།

ཁྱོད་རང་གཟུགས་མེད་ཁམས་ཀྱི་ཟླ་བ་བཞིན།།

སྙིང་ཁར་འབྱར་བའི་རྡུལ་དག་འཕྱི་བཞིན་དུ།།

རྫོགས་མཐའ་མེད་པའི་གངས་ཀྱི་དཔལ་ཀུན་སྔོག།

མྱ་ངམ་ཐང་ལ་བྱེ་རླུང་འཚུབ་པའི་དུས།།

འུ་གཉིས་ཐང་གི་དུང་དཀར་ཆ་གཅིག་བཞིན།།

ཉེས་པའི་གཏམ་གྱིས་ནང་སེམས་མ་གཙེས་པར།།

དཀར་ལ་སྣུམ་པའི་བཀྲག་མདངས་སྙིང་དུ་སྡུག།

འཁོར་བའི་མཚན་སྨག་བརྒལ་བའི་ལོ་ཟླའི་ཁྲོད།།

མུན་པའི་རྔམས་ཁ་སྟུག་ཀྱང་མི་འཇིགས་ཏེ།།

བདག་གིས་ཡུན་རིང་རྨིས་པའི་མཚོ་མོའི་ནང་།།

སེམས་ཀྱི་ཟླ་བའི་འོད་ཟེར་འབུམ་ཕྲག་འཁྱིལ།།


  • ལེ་ཚན་སྔོན་མ།:སྐྱེ་དགུའི་བདག་མོ།
  • ལེ་ཚན་རྗེས་མ།:ཚིག་ལ་མདུད་པ་རྒྱག་པའི་བརྩེ་སེམས།