དམག་དམངས་བར་ཉ་ཆུའི་བརྩེ་བ་ལྟར་ཟབ་པའི་དུས་རབས་ཀྱི་གླུ་དབྱངས་བླངས།

ཀུན་དགའ་བསམ་གཏན་གྱིས་བསྒྱུར་ཞུས་བྱས།        2021-07-29

དམག་དམངས་བར་ཉ་ཆུའི་བརྩེ་བ་ལྟར་ཟབ་པའི་དུས་རབས་ཀྱི་གླུ་དབྱངས་བླངས།

གླུའི་མིང་།

《གོས་འཁྲུད་གླུ།》

གླུ་ཚིག།


སུས་ངེད་ཚོ་ཡར་ལངས་སུ་བཅུག།

སུས་ངེད་ཚོ་བཅིངས་འགྲོལ་བཏང་།

གཉེན་ཉེ་བཅིངས་འགྲོལ་དམག་མི་རེད།

མགོན་སྐྱབས་གུང་ཁྲན་ཏང་ཉིད་རེད།

དགའ་ལ་ཡར་འགྲོ་རོགས་དགའ་ལ་ཡར་འགྲོ་སོ།

དམག་དམངས་ཁྱིམ་ཚང་གཅིག་ལྟར་ཡིན།

ངེད་ཚོའི་གཉེན་ཉེར་གོས་ཤིག་འཁྲུད།

སུས་ངེད་ཚོར་གཞུང་ལམ་བསྐྲུན།

སུས་ངེད་ཚོར་ཟམ་པ་བཙུགས།

གཉེན་ཉེ་བཅིངས་འགྲོལ་དམག་མི་རེད།

མགོན་སྐྱབས་གུང་ཁྲན་ཏང་ཉིད་རེད།

དགའ་ལ་ཡར་འགྲོ་རོགས་དགའ་ལ་ཡར་འགྲོ་སོ།

དམག་དམངས་ཁྱིམ་ཚང་གཅིག་ལྟར་ཡིན།

ངེད་ཚོའི་གཉེན་ཉེར་གོས་ཤིག་འཁྲུད།

ང་ཚོའི་འཚོ་བ་འཕོ་འགྱུར་བྱུང་།

ང་ཚོའི་བདེ་སྐྱིད་ཟད་རྒྱུ་མེད།

གཉེན་ཉེ་བཅིངས་འགྲོལ་དམག་གི་བཀའ་དྲིན་རེད།

མགོན་སྐྱབས་གུང་ཁྲན་ཏང་གི་བཀའ་དྲིན་རེད།

དགའ་ལ་ཡར་འགྲོ་རོགས་དགའ་ལ་ཡར་འགྲོ་སོ།

དམག་དམངས་ཁྱིམ་ཚང་གཅིག་ལྟར་ཡིན།

ངེད་ཚོའི་གཉེན་ཉེར་གོས་ཤིག་འཁྲུད།


གླུ་གཞས་བརྩམས་པའི་ལོ་རྒྱུས།

   1964ལོར་གསར་རྩོམ་བྱས་པའི《གོས་འཁྲུད་གླུ》འདི་ནི་མིང་དེ་དང་མཚུངས་པའི་ཟློས་གར《གོས་འཁྲུད་གླུ》ཡི་བརྗོད་བྱ་མཚོན་བྱེད་ཀྱི་གླུ་གཞས་ཡིན་ཞིང་། གླུ་འདི་གསར་རྩོམ་བྱས་པའི་ཐད་ལོ་བཅུ་ལྷག་རིང་ལ་གྲ་སྒྲིག་བྱས་ཡོད་པ་རེད།

   བོད་ལྗོངས་བཅིངས་འགྲོལ་གཏོང་སྐབས་ཕྱོགས་གཅིག་ནས་དཔུང་འཇུག་བྱས་པ་དང་ཕྱོགས་གཅིག་ནས་གཞུང་ལམ་བསྐྲུན་པའི་འཐབ་འཛིང་ཁྲོད། བཀས་བཀོད་རྒྱུད་འཛིན་གྱི་ལྕགས་སྒྲོག་ཐལ་བ་རྡུལ་དུ་བརླགས་ནས་དམངས་གཙོ་བསྒྱུར་བཅོས་ཀྱི་ཉིན་མོ་མངོན་འགྱུར་བྱུང་བའི་ཁྲོད་མཐའ་མཚམས་སུ་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་བྱེད་སྐབས། བཅིངས་འགྲོལ་དམག་དང་བོད་རིགས་མི་དམངས་བར་ཉ་ཆུ་ལྟ་བུའི་མཛའ་བརྩེ་ཟབ་མོ་ཆགས་ཡོད། 《གོས་འཁྲུད་གླུ》ཡི་རྩོམ་པ་པོ་ལི་ཅུན་ཁྲེན་གྱིས་བརྗེད་ཐབས་བྲལ་བའི་ལོ་ཟླ་འདི་དག་དངོས་སུ་བརྒྱུད་ཡོད་པར་བརྟེན། ཁོ་ལ་མྱོང་ཚོར་ཟབ་མོ་ཆགས་ཡོད་མོད། འོན་ཀྱང་དེའི་སྐབས་སུ་དེར་འཚམ་གྱི་རྣམ་པའི་ཐོག་ནས་དེ་མཚོན་བྱེད་ཀྱི་བརྗོད་གཞི་མ་རྙེད་པ་རེད།

   1963ལོའི་ལོ་མཇུག་ལ། ལྷ་སའི་མི་དམངས་ཚོས་བཅིངས་འགྲོལ་དམག་ལ་གོས་དང་ཉལ་ཆས་འཁྲུད་རོགས་བྱས་པའི་རྣམ་པ་ལི་ཅུན་ཁྲེན་གྱི་མཐོང་ལམ་དུ་མངོན་ཡོད། སེམས་འགུལ་ཐེབས་པའི་ཡུལ་དངོས་འདི་ནས་ལི་ཅུན་ཁྲེན་ལ་གསར་རྩོམ་བྱས་པའི་བློ་སྒོ་འབྱེད་མཐར། འཕྲལ་མ་ཉིད་ནས་ཟིན་བྲིས་གནད་བསྡུའི་ནང་སུས་ངེད་ཚོ་ཡར་ལངས་བཅུག། སུས་ངེད་ཚོ་བཅིངས་འགྲོལ་བཏང་། གཉེན་ཉེ་བཅིངས་འགྲོལ་དམག་མི་རེད།སུས་ངེད་ཚོར་གཞུམ་ལམ་བསྐྲུན།ཟམ་པ་བཙུགས། ལོ་ཏོག་བརྔ།ཁང་གསར་བཀབ་ལ་སོགས་པའི་ཞི་དུལ་གོ་བདེ་ལ་བརྩེ་བ་ལྡན་པའི་ཐ་སྙད་འདི་དག་གིས་གཞས་གདངས་རྩོམ་པ་པོ་ལུའོ་ཉན་དབྱིའི་ཡིད་དབང་བཀུགས་པར་བརྟེན། ཁོས་ཐ་སྙད་འདི་དག་གླུ་ཚིག་ལ་བཀོད་ནས་དམག་དམངས་ཚོའི་ཉན་དགའ་ཡོད་པའི《གོས་འཁྲུད་གླུ》ལ་གཞས་གདངས་བརྩམས།


རྩོམ་པ་པོ་དང་གླུ་འདི་ཐོག་མར་ལེན་མཁན།

  《གོས་འཁྲུད་གླུ》ཡི་གླུ་ཚིག་རྩོམ་པ་པོ་ལི་ཅུན་ཁྲེན1935ལོའི་སྤྱི་ཟླ5པར་སྐྱེས། པེ་ཅིང་གི་མི་ཡིན་ཞིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྩོམ་སྒྲིག་པ་དང་ཀྲུང་གོའི་གླུ་གར་མཁས་ཅན་མཐུན་ཚོགས་ཀྱི་ཁོངས་མི་ཡིན། ལོ་ན13ཐོག་ནས་གླུ་གར་ཆེད་སྦྱོང་གི་བྱ་བ་སྒྲུབ་མགོ་བརྩམས། ལོ་ན15ཡི་ཐོག་ཀྲུང་གོ་གསར་པའི་ཚན་པ་དང་པོའི་བོད་སྐྱོད་ཀྱི་བུད་མེད་རིག་རྩལ་དམག་མི་བྱས་ནས་རྐང་ཐང་དུ་བོད་ལྗོངས་སུ་བསྐྱོད་ཡོད། ལོ་ན28ཐོག། མིང་གྲགས་ཐོབ་པའི་ཟློས་གར《གོས་འཁྲུད་གླུ》བརྩམས་པ་རེད།

   གཞས་གདངས་རྩོམ་པ་པོ་ལུའོ་ཉན་དབྱི་ནི་སི་ཁྲོན་ཧའོ་ཅང་གི་མི་ཡིན་ཞིང་། 1949ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནང་ཞུགས། དམག་དཔུང་རིག་རྩལ་ཚོགས་པའི་བཀོད་འདོམས་པ། བོད་ལྗོངས་དམག་ཁུལ་གྱི་ཆབ་སྲིད་པུའུ་ཡི་རིག་རྩལ་ཚོགས་པའི་གསར་རྩོམ་པ། གསར་རྩོམ་ཚོ་ཆུང་གི་མགོ་འཛིན་གཞོན་པ།རོལ་ཆ་རུ་ཁག་གི་བཀོད་འདོམས་པ་དང་སྒྱུ་རྩལ་ཁྲིད་སྟོན་པ་གཅིག་ལྕོགས། ཀྲུང་གོ་རོལ་དབྱངས་མཐུན་ཚོགས་ཀྱི་སྐབས་གསུམ་པ་དང་བཞི་པའི་ལས་འཛིན་པ།བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་ལས་འགན་རིམ་ཁུར་བྱས་མྱོང་། 1979ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། གསར་རྩོམ་བྱས་པར་ཞུགས་པའི《གོས་འཁྲུད་གླུ》ལ1964ལོར་དམག་ཡོངས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་གསུམ་པའི་ཐོག་ཆེས་ཕུལ་བྱུང་གི་རྩོམ་སྒྲིག་འཁྲབ་ཁྲིད་པའི་བྱ་དགའ་སོགས་བྱ་དགའ་རིགས་བཞི་རག་ཡོད།

  བོད་ལྗོངས་དམག་ཁུལ་གྱི་གླུ་གར་ཚོགས་པས་ཐེངས་དང་པོར་འཁྲབ་པ་དང་། འཁྲིད་ལེན་པ་སི་ཞན་ཝེན་དང་ཧྲེན་ཁྲུང་ཀའོ་རྣམ་གཉིས་ཡིན་པ་རེད།


   དཀར་མཛེས་ཁུལ་ནི་གསར་བརྗེའི་གཞི་ཚུགས་ས་ཡིན་ཞིང་། གསར་བརྗེའི་རིག་གནས་དེ་དག་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མི་དམངས་དམག་དཔུང་བར་མཐའ་གཅིག་ཏུ་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་དང་། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པར་སྐུལ་ཁྲིད་བྱེད་བཞིན་ཡོད།


དམག་དམངས་བར་ཉ་ཆུའི་བརྩེ་བ་ལྟར་ཟབ་པའི་དུས་རབས་ཀྱི་གླུ་དབྱངས་བླངས།

ཀྲང་མིང་ཧྭ་ཡིས“ཏང་ནང་བཞུགས་ནས་ལོ50འཁོར་བའི་གཟི་བརྗིད”དྲན་གསོའི་རྟགས་མ་བཏགས།


   2020ལོའི་ཟླ་སྤྱི7པའི་ཚེས9ཉིན་ལ་སི་ཁྲོན་ཞིང་ཆེན་གྱི་གཉིས་བཀུར་དཔེ་བཟང་མིང་བཏགས་གཟེངས་བསྟོད་ཚོགས་ཆེན་དེ་ཁྲེང་ཏུའུ་རུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་དམག་ཁུལ་བཅས་ཀྱིས་རང་ཁུལ་ལ་སི་ཁྲོན་ཞིང་ཆེན་གྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གྱི་མཚན་སྙན་དང་། ལྕགས་ཟམ་དང་རོང་བྲག། ལི་ཐང་།སེར་ཤུལ་བཅས་རྫོང་བཞིར་སི་ཁྲོན་ཞིང་ཆེན་གྱི་གཉིས་བཀུར་དཔེ་སྟོན་རྫོང་གི་མཚན་སྙན། བརྒྱད་ཟིལ་རྫོང་ས་ལྔ་ལུང་ཡུལ་ཤོག་ཐང་སྒང་གྲོང་སྡེའི་ཡུལ་མི་ཀྲང་མིང་ཧྭ་ལ་སི་ཁྲོན་ཞིང་ཆེན་གྱི་རྒྱལ་གཅེས་དམག་བཀུར་དཔེ་བཟང་གི་མཚན་སྙན། སི་ཁྲོན་ཞིང་ཆེན་གྱི་གཉིས་བཀུར་ལས་དོན་མགོ་ཁྲིད་ཚོ་ཆུང་གིས་དར་མདོ་གྲོང་ཁྱེར་ལ་སི་ཁྲོན་ཞིང་ཆེན་གྱི་གཉིས་བཀུར་སྔོན་ཐོན་གྲོང་ཁྱེར་གྱི་མཚན་སྙན།འབའ་ཐང་དང་ཕྱག་ཕྲེང་།བརྒྱད་ཟིལ་།སྡེ་དགེ།ཉག་ཆུ། གསེར་ཐར་བཅས་ལ་སི་ཁྲོན་ཞིང་ཆེན་གྱི་གཉིས་བཀུར་སྔོན་ཐོན་རྫོང་གི་མཚན་སྙན། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན།ཁུལ་དམག་ཞབས་ནས་འཐེན་པའི་དམག་མིའི་ལས་དོན་ཅུས་སོགས་ལས་ཁུངས་དགུར་སི་ཁྲོན་ཞིང་ཆེན་གྱི་དམག་བཀུར་ཁྱིམ་སྐྱོང་གི་སྔོན་ཐོན་ལས་ཁུངས་ཀྱི་མཚན་སྙན། ཀྲང་ཏུང་རུང་དང་ཀུའོ་ཏུའུ་ཕིང་།ཁྲུན་ལེན་སོགས་མི8ལ་སི་ཁྲོན་ཞིང་ཆེན་གྱི་དམག་བཀུར་ཁྱིམ་སྐྱོང་གི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་བཅས་སྤྲད་ཡོད།

   མཚན་སྙན་དེ་དག་ནི་རང་ཁུལ་གྱི་ཉེ་བའི་ལོ་ཤས་རིང་ཐོག་མཐའ་བར་གསུམ་དུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་འཇུག་པ་དང་ཁ་བྲལ་ཐབས་མེད་ཅིང་།དམག་བཀུར་ཁྱིམ་སྐྱོང་བྱ་རྒྱུ་དེ་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་པ་དང་།དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་།གཅིག་སེམས་གཅིག་འབྲེལ་བཅས་ཀྱི་དམག་སྲིད་བར་དང་དམག་དམངས་བར་གྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་བཏང་ཡོད།དམག་བཀུར་ཁྱིམ་སྐྱོང་གི་བྱེད་སྒོ་གཏིང་ཟབ་སྤེལ་ནས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་།དམག་དམངས་བར་བྲག་རྡོ་ལྟར་བརྟན་པ་དང་ཉ་ཆུ་ལྟར་གཅིག་ལ་གཅིག་བརྟེན་གྱི་མཛའ་གྲོགས་ཟབ་མོ་བཙུགས་ཡོད། དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་དུས་རབས་གསར་པའི་གླུ་དབྱངས་སྐད་གསང་མཐོན་པོས་བླངས་ཡོད། དམག་དཔུང་དང་ས་གནས་བར་ཕན་ཚུན་རྒྱབ་སྐྱོར་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བཅས་བྱས་ནས་དམག་དམངས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པའི་ལེའུ་གསར་པ་ཞིག་བརྩམས་ཡོད།

ཀ། མཐུན་སྒྲིལ་ཕོ་ལོག་ནང་གི་དམག་དམངས་བར་གྱི་བརྩེ་བ།

   སྤྱི་ཟླ6པའི་ཚེས20ཉིན་ལ་སྤྲོ་སྣང་ཆེན་པོས་འབའ་ཐང་དུ་སྐྱོད་ཅེས་པའི་རིག་རྩལ་མཉམ་སྤྲོའི་འདུ་ཚོགས་འབའ་ཐང་རྫོང་ཀྲུང་ཧྲན་ཐང་ཆེན་དུ་གཉེར་ཡོད། ཉིན་དེར་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་མང་ཚོགས་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ2000ལྷག་ལྟད་མོར་ཞུགས་ཡོད།

འབའ་ཐང་སློབ་འབྲིང་གི་དམའ་རིམ་སློབ་འབྲིང་དང་པོའི་སློབ་མ་ཞའོ་ལིན་གྱིས་གསར་འགོད་པར་ངའི་སྤོ་བོ་ལགས་ནི་ཏང་ལོ40ལྷག་ལ་ལོན་པའི་ལས་བྱེད་པ་རྒན་གྲས་ཤིག་ཡིན། ང་ཆུང་དུས་སུ་སྤོ་བོ་ལགས་ཀྱིས་ང་ལ་དམར་དམག་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་སྐྱོད་སྐབས་ང་ཚོའི་འབའ་ཐང་བརྒྱུད་པའི་གཏམ་རྒྱུད་བཤད་པར་མ་ཟད། གོས་འཁྲུད་གླུ་ཞེས་པའི་གླུ་གཞས་དེ་ང་ལ་སློབ་བྱུང་། ད་ཆ་གླུ་དེ་ཐོས་མ་ཐག་ངས་སྤོ་བོ་ལགས་དྲན་པ་དང་། མཐུན་སྒྲིལ་ཕོ་ལོག་གི་འབྱུང་ཁུངས་ཀྱང་དྲན་གྱི་འདུག་ཅེས་བཤད།

   མཐུན་སྒྲིལ་ཕོ་ལོག་ནི་འབའ་ཐང་རྫོང་གི་ཁྱད་ཆོས་ཟས་རིགས་ཤིག་ཡིན་ཞིང་།1950ལོའི་སྤྱི་ཟླ6པའི་ཟླ་མཇུག་ཏུ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་བོད་བསྐྱོད་ལྷོ་རྒྱུད་སྔོན་སྐྱོད་ཡན་ལག་རུ་ཁག་འབའ་ཐང་དུ་འབྱོར་སྐབས། ས་ཆ་གང་དུ་སླེབས་ནའང་སྒྲིག་ཁྲིམས་དམ་ཞིང་གནོད་པ་སྤུ་ཙམ་ཡང་མི་བྱས་པ་རེད། འབའ་ཐང་རྫོང་ཨུ་དང་རྫོང་དམག་དོན་འཐུས་མིའི་དོན་གཅོད་ཁང་གིས་མདོ་སྨད་དམངས་གཙོ་གཞོན་ནུའི་མནའ་མཐུན་གྱི་ཁོངས་མི་དང་། སློབ་ཆུང་སློབ་མ།མི་དམངས་མང་ཚོགས། དགོན་སྡེའི་དགེ་འདུན་པ་སོགས་མི་བརྒྱ་ལྷག་སྒྲིག་འཛུགས་བྱས་ནས་དགའ་བསུ་ཞུས་པ་དང་། བུད་མེད་ཚོས་འབའ་ཐང་གི་ཁྱད་ཟས་སྤྲིན་རུབ་བཟོས་ཏེ་དམར་དམག་གི་དཔོན་དམག་ཚོར་སྣེ་ལེན་བྱ་རྒྱུ་བྱས་ཀྱང་། ཁྱིམ་སྤྱོད་ཀྱི་མོག་ཕྲུ་ཆུང་བས་སྤྲིན་རུབ་ཆུང་ཞིང་གྲངས་འབོར་ཉུང་བར་བརྟེན། དམག་མི་ཚོས་སྤྲིན་རུབ་འདང་ངེས་ཤིག་ཟ་ཐུབ་ཆེད། བུད་མེད་ཚོས་མོག་ཕྲུ་ཆེན་པོ་གཡར་ནས་སྤྲིན་རུབ་ཀྱང་སྔར་ལས་ཆེ་བར་བཟོས་རྗེས་དམག་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱད་པ་དང་། དེ་ལས་དམག་དམངས་བར་གྱི་ཉ་ཆུ་ལྟ་བུའི་བརྩེ་དུང་མཚོན་ཡོད་ཅིང་དུས་དེ་ནས་བཟུང་སྤྲིན་རུབ་ཆེན་པོ་དེར་མཐུན་སྒྲིལ་ཕོ་ལོག་ཅེས་པའི་མིང་ཐོགས་པ་རེད།

   རྒྱ་རིགས་དམག་དཔོན་ཀྲང་ཆིང་ལ་མཚོན་ན་མཐུན་སྒྲིལ་ཕོ་ལོག་ལ་བརྩེ་བ་དེ་བས་ཟབ་མོ་ཞིག་ཆགས་ཡོད། ཀྲང་ཆིང་ནི་ཨན་ཧུའེ་ནས་འོང་བ་དང་།1994ལོར་དམག་དཔུང་ནང་ཞུགས་ཡོད། དེ་རྗེས་དམག་དཔོན་སློབ་གྲྭར་རྒྱུགས་འཕྲོད་ཡོད་ཅིང་། སློབ་གྲྭ་ནས་ཐོན་རྗེས་ཁྲོན་བོད་ལམ་རྒྱུད་ཀྱི་དམག་ཚུགས་ཁག་ཏུ་ལས་ཀ་ཡུན་རིང་བྱས་ཡོད། གངས་ཅན་མཐོ་སྒང་དེ་ཁོང་གི་ཕ་ཡུལ་གཉིས་པར་གྱུར་ཡོད་ལ་བོད་རིགས་སྤུན་ཟླའང་ཁོང་གི་གཉེན་ཉེ་དགའ་ཤོས་སུ་གྱུར་ཡོད། 2003ལོར་ཀྲང་ཆིང་དང་ཁོང་གི་བཟའ་ཟླ་བཀྲ་ཤིས་སྒྲོལ་མ་གཉིས་གཉེན་སྒྲིག་བྱས།

   ཀྲང་ཆིང་ནི་གཤིས་ཀ་འཇམ་པའི་མི་ཞིག་ཡིན། ཁ་ནས་བཤད་རྒྱུ་རྒྱའི་སྤྱི་སྐད་ཡིན་མོད། འོན་ཀྱང་སྐད་ཆ་དང་བྱ་སྤྱོད་ནི་ཁམས་པའི་ཕོ་རྒོད་ཞིག་དང་འདྲ། བཀྲ་ཤིས་སྒྲོལ་མས་ཐེངས་ཤིག་དམག་ཚུགས་ཉེ་འགྲམ་གྱི་བོད་རིགས་ཡུལ་མི་ཞིག་གིས་ཞིང་ལས་བྱེད་སྐབས་གཟབ་གཟབ་མ་བྱས་པར་རྐང་པར་རྨས་སྐྱོན་ཕོག་པ་དང་། ཀྲང་ཆིང་གིས་གནས་ཚུལ་དེ་ཤེས་འཕྲལ་ཡུལ་དངོས་སུ་བརྒྱུགས་ནས་ཡུལ་མི་དེའི་རྨ་ཁ་དཀྲིས་ནས་ཁྲག་གཅོད་པ་དང་། དེ་མུར་ཉེ་འགྲམ་གྱི་སྨན་ཁང་དུ་བསྐྱལ་བ་རེད་ཅེས་ཕྱིར་དྲན་བྱས། ཕྱིས་སུ་ཡུལ་མིས་ཀྲང་ཆིང་ལ་མཐུན་སྒྲིལ་ཕོ་ལོག་བསྐྱལ་ནས་བཀའ་དྲིན་ཞུས་པས། དེ་ནས་བཟུང་ཀྲང་ཆིང་གི་སེམས་སུ་མཐུན་སྒྲིལ་ཕོ་ལོག་ནི་རྒྱ་བོད་མི་རིགས་དང་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དཔང་རྟགས་བཟང་པོ་ཞིག་ཡིན་པ་རྡོ་ལ་རི་མོ་བརྐོས་པ་ལྟར་གྱུར།

   ད་ཆ་རྩམ་པ་ཟ་བ་དང་ཇ་བསྲུབས་མ་འཐུང་བ་དེ་ཀྲང་ཆིང་གི་རྒྱུན་གཏན་གྱི་འཚོ་བའི་གོམས་གཤིས་སུ་གྱུར་ཡོད། ཁོང་གིས་ཀྱང་འབའ་ཐང་གི་མཐུན་སྒྲིལ་ཕོ་ལོག་བཟོ་ཤེས་ཀྱི་ཡོད་ལ། བཟའ་མི་གཉིས་ཀྱིས་འཐབ་གྲོགས་དང་ཡུལ་སྐོར་བ་ཚོར་མཐུན་སྒྲིལ་ཕོ་ལོག་བཟོས་ནས་སྣེ་ལེན་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཁོང་གཉིས་པོས་མི་དེ་བས་མང་པོར་རྒྱ་བོད་མི་རིགས་བར་གྱི་མཐུན་སྒྲིལ་མཛའ་གྲོགས་དང་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྲོལ་རྒྱུན་མྱོང་ཚོར་ཐུབ་ཕྱིར་ཡིན་ནོ།།

ཁ། དམངས་ཀྱིས་དམག་ལ་བཀུར་བའི་ཉ་ཆུ་ལྟ་བུའི་བརྩེ་བ།

   དཀར་མཛེས་ཁུལ་གྱི་དམག་མིའི་མིག་ལམ་དུ་ལྕགས་ཟམ་རྫོང་ལྕགས་ཟམ་གྲོང་རྡལ་གྱི་ཡུལ་མི་ཧྲི་གོ་ཞིའུ་ནི་ཨ་མ་ལྟ་བུ་ཡིན། ལོ70ལ་སོན་པའི་ཞིང་སྡེའི་བུད་མེད་དེ1979ལོ་ནས་བཟུང་ཆེས་སྤྱིར་བཏང་དང་སེམས་འགུལ་ཐེབས་པའི་དམག་བཀུར་གྱི་ལམ་བུའི་ཐོག་བསྐྱོད་པས་ཚང་མས་མོ་ལ་ལྷམ་གདན་ཨ་མ་ཞེས་འབོད་ཀྱི་ཡོད།

ཧྲི་གོ་ཞིའུ་ཡི་ཁྱིམ་དུ་ལོ་བཅུ་ཕྲག་ཁ་ཤས་ཉར་བའི་ཁུག་མ་ཆུང་ངུ་ཞིག་ཡོད་ལ་དེའི་ནང་དུ་གཟི་བརྗིད་མཚན་སྙན་ལག་ཁྱེར་དང་། གཟེངས་བསྟོད་ལག་ཁྱེར། བཀའ་དྲིན་ཞུ་ཡིག་སོགས་ཀྱིས་གང་ཡོད། དེ་ནི་མོས་ལོ་མང་རིང་དམག་བཀུར་བྱ་གཞག་མཐའ་འཁྱོངས་བྱས་པའི་དཔང་རྟགས་ཡིན།

   1979ལོའི་ལྕགས་ཟམ་རྫོང་གི་ལན་ཚའེ་ཝན་དུ་རི་ཉིལ་བ་ནས་ཝུན་ཁྲོན་ས་ཡོམ་དང་། དར་མདོའི་འདམ་རྡོའི་ཆུ་རུད། ཡུལ་ཤུལ་ས་ཡོམ། 2010ལོའི་དར་མདོའི་ཅིན་ཐང་འདམ་རྡོའི་ཆུ་རུད། ལུའུ་ཧྲན་ས་ཡོམ། གཟི་ཚྭ་སྡེ་དགུའི་ས་ཡོམ། ཁྲང་ཉིང་ས་ཡོམ་སོགས་གནོད་འཚེ་ཐེབས་ཡུལ་གང་དུ་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་གི་རོགས་སྐྱོབ་ཀྱི་གཟུགས་བརྙན་ཡོད་སར་ཧྲི་གོ་ཞིའུ་ཡི་གཟུགས་བརྙན་ཡང་མཐོང་རྒྱུ་ཡོད།

   ཧྲི་གོ་ཞིའུ་ཡིས2019ལོར་དབྱི་པིན་གྲོང་ཁྱེར་ཁྲང་ཉིང་རྫོང་དུ་ས་ཡོམ་བརྒྱུགས་པ་ཤེས་རྗེས་ཉིན་མཚན་ལྟོས་མེད་ལྷམ་གདན་ཆ100བཟོས་ནས་དབྱི་པིན་ལ་བསྐྱལ་ཡོད། ལོ40ལྷག་གི་རིང་ལ་ཁོང་གིས་ཞིང་ཆེན་ཕྱི་ནང་གི་དཔུང་སྡེའི་དཔོན་དམག་ལ་ལྷམ་ཆ4000ལྷག་དང་། སྒོར་ཁྲི10རི་བའི་འཚམས་འདྲིའི་དངོས་རྫས། སྨོན་འདུན་མཚོན་བྱེད་ཀྱི་ཁ་བཏགས་བཅས་ཕུལ་མྱོང་། ལོ་ལྟར་དཔྱིད་གསར་དུས་ཆེན་དང་དམག་བཙུགས་དུས་ཆེན་སྐབས་ལྕགས་ཟམ་རྫོང་འབྲེལ་ཡོད་དཔུང་སྡེའི་འཐབ་འཛིང་པ་ཚོར་འཚམས་འདྲི་བྱེད་པར་བསྐྱོད་ཀྱི་ཡོད།

   བརྒྱད་ཟིལ་རྫོང་ས་ལྔ་ལུང་ཡུལ་ཤོག་གི་ལོ83ལ་སོན་པའི་དབང་པོ་སྐྱོན་ཅན་དམག་མི་ཀྲང་མིང་ཧྭ་ཡང་དམག་ལ་བཀུར་ཞིང་དགའ་མཁན་ཞིག་ཡིན། 1956ལོར་ཀྲང་མིང་ཧྭ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལ་ཞུགས།1959ལོའི་སྤྱི་ཟླ9བར་ལས་འགན་ཞིག་སྒྲུབ་སྐབས།ཇག་པ་འགའ་ཡིས་བསྐོར་ནས་དཔུང་གཡོན་པ་བཅད་པ་དང་།རྐང་པ་གཡོན་པའི་པུས་མོར་མདེའུ་ཕོག་ནས་སྨན་ཁང་དུ་དྲན་ཚོར་མེད་པར་ཉིན11རིང་ལ་ཉལ་ཡོད།

   ཁོང་མ་གཞི་ལུས་གསོ་ཁང་དུ་མི་ཚེ་གང་བོར་བསྡད་ཆོག་མོད། འོན་ཀྱང་ཁོང་གིས་དེ་འདྲ་བྱས་མེད། ལག་པ་ཡ་གཅིག་གིས་གྱོན་ཆས་གྱོན་པ་དང་། ལྟོ་ཆས་ཟ་བ། ཁྱིམ་ལས་བཅས་བྱེད་ཐུབ་མ་ཐག་ལུས་གསོ་ཁང་གི་ཏང་ཨུ་ལ་ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན།ང་ནི་དམག་མི་ཞིག་ཡིན། གཡུལ་ས་དང་སྦྱོང་བརྡར་ར་བར་བསྐྱོད་དགོས། ང་ལ་ལག་པ་གཅིག་ལས་མེད་མོད། འོན་ཀྱང་ང་ལ་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་དཀའ་ངལ་སེལ་རོགས་བྱེད་པའི་སེམས་པ་ཞིག་ཡོད། ངས་རྒྱལ་ཁབ་ལ་ཁུར་པོ་གང་ཡང་སྣོན་འདོད་མེད། རྩ་འཛུགས་ཀྱིས་ང་ནང་ལ་ལོག་བཅུག་ནས་ཐོན་སྐྱེད་བྱ་རྒྱུར་ཆོག་མཆན་གནང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

   རང་ཡུལ་དུ་ལོག་རྗེས་ཁོང་གིས་སྒུག་རྟེན་སློང་གསུམ་མི་བྱེད་ཅིང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཁྱིམ་གཞིས་དྲོན་མོ་བསྐྲུན་ཡོད། ཀྲང་མིང་ཧྭའི་ཕ་མས་བུ་ཕྲུག་རྣམས་སྔ་རྗེས་སུ་དམག་དཔུང་དུ་བསྐྱལ་པ་ལྟར་ཁོང་གིས་ཀྱང་མུ་མཐུད་དེ་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ཏེ་རང་གི་བུ་དང་ཚ་བོ་ཚང་མ་དམག་ནང་དུ་བསྐྱལ་ཡོད།

   ཀྲང་མིང་ཧྭའི་ཚ་བོ་ཀྲང་བློ་བཟང་གིས་སྤོ་བོ་ལགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྱིམ་རྒྱུད་ཀྱི་ཁོངས་མི་དམག་མིར་ཞུགས་རྒྱུ་དེ་སྲོལ་རྒྱུན་ཞིག་ལ་བརྩིས་པ་དང་། དམག་བཀུར་བྱ་རྒྱུ་དེ་འགན་འཁྲི་ཞིག་ལ་བརྩིས་ནས་དམིགས་ཡུལ་སེམས་ལ་བརྟན་པོར་ངེས་པ་རེད་ཅེས་གདེང་འཇོག་བྱས།

   ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱི་ཏང་ཨུ་སྲིད་གཞུང་དང་།ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་ལ་ཤུགས་རྒྱག་དགོས་པའི་སྐོར་གྱི་སྤྱི་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཡོད། ལས་ཀའི་རྣམ་པ་གསར་གཏོད་ཟམ་མི་ཆད་པར་བྱས་པ་དང་ལས་ཀའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། ལས་ཀའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། དམིགས་བྱའི་རྩ་འཛུགས་ཀྱི་མགོ་ཁྲིད་ལ་བློ་རྩ་བརྟན་ཞིང་ནུས་པ་ལྡན་པ། དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་གཏིང་ཟབ་སྤེལ་བ། དམག་བཀུར་ལས་དོན་ཏན་ཏིག་སྤེལ་བ། སྲིད་བཀུར་དམངས་གཅེས་ཀྱི་གྲུབ་འབྲས་མངོན་གསལ་དོད་པ། སྲིད་ཇུས་དང་ཁྲིམས་སྲོལ་དོན་ཐོག་ཏུ་འཁྱོལ་བ། གཉིས་བཀུར་བྱེད་སྒོ་རྒྱུན་དུ་མཐའ་འཁྱོངས་བྱེད་པ། དམག་དམངས་མཉམ་སྐྲུན་ལ་ཕན་འབྲས་ཐོན་པ།དམག་སྲིད་དང་དམག་དམངས་བར་འཆམ་མཐུན་ཡོང་བ་བཅས་ཀྱི་དམིགས་ཚད་ཁག་བརྒྱད་དང་མཐུན་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་ཁུལ་བསྐྲུན་ཅིང་། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་འབྲེལ་བ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་ཁུལ་ཡོངས་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ག། དམག་ཞབས་ནས་འཐེན་ཡང་རང་བཞིན་མི་འགྱུར་ཞིང་བྱ་སྤྱོད་དངོས་ཀྱིས་དམ་བཅའ་ལག་ལེན་བསྟར།

   2020ལོའི་སྤྱི་ཟླ2པར། ཏོག་གསར་གློ་རིམས་གློ་བུར་དུ་རང་ཁུལ་དུ་མཆེད་ཅིང་རྟའུ་རྫོང་གི་རིམས་ནད་འགོག་ཟོན་གྱི་གནས་བབ་ཛ་དྲག་ཀུན་ལས་ཆེ།

  “ཉིན་གཅིག་དམག་ལ་ཞུགས་ན། ཚེ་གང་དམག་མིའི་མིང་ཡོད”ཅེས་པ་ལྟར། རྟའུ་རྫོང་དགེ་བཤེས་ཡུལ་ཤོག་མི་དམངས་དྲག་ཆས་ཆེད་གཉེར་ལས་འགན་པའི་མགོ་གཙོ་བཀྲ་ཤིས་ཚེ་རིང་དང1999ལོར་དམག་ཞབས་ནས་འཐེན་པའི་དམག་མི་ལིའུ་བསོད་ནམས་གཉིས་པོས་མཆོད་རྟེན་འོག་མའི་སྡེ་ཁུལ་གྱི་དུད་ཚང107གྱི་མང་ཚོགས་ཀྱི་འཚོ་བའི་ཁ་གསབ་དང་སྲིད་ཇུས་སྒྲོག་འགྲེལ། རིམས་འགོག་དུག་སེལ་སོགས་ལས་དོན་གྱི་འགན་འཁུར་ནས་ཉིན་ལྟར་སྔ་དྲོ་དུད་ཚང་རེ་རེར་ཁ་པར་ཐོག་ནས་འབྲེལ་བ་བྱས་པ་དང་། ཕྱི་དྲོར་ཉོ་སྒྲུབ་བྱེད་རོགས་བྱས་པའི་དངོས་ཟོག་བསྐྱལ་བ། ཉིན་ལྟར་རྒྱ་མ་བཅུ་ཕྲག་ཁ་ཤས་ཡོད་པའི་དུག་སེལ་ཡོ་བྱད་ཁྱེར་ནས་སྤྱི་ཁུལ་གྱི་ཕྱོགས་གང་སར་བསྐྱོད་ཀྱི་ཡོད།

   བོད་ལོ་སར་སྐབས་ལ་ལིའུ་བསོད་ནམས་ལ་བཟའ་ཟླའི་ཁ་པར་འབྱོར་སྐབས་ཁོང་གིས་ང་ནི་དམག་མི་རྒན་གྲས་ཤིག་ཡིན། ད་ཆ་རིམས་ནད་ཚབས་ལྕི་པོ་ཡིན་པས་ངས་ལས་གནས་བརྟན་སྲུང་བྱ་དགོས་པ་ལས་སླ་བཅོས་བྱ་རྒྱུ་ག་ལ་ཡོད་ཅེས་ལན་བཏབ་པ་རེད།

   སྐབས་དེར། རྟའུ་རྫོང་གིས་ཉིན་ལྟར་ཡུལ་དམག200ལྷག་བཏང་ནས་སྡེ་ཁུལ་ཡུལ་མིར་ཞབས་ཞུ་དང་ཞིང་སྡེའི་འགག་ཚུགས་སུ་ལས་རེས། རིམས་ཟོན་དངོས་ཟོག་སྐྱེལ་འདྲེན་བཅས་བྱེད་ཀྱིན་ཡོད། གང་དུ་དགོས་མཁོ་ཡོད་ན། དེར་རྟའུ་ཡུལ་དམག་གི་གཟུགས་བརྙན་ཡོད་པས་མི་དམངས་མང་ཚོགས་ལ་རིམས་ནད་ཁྱབ་འགྱེད་ཀྱི་འགོག་སྲུང་ར་བ་བརྟན་པོ་ཞིག་བསྐྲུན་ཡོད།

དཀར་མཛེས་ཁུལ་ཡན་ལག་དམག་ཁུལ་གྱིས་མ་བསྐུལ་དང་ལེན་གྱིས་ས་གནས་ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་དམ་ཟབ་བྱས་ནས་འཕྲལ་མར་དམག་དཔུང་དང་ས་གནས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་ལག་ལེན་བསྟར་ཏེ། ཡུལ་དམག་གི་དེ་གའི་མི་དང་ས་ཆ། གནས་ཚུལ་རྒྱུས་ལོན་ཆེ་བ་དང་ཐག་ཉེ་བའི་དམིགས་བསལ་ལེགས་ཆ་བརྟེན་ཅིང་། དཀར་མཛེས་ཁུལ་ཡུལ་དམག་གི་དཀའ་སྡུག་ཚད་མེད་མྱོང་བ་དང་དམག་འཐབ་ནུས་པ་ལྷག་པར་ཆེ་བའི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ་དམག་དམངས་ཀྱིས་སེམས་ནུས་གཅིག་སྒྲིལ་གྱིས་རིམས་ནད་འགོག་ཟོན་བྱས་ཡོད།

   དཀར་མཛེས་ཁུལ་དམག་ཞབས་ནས་འཐེན་པའི་དམག་མིའི་ལས་དོན་ཅུས་ཀྱིས《ཏོག་གསར་གློ་རིམས་འགོག་ཟོན་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་ཞལ་འདེབས་བརྒྱབ་པའི་གྲོས་མགོའི་ཡི་གེ》དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཤིང་།ཁུལ་ཡོངས་ཀྱི་དམག་ཞབས་ནས་འཐེན་པའི་དམག་མི་དང་།གཟིགས་སྐྱོང་བྱ་ཡུལ།དམག་ཞབས་ནས་འཐེན་པའི་དམག་མིའི་ལས་དོན་མི་སྣ་བཅས་ཀྱིས་རིམས་འགོག་ལ་ཆེད་དུ་ཞལ་འདེབས་སྒོར805602.8བརྒྱབ་ཡོད།

   དཀར་མཛེས་ཁུལ་གྱི་དམག་ཞབས་ནས་འཐེན་པའི་དམག་མིས་བྱ་སྤྱོད་དངོས་ཀྱི་ཐོག་ནས“དམག་ཞབས་ནས་འཐེན་ཀྱང་རང་བཞིན་མི་འགྱུར་བའི”དམག་མིའི་རང་གཤིས་ལག་ལེན་བསྟར་ཏེ་སྤྱི་ཚོགས་ལ་དྲང་ནུས་ཧ་ཅང་ཆེན་པོ་བརྒྱུད་སྤྲོད་བྱས་ཡོད། དམག་ཞབས་ནས་འཐེན་པའི་དམག་མི་ཁྲེན་ཝང་ཡུས་ཀྱིས་གསར་དུ་བཙུགས་པའི་དར་མདོའི་པའེ་ཚའོ་ཐང་རུས་ནད་སྨན་ཁང་ནི་རིམས་ནད་ཐོན་རིང་རང་ཁུལ་གྱི་ཏོག་གསར་ཕོག་པའི་ནད་པ་བརྟག་དཔྱད་ཉར་ཚགས་བྱེད་པའི་དམངས་གཉེར་སྨན་ཁང་འབའ་ཞིག་དེ་ཡིན་པ་དང་། ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་བཅོས་ཁྲོད་དུ་ཞུགས་ཡོད། དམག་ཞབས་ནས་འཐེན་པའི་དམག་མི་ཧྲེན་ཀྲེན་ཧྲེང་ཞིན་ཚན་རྩལ་ཚོགས་པའི་ཏུང་ཧྲི་ཀྲང་ཁྲེན་ཕུའུ་ཆོན་གྱིས་ཝུའུ་ཧན་རིམས་ནད་ཁུལ་ལ་ཁྱོན་སྒོར་ཁྲི37.88རི་བའི་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད།

   དཀར་མཛེས་ཁུལ་གྱི་རྫོང(གྲོང་ཁྱེར)ཁག་གི་དམག་ཞབས་ནས་འཐེན་པའི་དམག་མིའི་ལས་དོན་ཅུས་ཀྱིས་དབང་པོ་སྐྱོན་ཅན་གྱི་དམག་མི་དང་། དམག་མིའི་ནང་མི། ཁེ་ལས་ཀྱི་ལས་སྒྱུར་ལས་བྱེད་པ་སོགས་ལོ་ན་རྒན་པ་དང་ནད་མང་བ།འགྲོ་སྐྱོད་མི་བདེ་བ།འཚོ་བར་དཀའ་ངལ་ཡོད་པ་བཅས་ཀྱི་ཞབས་འདེགས་ཞུ་ཡུལ་ལ་སེམས་ཁུར་དང་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ནས་ཁོ་ཚོའི་འཚོ་བའི་དངོས་ཟོག་དང་འགོག་སྲུང་དངོས་ཟོག་དཀོན་པ་སོགས་ཀྱི་དཀའ་ངལ་བསལ་ཏེ་དམིགས་བསལ་དུས་སྐབས་སུ་དམིགས་བསལ་བྱ་ཡུལ་ལ་སེམས་ཁུར་དང་གཅེས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གནོད་འཚེའི་སྐྱེ་དངོས་འགོག་བཅོས་ཀྱི་བརྟག་ཞིབ་ལས་དོན་སྤེལ་བ།
  • ལེ་ཚན་རྗེས་མ།:དར་མདོར་བསླེབས་པའི་ཏོག་གསར་ནད་པ་དང་ཉེ་སར་ཐུག་མཁན་མི3གྱི་གནས་ཚུལ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10