རང་ཁུལ་གྱིས་ཏོག་གསར་གློ་རིམས་འགོག་ཟོན་ཐད་བཏང་བའི་བརྡ་ཐོ་ཛ་དྲག་མ།

        2021-07-30

རང་ཁུལ་གྱིས་ཏོག་གསར་གློ་རིམས་འགོག་ཟོན་ཐད་བཏང་བའི་བརྡ་ཐོ་ཛ་དྲག་མ།


   སྤྱི་ཟླ7ཚེས29ཉིན་ལ་དཀར་མཛེས་ཁུལ་གྱི་ཏོག་གསར་གློ་རིམས་ལ་ཁ་གཏད་འཇལ་བའི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གོང་ཚེས་ཉིན་ལ2021ལོའི་ལོ་སྟོད་ཀྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་ཀྱི་བཀོད་གཏོང་ཚོགས་འདུ་དང་ཏོག་གསར་གློ་རིམས་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས49པའི་ཐོག་ད་ཆའི་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་དང་ཛ་དྲག་ཆེ་བའི་རིམས་ཚུལ་འགོག་ཟོན་གྱི་དུས་བབ་ལ་དམིགས་ནས་ཁུལ་ཡོངས་ཀྱི་རིམས་ཚུལ་འགོག་ཟོན་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་ཡག་པོ་བྱས་ཏེ་བླང་བྱ་གསལ་པོ་བཏོན་པ་རེད།དཀར་མཛེས་ཁུལ་གྱི་ཏོག་གསར་གློ་རིམས་ལ་ཁ་གཏད་འཇལ་བའི་བཀོད་འདོམས་པུའུ་ཡིས《ཏོག་གསར་གློ་རིམས་འགོག་ཟོན་ལས་དོན་ལ་སྔར་བས་ཤུགས་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་ཛ་དྲག་མ》པར་འགྲེམས་བྱས་པ་རེད།


དཀར་མཛེས་ཁུལ་གྱི་ཏོག་གསར་གློ་རིམས་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་ད་ཆའི་ཏོག་གསར་གློ་རིམས་འགོག་ཟོན་ལས་དོན་ལ་སྔར་བས་ཤུགས་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་ཛ་དྲག་མ།

  

   རྫོང(གྲོང་ཁྱེར)ཁག་གི་ཏོག་གསར་གློ་རིམས་ལ་ཁ་གཏད་འཇལ་བའི་བཀོད་འདོམས་པུའུ་དང་།ཁུལ་བཀོད་འདོམས་པུའུ་ཡི་ཁོངས་མིའི་སྡེ་ཁག། ཁུལ་རིམ་པའི་སྡེ་ཚན་ཁག། ཞིང་ཆེན་ཁོངས་གཏོགས་སྲིད་འཛིན་ཁེ་ལས་དོན་ལས་སྡེ་ཚན།ཁུལ་ཁོངས་གཏོགས་ཁེ་ལས་དོན་ལས་སྡེ་ཚན་བཅས་ལ།

   ད་ཆའི་རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་རིམས་འགོག་ཟོན་གྱི་དུས་བབ་རྙོག་འཛིང་ཆེ་བ་དང་ཛ་དྲག་པོར་དམིགས་ཏེ། ཞིང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་བཀོད་འདོམས་པུའུ་བཅས་ཀྱི་ཉེ་དུས་རིམས་ཚུལ་འགོག་ཟོན་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་མགྱོགས་མྱུར་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འགོག་ཟོན་བྱ་ཐབས་ཁག་སྔར་བས་དོན་འཁྱོལ་བྱས་ཏེ་ཕྱི་ནས་མཆེད་པ་ནན་འགོག་དང་ནང་ནས་བསྐྱར་དུ་ལོག་པ་ནན་འགོག་ཅེས་པའི་རིམས་ཚུལ་འགོག་ར་སྲ་ཞིང་བརྟན་པ་བཟོ་བའི་ཆེད་དུ།ད་ལྟ་འབྲེལ་ཡོད་དོན་བརྡ་ཐོ་བཏང་བ་གཤམ་གསལ།


   གཅིག  ཕྱོགས་ཁག་གི་འགན་འཁྲི་ཁྱོན་ཡོངས་ནས་དམ་འཁྱོལ་ནན་འཁྱོལ་བྱ་དགོས། རིམ་ཁག་བཀོད་འདོམས་པུའུ་ཡིས་བཀོད་འདོམས་མ་ལག་མགྱོགས་མྱུར་འཁོར་སྐྱོད་ཐུབ་པ་བྱས་ནས་གཅིག་བསྡུས་ཀྱིས་གཞུང་དོན་བསྒྲུབ་པ་དང་། ཆུ་ཚོད24རིང་ལས་རེས་ལས་སྲུང་། ཉིན་རེར་བཀོད་གཏོང་དང་ཉིན་རེར་སྙན་སེང་ཞུ་བའི་ལམ་ལུགས་བཅས་མཐའ་འཁྱོངས་བྱ་དགོས་ཤིང་།མགོ་ཁྲིད་གཙོ་བོས་རང་ནས་བཀོད་གཏོང་དང་སྐུལ་འདེད། ལྟ་སྐུལ་བཅས་བྱ་དགོས། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་འགན་ལེན་རྫོང(གྲོང་ཁྱེར)གི་འགན་འཁྲི་ལག་བསྟར་ནན་པོ་བྱས་ནས་འབྲེལ་གཏུག་བྱ་ཡུལ་གྱི་རྫོང(གྲོང་ཁྱེར)གིས་གནད་ལ་སྨིན་བའི་སྒོ་ནས་རིམས་ཚུལ་འགོག་ཟོན་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ་ཆེ་ས་ནས་སྐུལ་འདེད་གཏོང་བ་དང་རྗེས་ཤུགས་བརྒྱབ་ནས་མཐར་འབྲས་ཐོན་པར་བྱ་དགོས།  རྫོང(གྲོང་ཁྱེར)ཁག་གིས་གཏོགས་ཁོངས་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབ་དགོས་པ་དང་། ཕྱི་རྒྱལ་ནས་ཡོང་བ་དང་རྒྱལ་ནང་གི་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཡོང་བའི་མི་སྣར་ཚགས་བཤེར་བྱ་རྒྱུའི་དོ་དམ་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། རིམས་ཚུལ་གྱི་གནས་བབ་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། འགོག་ཟོན་གྱི་ཐབས་ཇུས་དང་བྱ་ཐབས་ཞིབ་ཕྲ་ཏན་ཏིག་སྤྱད་དགོས། ཁུལ་རིམ་པའི་ལས་རིགས་སྡེ་ཚན་ཁག་གིས་གཙོ་གཉེར་འགན་འཁྲི་དོན་འཁྱོལ་བྱས་ཏེ་ལས་རིགས་རང་དང་ཁོངས་གཏོགས་རང་གི་ཁྱད་ཆོས་དང་འཚམ་པའི་རིམས་ཚུལ་འགོག་ཟོན་ལག་རྩལ་ཇུས་གཞི་བཟོས་ནས་འགོག་ཟོན་བྱ་ཐབས་ཀྱི་དམིགས་སའི་རང་བཞིན་ཆེ་རུ་གཏང་དགོས་པར་མ་ཟད། ཉིན་ལྟར་ཁུལ་བཀོད་འདོམས་པུའུ་ལ་ལས་རིགས་དེའི་ཁོངས་གཏོགས་ཀྱི་རིམས་ཚུལ་འགོལ་ཟོན་གྱི་གནས་ཚུལ་སྙན་སེང་ཞུ་དགོས། ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན་གྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་དགོས་ཤིང་།རིམས་ཚུལ་འགོག་ཟོན་ཐད་ཀྱི་ཡོད་པ་ལྔ(རིམས་ཚུལ་འགོག་ཟོན་གྱི་ཕྱོགས་སྟོན་ཡོད་པ་དང་། འགོག་ཟོན་གྱི་དོ་དམ་ལམ་ལུགས་དང་འགན་འཁྲི་མ་སྣ་ཡོད་པ།འགོག་སྲུང་གི་དངོས་རྫས་གྲབས་གསོག་འོས་འཚམ་ཡོད་པ། ཁོངས་གཏོགས་ཀྱི་སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས་ཀྱི་ཁྲིད་སྟོན་དང་རྒྱབ་སྐྱོར་ཡོད་པ།ལོགས་སུ་བཀར་ས་དང་སྤོ་སྐྱེལ་བཀོད་སྒྲིག་གི་གྲ་སྒྲིག་ཡོད་པ་བཅས་སོ།།)ཡི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་། ཆེད་མངགས་མི་སྣས་སྡེ་ཚན་དེ་གའི་རིམས་ཚུལ་འགོག་ཟོན་ལས་དོན་ལ་འགན་འཁུར་ཞིང་།ལས་བྱེད་ལས་བཟོའི་ཉིན་རེའི་ལུས་པོའི་དྲོད་ཚད་དང་ནད་རྟགས་སོགས་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་ཅིང་།ཉིན་ལྟར་ཁོངས་གཏོགས་སྤྱི་ཁུལ་ལ་ལས་བྱེད་ལས་བཟོའི་ཕྱིར་བསྐྱོད་ལོ་རྒྱུས་དང་བདེ་ཐང་གི་གནས་ཚུལ་སྙན་སེང་ཞུ་བ། བདེ་ཐང་རྒྱུན་ལྡན་མིན་པའི་མི་སྣ་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་དུ་འགྲོ་བར་ལྟ་སྐུལ་བྱ་དགོས།ཡུལ་ཤོག་དང་གྲོང་རྡལ(ཁྲོམ་གཞུང་དང་། གྲོང་སྡེ། སྤྱི་ཁུལ། དགོན་སྡེ་བཅས)གྱིས་ཡོད་པ་ལྔ་དང་དྲྭ་མིག་ཅན་གཅིག་དང་འགན་གཙང་ལེན་ལམ་ལུགས་རིམ་པ་ལྔ།འགན་ལེན་གཅིག་ཅན་ལྔ། སྡེ་ཁུལ་གྱི་དཔོན་པོ།གླིང་ཁུལ་གྱི་དཔོན་པོ། ས་ཚུགས་ཀྱི་དཔོན་པོ། ཁང་དཔོན། དགོན་དཔོན་སོགས་ཀྱི་ལམ་སྲོལ་དོན་འཁྱོལ་བྱ་དགོས་ཤིང་། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་ཆ་འཕྲིན་སྙན་ཞུར་ཤུགས་བརྒྱབ་སྟེ་སྔ་ཙམ་སྔོན་འགོག་དང་། སྔ་ཙམ་ཤེས་རྟོགས། སྔ་ཙམ་ལོགས་བཀར། སྔ་ཙམ་ནས་སྨན་བཅོས་བཅས་མཐའ་གཅིག་ཏུ་བྱ་དགོས། མི་སྒེར་གྱིས་རང་ངོས་ཀྱི་བདེ་ཐང་འགན་འཁྲི་བ་ཨང་དང་པོ་ཡག་པོ་བྱས་ནས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་ཁ་ཤུབས་རྒྱག་པ་དང་། འདུ་འཛོམས་མི་བྱེད་པ། དུག་སེལ་ཧུར་ཐག་བྱེད་པ། ལུས་པོའི་དྲོད་ཚད་འཇལ་བ། ཚད་གཉིས་ཨང་རྟགས་བཤེར་བ་དང་བཤེར་ཨང་སྟོན་པ་སོགས་ཀྱི་འགོག་ཟོན་བྱ་ཐབས་དོན་འཁྱོལ་བྱ་དགོས།ལས་བྱེད་པ་དང་ལས་བཟོ་པས་གུང་གསེང་གཏོང་རིང་རྒྱལ་མཚམས་ཕྱིར་མི་འགྲོ་བ་དང་རྒྱལ་ནང་གི་རིམས་ཚུལ་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་མི་འགྲོ་བ་བྱ་དགོས།

   གཉིས། གཙོ་གནད་མི་སྣར་ཚགས་བཤེར་དང་དོ་དམ་བྱ་རྒྱུར་ཤུགས་རྒྱག་དགོས། རྫོང(གྲོང་ཁྱེར)དང་སྡེ་ཚན་ཁག་དང་ལྷག་པར་དུ་ཡུལ་ཤོག(གྲོང་རྡལ་དང་ཁྲོམ་གཞུང)དང་། གྲོང་སྡེ་ཚོ་ཆུང་།(སྤྱི་ཁུལ་དང་།སྡེ་ཁུལ། དགོན་སྡེ)བཅས་ཀྱིས་དྲྭ་མིག་ཅན་གྱི་ཚགས་བཤེར་དོ་དམ་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་དགོས་ཤིང་། སྔོན་རྗེས་གཉིས་ནས་ཐུན་མོང་ཐོག་ཤུགས་རྒྱག་རྒྱུ་དང་། དན་གྲངས་ཆེན་མོའི་ལག་རྩལ་དང་ཡུལ་དངོས་ཞིབ་བསྡུར་བཅས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།ཚགས་བཤེར་དང་དོ་དམ་མ་ཁེབས་ས་མེད་པར་བྱ་དགོས། རྒྱལ་ནང་དུ་ས་གནས་དེ་རང་ལ་ནད་གཞི་ཐོན་ཡོད་ཀྱང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དབྱེ་འབྱེད་གཏན་འཁེལ་བྱས་མེད་པའི་སྐབས་སུ། ཉིན14ནང་རིམས་ནད་ཐོན་སའི་རྫོང(གྲོང་ཁྱེར་དང་ཆུས)དུ་གནས་སྡོད་བྱེད་པའི་ལོ་རྒྱུས་ཡོད་པའི་ཁུལ་ནས་འགྲོ་འོང་བྱེད་པའི་མི་སྣར་སྤྱི་ཁུལ་དང་འགྲིམ་འགྲུལ་འགག་སྒོ་ནས་ཚགས་བཤེར་བྱེད་ཅིང་། དེ་དག་ལ་ཆུ་ཚོད48ནང་ཚུན་དུ་ཉིང་སྐྱུར་བཤེར་འཇལ་གྱི་ནད་དུག་མེད་པའི་སྙན་ཞུ་མཁོ་འདོན་བྱ་རུ་འཇུག་དགོས་པ་དང་། མཁོ་འདོན་བྱེད་མི་ཐུབ་མཁན་གྱིས་ཆུ་ཚོད24ཡི་ནང་ཚུན་ལ་ཉེ་འགྲམ་དུ་ཉིང་སྐྱུར་བཤེར་འཇལ་བྱ་ཐུབ་དགོས་པའི་བླང་བྱ་འདོན་དགོས། བཤེར་འཇལ་བྱས་འབྲས་ལ་ནད་དུག་མེད་པ་ཡིན་ན་སྤྱི་ཁུལ་གྱི་དོ་དམ་བྱེད་ཁོངས་སུ་བཅུག་ནས་བདེ་ཐང་ལྟ་ཞིབ་ཚད་ལེན་བྱས་ཏེ་ནད་ཡམས་ཐོན་ཁུལ་ནས་བྲལ་ཏེ་ཉིན14མ་ལོན་བར་དུ་བྱ་དགོས། རིམས་ནད་ཐོན་ཁུལ་ཉེན་ཁ་ཆེ་བའི་ས་ཁུལ་དུ་དབྱེ་འབྱེད་བྱས་རྗེས། རྫོང(གྲོང་ཁྱེར)ཁག་གིས་ཞིང་ཆེན་དང་ཁུལ་གྱི་དན་གྲངས་འོས་སྦྱོར་ལྟར་ཆུ་ཚོད24ཡི་ནང་ས་ཁོངས་ཀྱི་གཞོགས་འདེགས་ཞིབ་བཤེར་དང་ཨང་རྟགས་དམར་པོའི་མི་སྣར་ཚགས་བཤེར་དང་དོ་དམ་བྱས་འབྲས་ལེགས་སྒྲུབ་བྱས་ཏེ་གོང་ཞུ་བྱ་དགོས། ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་རང་ཁུལ་བར་འགྲོ་འོང་བྱེད་མཁན་ལ་ཉིན14རིང་གི་ཁྱིམ་སྡོད་ལོགས་སུ་བཀར་བའི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཁྱིམ་སྡོད་ལོགས་བཀར་གྱི་ཆ་རྐྱེན་མི་འཛོམས་པར་གཅིག་བསྡུས་ཀྱིས་ལོགས་སུ་དགར་དགོས།  ལོགས་སུ་བཀར་བའི་དུས་རིམ་ནང་ཉིན་གསུམ་རེའི་ནང་དུ་སྣ་དང་གྲེ་བའི་ཕྱི་བྱེད་ཀྱི་ཉིང་སྐྱུར་བཤེར་འཇལ་ཐེངས་གཅིག་རེ་བྱ་རྒྱུ་དང་། ལོགས་བཀར་ལས་འཁྲོལ་དུས་ཉིས་སྒྲུག་ཉིས་བཤེར་བྱ་དགོས།

   གསུམ། ཕྱི་རྒྱལ་ནས་ཁུལ་དུ་འགྲོ་ཡོང་བྱེད་མཁན་ལ་དོ་དམ་ནན་པོ་བྱ་དགོས། ཕྱི་རྒྱལ་ནས་ཁུལ་དུ་འགྲོ་ཡོང་བྱེད་མཁན་ལ(ཁྲིམས་དང་འགལ་ནས་རྒྱལ་ནང་དུ་འོང་མཁན་འདུས་ཡོད)“14+7+7”གྱི་བདེ་ཐང་དོ་དམ་བྱ་ཐབས་དང་ཉིང་སྐྱུར་བཤེར་འཇལ་གྱི་བླང་བྱ་ལག་བསྟར་བྱ་དགོས། རྒྱལ་ནང་དུ་ཐོན་ནས་ལོགས་བཀར་ཉིན14བྱས་རྗེས་དམིགས་སའི་བཀོད་འདོམས་པུའུ་ཡིས་ཆེད་མི་དང་ཆེད་འཁོར་མངགས་ནས་ཕྱི་རོལ་དང་འབྲེལ་འདྲིས་མེད་པར་བསུ་སྐྱེལ་བྱས་ཏེ་ཉིན་བདུན་ལ་གཅིག་བསྡུས་ཀྱིས་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པ་དང་། བསུ་སྐྱེལ་གྱི་ཉིན་མོ་དང་ཉིན་བདུན་པ་སོ་སོར་ཉིང་སྐྱུར་བཤེར་འཇལ་ཐེངས་རེ་བྱ་དགོས་ལ། དེའི་ནང་གི་ཉིན་བདུན་པར་ཉིས་སྒྲུག་ཉིས་བཤེར་བྱེད་ཅིང་དགོས་ངེས་ཡོད་སྐབས་གཟུགས་བརྙན་རིག་པས་ཞིབ་བཤེར་བྱ་དགོས། གཅིག་བསྡུས་ཀྱིས་བདེ་ཐང་ལྟ་ཞིབ་ཚད་ལེན་གྱི་དུས་ཚོད་ཚང་རྗེས་ཉིན་བདུན་རིང་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་བྱ་དགོས་ལ། སྔ་ཕྱི་དྲོར་གཟུགས་པོའི་དྲོད་ཚད་འཇལ་བ་དང་ནད་རྟགས་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ལྟ་ཞིབ་ཚད་ལེན་བྱེད་རིང་ཕྱིར་མི་སྐྱོད་པར་མ་ཟད། ཁྱིམ་སྡོད་ལྟ་ཞིབ་ཚད་ལེན་མཇུག་མ་འགྲིལ་གོང་གི་ཉིན་དང་པོར་ཉིང་སྐྱུར་བཤེར་འཇལ་ཐེངས་རེ་བྱ་དགོས། ཁུལ་བཀོད་འདོམས་པུའུ་ཡི་ཕྱི་དོན་ལས་དོན་ཚོ་ཆུང་གིས་རྒྱལ་ཁོངས་སུ་ཞུགས་པའི་འགག་སྒོ་དང་སྤྱི་བདེ་སོགས་སྡེ་ཚན་དང་། དེ་བཞིན་ཁོངས་གཏོགས་རྫོང(གྲོང་ཁྱེར)བར་ཆ་འཕྲིན་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁོངས་སུ་ཞུགས་པའི་མི་སྣ་ཕྱི་རོལ་དང་འབྲེལ་འདྲིས་མེད་པར་བསུ་སྐྱེལ་བྱ་རྒྱུའི་བླང་བྱ་མཐུན་སྦྱོར་ངང་དོན་འཁྱོལ་བྱེད་པ་དང་། དམིགས་སའི་རྫོང(གྲོང་ཁྱེར)དང་ས་ཚུགས་ནས་ས་ཚུགས་བར་འབྲེལ་མཐུད་ཡག་པོ་བྱས་ནས་རྒྱལ་ཁོངས་སུ་ཞུགས་པའི་མི་སྣ་དོ་དམ་ལས་མི་འདའ་བ་དང་མི་ལུས་པ་བྱ་དགོས། སྤྱི་བདེ་དང་ཕྱི་དོན་སོགས་སྡེ་ཚན་གྱིས་ཁྲིམས་འགལ་ངང་རྒྱལ་ཁོངས་སུ་ཞུགས་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་དང་མགྱོགས་པོ་གཏང་དགོས། ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་དོན་ལས་སྡེ་ཚན། ཞིབ་འཇུག་ཁང་སོགས་ཀྱིས་ཕྱི་རྒྱལ་གྱི་མི་སྣ་སྒྲིག་འཛུགས་བྱས་ནས་ཁུལ་དུ་ཚན་ཞིབ་དང་། ཚོང་དོན། འཚམས་འདྲི་སོགས་སྤེལ་རེས་བྱེད་སྒོ་སྤེལ་བར་ཡོང་སྐབས་ངེས་པར་དུ་རྒྱལ་ཁོངས་ནང་མ་ཞུགས་གོང་བྱེད་སྒོ་སྤེལ་ཡུལ་གྱི་རིམས་ཚུལ་འགོག་ཟོན་བཀོད་འདོམས་པུའུ་ལ་ཆོག་མཆན་ཞུ་དགོས།

   བཞི། གཙོ་གནད་བྱེད་སྒོ་སྤེལ་ཡུལ་གྱི་བྱེད་སྒོར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏང་དགོས། རྫོང(གྲོང་ཁྱེར)དང་སྡེ་ཚན་ཁག་གིས་ལྗོངས་ཁུལ་དང་།ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། སྨན་བཅོས་ལས་ཁུངས། རྒན་གསོ་ལས་ཁུངས།ལྟ་སྐུལ་དོ་དམ་གནས་ཡུལ། གནམ་ཐང་དང་རླངས་འཁོར་བབས་ཚུགས་སོགས་གཙོ་གནད་ཁུལ་དང་། མགྲོན་ཁང་། ཡུལ་མིའི་གནས་ཚང་། བཟའ་བཏུང་ཁང་། ཟ་ཁང་། ཚོང་ར་དང་སྒོ་རྩིས་ཚོང་ཁང་། ཚོགས་རའི་འགྲེམས་ཁང་། རོལ་རྩེད་ཁང་སོགས་ཀྱི་ཁང་པའི་ནང་གི་མི་སྣར་གཟུགས་པོའི་དྲོད་ཚད་ཞིབ་བཤེར་དང་། ཉེན་མེད་བཤེར་ཨང་སྟོན་པ་དང་ཨང་རྟགས་བཤེར་བ། ཁ་ཤུབས་རྒྱག་པ། འབྲེལ་འདྲིས་ཀྱི་བར་ཐག་བཞག་པ་སོགས་ཀྱི་འགོག་ཟོན་བྱ་ཐབས་དོན་འཁྱོལ་ནན་པོ་བྱ་དགོས། བྱེད་སྒོ་གལ་ཆེན་ལ་དོ་དམ་དང་ཚོད་འཛིན་བྱ་རྒྱུར་ཤུགས་རྒྱག་པ་དང་། ཉེ་དུས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་མང་ཚོགས་རང་བཞིན་གྱི་རྟེན་འབྲེལ་དགའ་སྟོན་མཛད་སྒོ་དང་། གཅིག་བསྡུས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ། དམངས་སྲོལ་བྱེད་སྒོ། གཅིག་བསྡུས་རང་བཞིན་གྱི་འགྲེམས་ཚོང་བྲིན་ཚོང་སོགས་ཀྱི་བྱེད་སྒོ་གནས་སྐབས་སྤེལ་མཚམས་གཞག་དགོས། ར་བའི་གསོལ་སྟོན་མི་གཉེར་བ་དང་།  གསོལ་སྟོན་ལ་མི10ལས་མི་བརྒལ་བ། གཉེན་སྟོན་ཕྱིར་འགྱངས་དང་། འདས་མཆོད་སྟབས་བདེར་བཟོ་བ། གསོལ་མགྲོན་མི་གཉེར་པ་བཅས་དར་སྤེལ་གཏང་དགོས། རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན་གྱིས་ངེས་པར་དུ་ཚོགས་འདུ་ཆེ་གྲས་དང་བྱེད་སྒོ་ཆེ་གྲས་ལ་ཚོད་འཛིན་ནན་པོ་བྱས་ཏེ། གཞི་ཁྱོན་ཆེ་བའི་དྲྭ་ཕྱིའི་ཚོགས་འདུ་དང་། གསོ་སྦྱོང་། བགྲོ་གླེང་། གླེང་སྟེགས། ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་མི་འཚོག་པ་དང་མི་གཉེར་བ། སྒྲིག་འཛུགས་མི་བྱེད་པ་བཅས་བྱ་རྒྱུ་དང་། དངོས་གནས་སྤེལ་དགོས་ཚེ་ངེས་པར་དུ་ཞིབ་མཆན་ནན་པོ་བཀོད་ནས་སུས་གཙོ་གཉེར་བྱས་ན་དེས་འགན་འཁུར་བའི་རྩ་དོན་ལ་ནན་པོར་གཞིགས་ཏེ་སྒྲིག་འཛུགས་དང་སྒྲུབ་གཉེར་བྱེད་མཁན་སྡེ་ཚན་གྱིས་འགོག་ཟོན་ཇུས་གཞི་བཟོ་བ་དང་།རིམས་འགོག་གི་བྱེད་པོའི་འགན་འཁྲི་འཁུར་དགོས།འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་རླངས་འཁོར་བབས་ཚུགས་དང་གནམ་ཐང་སོགས་སུ་ཉེན་མེད་ཨང་རྟགས་སྟོན་པ་དང་། རྩ་གཉིས་ཨང་བརྟག་བཤེར་བ། དྲོད་ཚད་འཇལ་བ། དུག་སེལ་བ། མཁའ་རླུང་ཡངས་པ་སོགས་ཀྱི་འགོག་ཟོན་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱ་དགོས་པ་དང་། ཁ་ལོ་བ་དང་འགྲུལ་པ་ཚང་མས་བརྒྱུད་རིམ་ཧྲིལ་པོར་ཁ་ཤུབས་རྒྱག་དགོས་པར་མ་ཟད། འགྲིམ་འགྲུལ་གནས་ཚུལ་དང་།འགྲོ་སྐྱོད་མང་ཤོས། ལམ་འཚང་ཆེ་ས། ཁག་བགོས་ནས་སྐོར་སྐྱོད་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་དགོས། རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་ལྗོངས་ཁུལ་དང་ལྗོངས་གནས། ཡུལ་སྐོར་ལས་དོན་ཁང་ལ་རིམས་ཚུལ་འགོག་ཟོན་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱ་དགོས་པའི་སྐུལ་མ་བྱ་དགོས་ཤིང་།སྒྲིག་འཛུགས་ཧུར་ཐག་བྱས་ནས་ཡུལ་སྐོར་ལམ་ཐིག་ལེགས་པར་གཏོང་བ་དང་། ཡུལ་སྐོར་བར་ལམ་སྣེ་ཁྲིད་བཤང་ཡག་པོ་བྱས་ཏེ་མི་སྣ་འདུ་འཛོམས་མི་ཡོང་བར་བྱ་དགོས། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་ཆོས་ལུགས་བྱེད་སྒོ་སྤེལ་ས་དང་གྲྭ་བཙུན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། རིམ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་གྱིས་བརྟག་དཔྱད་ཐོག་མའི་འགན་འཁུར་ལམ་ལུགས་དང་། སྔོན་བཤེར་ཁག་བགོས་སྨན་བཅོས། ཚ་རྒྱས་སྡོད་བརྟག་བཅས་ཀྱི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱ་དགོས་ཤིང་། ནད་པ་ཚང་མར་ནད་ཡམས་རིག་པའི་ཐད་ཀྱི་བརྟག་དཔྱད་ཡག་པོ་བྱས་ཏེ་ལྟ་ཞིབ་ཚད་ལེན་གྱི་ཚོར་སྐྱེན་རང་བཞིན་ཆེ་རུ་བཏང་ནས་དོགས་གཞི་ཡོད་པའི་ནད་པ་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱས་ཏེ་སྨན་ཁང་ནང་ལ་འགོས་ནད་མི་ཐོན་པའི་འགན་ལེན་བྱ་དགོས།

   ལྔ། རིམས་ཚུལ་ལ་ཕྱོགས་མང་ལྟ་ཞིབ་ཚད་ལེན་རྒྱུན་མཐུད་དེ་བྱ་དགོས། རྫོང(གྲོང་ཁྱེར)དང་སྡེ་ཚན་ཁག་གིས《དཀར་མཛེས་ཁུལ་གྱི་ཏོག་གསར་གློ་རིམས་ལྟ་ཞིབ་ཚད་ལེན་ལག་རྩལ་ཇུས་གཞིའི(2021ལོའི་བཟོ་བཅོས་པར་གཞི)》ཡི་བླང་བྱ་ལྟར་མི་དང་། དངོས་པོ། ཁོར་ཡུག་བཅས་ལ་ལྟ་ཞིབ་ཚད་ལེན་མུ་མཐུད་དེ་བྱ་དགོས། ནང་འདྲེན་འཁྱག་འབྲེལ་ཟས་རིགསདང་། སྤྱོད་མགོ་ཚུགས་པའི་ལོགས་བཀར་བྱ་ཡུལ། སྨན་བཅོས་ལས་ཁུངས་ཀྱི་ཚ་རྒྱས་སྒོ་བསྟེན་ཁང་དང་ལོགས་སུ་བཀར་བའི་ནད་ཁུལ། གནམ་ཐང་དང་རླངས་འཁོར་བབས་ཚུགས་སོགས་ཉེན་ཁ་ཆེ་བའི་ལས་གནས་ཐོག་གི་ལས་གཉེར་མི་སྣ་དང་དེ་བཞིན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ཀྱི་ཁ་ལོ་བ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱི་ལས་ཡུལ་དང་པོའི་ལས་དོན་མི་སྣ་བཅས་ལ་གཟའ་འཁོར་རེར་ཚང་མར་ཉིང་སྐྱུང་བཤེར་འཇལ་བྱེད་དུ་འཇུག་དགོས། སྨན་བཅོས་ལས་ཁུངས་ཀྱི་ལས་དོན་མི་སྣ་གཞན་དག་དང་། རིམས་ནད་ཚོད་འཛིན་ལས་ཁུངས་ཀྱི་ནད་དུག་བརྟག་དཔྱད་ཚད་ལེན་བྱེད་མཁན་དང་། ལྟ་སྐུལ་དོ་དམ་བྱ་ཡུལ། རྒན་གསོ་ལས་ཁུངས་ཀྱི་ལས་དོན་མི་སྣ། དགོན་སྡེའི་དོ་དམ་མི་སྣ།ཞིང་ཞོར་ཉོ་ཚོང་ཁྲོམ་ར། སྒོ་རྩིས་ཚོང་ཁང་། ཕྱིར་ཚོང་བྱེད་མཁན། སྦྲག་སྲིད། མྱུར་སྐྱེལ།གཙང་སྦྲ་སོགས་ཞབས་ཞུའི་ལས་རིགས་དང་དེ་བཞིན་ངལ་རྩོལ་འདུས་ཚད་ཆེ་བའི་ལས་ཞུགས་མི་སྣ་བཅས་ལ་གཟའ་འཁོར་རེར་དཔེ་འཐེན་ཞིབ་བཤེར་བྱ་དགོས། ནང་འདྲེན་འཁྱག་འབྲེལ་ཟས་རིགས་ཀྱི་ཕྱིའི་ཐུམ་སྒྲིལ་ཚན་འབོར་རེར་ཉིང་སྐྱུར་བཤེར་འཇལ་་བྱ་དགོས། སྨན་བཅོས་ལས་ཁུངས་དང་། ལོགས་སུ་བཀར་ས། ཞིང་ཞོར་ཐོན་རྫས་ཁྲོམ་ར།འཁྱག་འབྲེལ་ཟས་རིགས། སྦྲག་སྲིད་མྱུར་སྐྱེལ་སོགས་འབྲེལ་ཡོད་བྱེད་སྒོ་སྤེལ་ཡུལ་དུ་དུས་བཀག་ནང་ཁོར་ཡུག་གི་དཔེ་འཐེན་ཉིང་སྐྱུར་བཤེར་འཇལ་བྱ་རྒྱུ།ནང་འདྲེན་གྱི་འཁྱག་འབྲེལ་ཟས་རིགས་དང་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་འཁྱག་འབྲེལ་མིན་པའི་དོས་སྒམ་དངོས་ཟོག་ལ་ནད་དུག་དཔེ་འཐེན་ཞིབ་བཤེར་ཁྱོན་ཡོངས་ལ་ཁྱབ་པ་དང་། མ་དཔེ་ཡོངས་ལ་ཞིབ་བཤེར་ཚད་ལེན། ཐུམ་སྒྲིལ་ལ་ཁྱོན་ཡོངས་ནས་དུག་སེལ་བ། ཚོང་ཟོག་ཚང་མའི་ཁུངས་འདེད་པ།མི་སྣ་ཡོངས་ལ་དོ་དམ་བྱེད་པ་བཅས་ཀྱི་བྱ་ཐབས་ལྔ་དོན་འཁྱོལ་ནན་པོ་བྱས་ཏེ།ངེས་པར་དུ་ནང་འདྲེན་བྱ་དགོས་རིགས་ལ་ངེས་པར་དུ་ནང་འདྲེན་དང་། ཞིབ་བཤེར་བྱ་དགོས་རིགས་ལ་ངེས་པར་དུ་ཞིབ་བཤེར་བྱེད་པ། མེད་པ་བཟོ་དགོས་རིགས་ངེས་པར་དུ་མེད་པ་བཟོ་བ་བཅས་འགན་ལེན་ཐུབ་པ་དོན་ཐོག་ནན་འཁྱོལ་བྱ་དགོས།ཚ་བ་རྒྱས་པའི་སྒོ་བསྟེན་ཁང་དང་སོ་ལྟ་སྨན་ཁང་ཕུད། དེ་མིན་སྒེར་གྱི་སྨན་ཁང་དང་། སྨན་ཚོང་ཁང་། གྲོང་ཚོ་འཕྲོད་བསྟེན་ཁང་བཅས་ཀྱིས་ཚ་བ་རྒྱས་པའི་ནད་པར་སྨན་བཅོས་བྱེད་མི་ཆོག། ཚ་བ་རྒྱག་པ་དང་གློ་ལུ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་པའི་ནད་པར་དངོས་མིང་ཐོ་འགོད་དང་ཚད་གཞི་ལྡན་པའི་ངང་ཉར་ལྟ་བྱས་ཏེ། ཁོངས་གཏོགས་ཀྱི་བཀོད་འདོམས་པུའུ་ཡི་འགོག་ཟོན་ཚོ་ཆུང་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པར་མ་ཟད། སྨན་ཁང་གཞན་དུ་སྨན་བཅོས་བྱེད་པར་འགྲོ་རྒྱུར་གཞོགས་འདེགས་བྱ་དགོས། གྲོང་སྡེའི་སྨན་ཚོང་ཁང་དང་གྲོང་སྡེའི་འཕྲོད་བསྟེན་ཁང་གིས་ཚ་བ་འཇགས་པའི་སྨན་དང་དེ་བཞིན་ལུ་བ་འཇགས་སྨན་གནས་སྐབས་འཚོང་མཚམས་གཞག་དགོས།

   དྲུག། ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་ཚད་མགྱོགས་སུ་གཏང་དགོས། མང་ཉུང་ཟུང་འབྲེལ་དང་མང་ས་གཙོས་པའི་རྩ་དོན་ལྟར། ཁུལ་རིམ་པས་གཅིག་གྱུར་འཆར་འགོད་དང་།རྫོང་(གྲོང་ཁྱེར་)གིས་འགན་འཁྲི་གཙོ་བོ་ཁུར་བ། སྡེ་ཚན་དང་ཡུལ་ཤོག(གྲོང་རྡལ་དང་ཁྲོམ་གཞུང་)གིས་སྒྲིག་འཛུགས་བྱེད་པ།ལས་རིགས་སྡེ་ཁག་གིས་སྐུལ་སྤེལ་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་ཏེ། རིམས་འགོག་སྨན་ཁབ་རྒྱག་རྒྱུ་དེ་རིམས་ནད་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་ཏུ་བརྩིས་ཤིང་། གཏོགས་ཁོངས་ཀྱི་འགན་འཁྲི་དང་ལས་རིགས་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། རིམས་འགོག་སྨན་ཁབ་རྒྱག་པའི་ལག་བསྟར་ཇུས་གཞི་ཞིབ་ཚགས་སུ་བཏང་སྟེ་ཡུལ་ཤོག་དང་། གྲོང་ཚོ། དུད་ཚང་། མི་རེ་རེ་བཅས་སྐུལ་སློང་བྱེད་པ་དང་། རྒན་པ་དང་བྱིས་པའི་འགག་རྩའི་ཚོགས་སྤྱི་གཉིས་མངོན་གསལ་དོད་པོར་བྱས་ནས་གོ་སྐབས་བཟང་པོ་དམ་འཛིན་གྱིས་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ནུས་ཤུགས་ཡོད་རྒུས་མགྱོགས་སུ་བཏང་སྟེ་སྤྱི་ཟླ10ཚེས15ཉིན་གྱི་གོང་ལ་ཁུལ་གྱིས་གཤམ་བསྒྲགས་བྱས་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱ་དགོས།ཉིན་རེའི་བཀོད་གཏོང་དང་། གཟའ་འཁོར་རེར་བརྡ་ཁྱབ། ཟླ་རེར་དཔྱད་ཞིབ་བཅས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་།བཅའ་སྡོད་མཛུབ་སྟོན་དང་ས་ཁོངས་སྐོར་སྐྱོད་མཛུབ་སྟོན་ཟུང་དུ་སྦྲེལ་ནས་སྐུལ་འདེད་དང་ཁྲིད་སྟོན་བྱེད་པར་ཤུགས་རྒྱག་དགོས། གཟའ་འཁོར་གཉིས་བསྟུད་མར་འཕེལ་རིམ་གྱི་ཨང་རིམ་མཇུག་གི་ཨང་ལྔ་པ་ནང་ཚུད་ཡིན་པའི་རྫོང(གྲོང་ཁྱེར)ལ་ཁུལ་བཀོད་འདོམས་པུའུ་ཡི་མགོ་ཁྲིད་ཀྱིས་ཁག་བགོས་དོ་དམ་གྱི་མགོ་ཁྲིད་དམ་ཡང་ན་མགོ་ཁྲིད་གཙོ་བོར་འདྲི་མོལ་བྱ་རྒྱུ་དང་།གཟའ་འཁོར་གསུམ་བསྟུད་མར་འཕེལ་རིམ་གྱི་ཨང་རིམ་མཇུག་གི་ཨང་ལྔ་པ་ནང་ཚུད་ཡིན་པའི་རྫོང(གྲོང་ཁྱེར)ལ་ཁུལ་སྲིད་གཞུང་ལྟ་ཞིབ་ཁང་གིས་ཡིག་ཐོག་ནས་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱ་རྒྱུ་དང་། ཟླ་གཅིག་བསྟུད་མར་ཨང་རིམ་མཇུག་གི་ཨང་ལྔ་པའི་ནང་ཚུད་ཡིན་ཞིང་དུས་བཀག་ལྟར་ལས་འགན་འགྲུབ་མི་ཐུབ་པའི་རྫོང(གྲོང་ཁྱེར)ལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་འགན་འཁྲི་བདའ་འདེད་དང་འགན་འདྲི་ནན་པོ་གཏོང་བ་དང་འབྲེལ་དམིགས་ཚད་ལས་ཕྱོད་དཔྱད་ཞིབ་ནན་པོ་བྱས་ནས་མཇུག་འབྲས་ལག་ལེན་བསྟར་ཤུགས་ཆེ་རུ་གཏང་དགོས།

   བདུན། འཚུབ་བསྟུན་ཐག་གཅོད་ཀྱི་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བྱ་དགོས། རྫོང(གྲོང་ཁྱེར)ཁག་གིས་ནམ་དུས་དང་འཐབ་དུས་ཟུང་དུ་སྦྲེལ་བའི་རྩ་དོན་གཞིར་བཟུང་ནས།སྨན་བཅོས་ལ་མཁོ་བའི་འགོག་སྲུང་དངོས་རྫས་དང་། ཉིང་སྐྱུར་བཤེར་འཇལ་གྱི་ཚོད་ལྟའི་ཟད་གྲོན་རྒྱུ་ཆ།མ་དཔེ་འཚོལ་བསྡུའི་ཟད་གྲོན་རྒྱུ་ཆ། དངོས་དཔེའི་སྐྱེ་དངོས་ཉེན་མེད་སྐྱེལ་འདྲེན་གྱི་སྒྲིག་ཆས། མྱུར་སྐྱོབ་སྨན་རྫས་དང་དབུགས་ལམ་གྱི་ནད་བཅོས་སྨན་རྫས་བཅས་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་ནས་ཉིན30ལ་ཡོངས་སུ་འཁོར་སྐྱོད་ཐུབ་པ་དང་ཉིན5ནས7བར་ལས་བཟོ་ཡོངས་ལ་ཉིང་སྐྱུར་གདམ་གསེས་ཞིབ་བཤེར་ཐུབ་པའི་བླང་བྱ་འགན་ལེན་བྱ་དགོས།ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པར་གཅིག་བསྡུས་ལོགས་བཀར་ས་གནས་འཛུགས་དགོས་པ་དང་། རྫོང་(གྲོང་ཁྱེར་)རེས་ཁང་པ300ལས་མི་ཉུང་བའི་གཅིག་བསྡུས་ལོགས་བཀར་ཁང་པ་གྲ་སྒྲིག་བྱ་དགོས།རྒྱུན་གྲབས་ལས་དོན་ཚོ་ཆུང་གིས་རིམས་ཚུལ་འགོག་ཟོན་གྱི་ཇུས་གཞི་དང་འཚུབ་བསྟུན་སྔོན་ཇུས་ཀྱི་བླང་བྱ་གཞིར་བཟུང་ནས་བཀའ་སྒུག་པའི་རྣམ་པ་རྒྱུན་འཁྱོངས་ཀྱིས་འཚུབ་བསྟུན་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བྱ་དགོས།

   བརྒྱད། དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏང་དགོས། རིམས་ནད་འགོག་ཟོན་ཤེས་བྱ་དང་འགོག་ཟོན་གནས་བབ་དྲིལ་བསྒྲགས་བྱེད་པར་ཤུགས་བསྣན་ཞིང་། ཐབས་ལམ་སྣ་ཚོགས་བརྒྱུད་དེ་རིམས་ཚུལ་འགོག་ཟོན་གྱི་དྲན་སྐུལ་བྱེད་པ་དང་། རྒྱ་ཆེ་བའི་མང་ཚོགས་ལ་རིམས་ཚུལ་འགོག་ཟོན་ལས་དོན་ནང་ཞུགས་ཤིང་རྒྱབ་སྐྱོར་བྱེད་པ་དང་། འགོག་ཟོན་གྱི་བླང་བྱ་ཁག་ལ་དང་ལེན་དང་གཞོགས་འདེགས་བྱེད་པ། མི་སྣ་འགྲོ་སྐྱོད་དང་འདུ་འཛོམས་ཉུང་དུ་གཏོང་བ།འདུ་འཛོམས་ཀྱི་བྱེད་སྒོ་སྒྲིག་འཛུགས་མི་བྱེད་པ་དང་དེའི་ནང་མི་ཞུགས་པ། ཁ་ཤུབས་རྒྱག་པ་དང་། ལག་པ་འཁྲུ་བ། མཁའ་རླུང་ཡངས་པོར་བཟོ་བ། འདུ་འཛོམས་ཉུང་བ། བར་ཐག་སྨི་གཅིག་བཞག་པ། སྤྱི་སྤྱོད་ཐུར་མ་སྤྱོད་པ་སོགས་ཀྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་ཆགས་པར་སྣེ་ཁྲིད་བྱ་དགོས། རྒྱལ་ནང་དུ་ས་གནས་དེ་རང་ནས་རིམས་ནད་ཐོན་སྐབས་རྫོང(གྲོང་ཁྱེར)ཁག་གིས་ངེས་པར་དུ་བདེ་ཐང་དྲན་སྐུལ་ཁྱབ་བསྒྲགས་བྱ་དགོས། རིམས་ནད་ཐོན་ཁུལ་གྱིས་ཏོག་གསར་གློ་རིམས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་གཏན་འབེབས་ལག་བསྟར་བྱས་ནས་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ཡ་ལན་བསློག་དགོས།

   དགུ། འགོག་ཟོན་ལས་ཀའི་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱ་དགོས། རྫོང(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་གིས་མཐིལ་ཚད་ཀྱི་བསམ་བློ་བརྟན་པོ་བཅངས་ནས་དུས་དང་རྣམ་པ་ཀུན་ཏུ་རིམས་ཚུལ་འགོག་ཟོན་གྱི་རྩ་བ་དེ་དམ་པོར་བཟུང་སྟེ་ལྷོད་གཡེང་བསམ་བློ་དང་། དམག་འཐབ་ལ་ཞེན་པ་ལོག་པ། སྟེས་དབང་གི་བསམ་པ། ཐང་ཆད་པའི་བསམ་བློ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་གྲ་སྒྲིག་ཚགས་ཚུད་བྱས་ནས་མཐའ་གཅིག་ཏུ་ནན་འགོག་ནན་སྲུང་བྱ་དགོས། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་ཁྲིད་ཕྱོགས། ཕན་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་སྐྱོན་ཆ་རྩད་གཅོད་དང་།ཞན་ཆ་གསབ་པ། ཉེན་ཁ་འགོག་ཟོན་བཅས་བྱེད་ཅིང་ལྷག་པར་དུ་ཞིང་ཆེན་དང་ཁུལ་གྱིས་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཐད“རྩིས་ཐོ་ལམ་ལུགས་དང་དུས་བཀག་ལམ་ལུགས། དུས་བཀག་ནང་བསྒྲུབས་ཐུབ་པའི་ལམ་ལུགས”བཅས་ཟུང་དུ་འབྲེལ་བའི་བླང་བྱ་དོན་འཁྱོལ་བྱས་ནས་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བྱ་དགོས།ཆ་འཕྲིན་སྙན་ཞུ་ཚད་ལྡན་དུ་གཏོང་བ་དང་སྙན་སེང་ཞུ་རིམ་ནན་དུ་བཏང་ནས་ཆ་འཕྲིན་དུས་ཐོག་ཏུ་གནད་ལ་འཁེལ་པོས་སྙན་སེང་ཞུ་དགོས། ཁུལ་བཀོད་འདོམས་པུའུ་ཡིས་ཆེད་དོན་ལྟ་ཞིབ་ཚོ་ཆུང་བཏང་ནས་རིམས་ཚུལ་འགོག་ཟོན་ལས་དོན་གྱི་བླང་བྱ་གསར་ཤོས་ལ་གཞིགས་ནས“མིན་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་ནས་ས་གནས་ཁག་གིས་གཙོ་གནད་མི་སྣར་ཚགས་བཤེར་དང་དོ་དམ་ཚོད་འཛིན་དང་། རྒྱུན་རྣམ་ཅན་གྱི་འགོག་ཟོན་བྱ་ཐབས། རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་གནས་ཚུལ་སྤེལ་སྟངས་ལ་ལྟ་ཞིབ་བྱས་ཏེ་གཞི་རིམ་དང་མཉམ་དུ་གནད་དོན་ཤེས་རྟོགས་དང་།གནད་དོན་ཞིབ་འཇུག། གནད་དོན་ཐག་གཅོད་བཅས་བྱ་དགོས།  འགོག་ཟོན་གོ་ཆོད་པོར་མིན་པ་དང་ཡང་ན་ཁྲལ་སེལ་སླ་བཅོས་བྱེད་རིགས་ལ་ཆད་གཅོད་ནན་པོ་བྱ་དགོས།གཅིག་བསྡུས་རང་བཞིན་གྱི་རིམས་ནད་ཐོན་པར་འགན་འཁྲི་བདའ་འདེད་དང་འགན་འདྲི་མཐའ་གཅིག་ཏུ་གཏང་དགོས།

 

དཀར་མཛེས་ཁུལ་ཏོག་གསར་གློ་རིམས་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ནས།

2021ལོའི་ཟླ་བ7ཚེས29ཉིན་ལ།


  • ལེ་ཚན་སྔོན་མ།: གཞན་ཕན་དོན་གཉེར་གྱི་རིག་གནས་པ།། ལས་ལམ་གསར་གཏོད་ཀྱི་དཔེ་སྟོན་པ།།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སྤྱི་ཁྱབ་ཆུ་དཔོན་གྱི་ཚང་འཛོམས་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།