རྒྱལ་ཡོངས་སྲིད་གྲོས་ཀྱིས“མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་བཅག་ནས་མི་འབོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2021-07-28

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ“མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་བཅག་ནས་མི་འབོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི”ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཕེབས་པ་དང་གསུང་བཤད་གནང་བ་རེད། ཁོང་གིས་མི་འབོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། མི་འབོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ན་རྒས་ཅན་གྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མི་སེར་དུང་ཕྱུར་མང་པོའི་བདེ་སྐྱིད་ལ་དམིགས་པ། ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ལས་ཀའི་བསམ་ཕྱོགས་གསར་གཏོད་བྱེད་པ། སྤྱི་ཚོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ན་རྒས་ཅན་ལ་ཁ་གཏད་གཅོག་པའི་ལམ་བུའི་ཐོག་བསྐྱོད་ནས་མི་འབོར་ཡུན་རིང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་ཆ་རྐྱེན་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

རྒྱལ་ཡོངས་དང་ས་གནས་སྲིད་གྲོས་ཀྱི་ཨུ་ཡོན་90ལྷག་ཙམ་ཚོགས་འདུར་ཞུགས་པ་དང་། ཨུ་ཡོན་དང་། རིགས་གཅིག་མཁས་ཅན། གཞི་རིམ་གྱི་འཐུས་མི་བཅས་40ལྷག་ཙམ་གྱིས་གཏམ་བཤད་སྤེལ་བ། ཨུ་ཡོན་100ལྷག་ཙམ་གྱིས་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་བརྒྱུད་བསམ་འཆར་བཏོན་གནང་བ་རེད། ཨུ་ཡོན་ཚོས་ངོས་འཛིན་གནང་དོན། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ལ་ན་རྒས་ཅན་དང་ཕྲུ་གུ་ཉུང་བའི་གནོན་ཤུགས་ཉིས་བརྩེགས་འཕྲད་པ་དང་ཤུགས་རྐྱེན་ནི་ཕྱོགས་ཡོངས་དང་། གཏིང་ཟབ་པ། རྒྱུན་སྲིང་བཅས་ཡིན་པས་ངེས་པར་དུ་དུས་ཐོག་ཏུ་ཁ་གཏད་གཅོག་པ་དང་། ཕྱོགས་བསྡུས་ཐོག་ཁ་གཏད་གཅོག་པ། ཚན་རིག་དང་མཐུན་པའི་ངང་ཁ་གཏད་གཅོག་པ་བཅས་བྱེད་དགོས། རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་བསྐྲུན་ནས་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་སྤྱི་འདོམས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚོང་ལས་ཀྱི་རྒན་གསོ་འགན་བཅོལ་ཐོན་རྫས་མཁོ་སྤྲོད་བྱེད་མང་དུ་གཏོང་བ། ཡུན་རིང་ལྟ་རྟོག་འགན་བཅོལ་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་པ། སྡེ་ཁུལ་དུ་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་སྣུར་བསྲིང་ཐུབ་རྒྱུར་སྐུལ་འདེད་གཏོང་བ། དྲ་སྦྲེལ+ཁྱིམ་སྡོད་རྒན་གསོ་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས་རྒན་རྒོན་ཚང་མར་རྒས་དུས་རྟེན་ས་ཡོད་པ་བྱེད་དགོས། 

“སྐྲ་དཀར་དཔལ་འབྱོར”འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“ལོ་ལྔ་ཚན་བཅུ་བཞི་པའི”ན་རྒས་ཐོན་ལས་འཕེལ་རྒྱས་འཆར་འགོད་བཟོས་ནས་རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒས་དུས་ལས་རྒྱུ་ཡོད་པར་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་དང་། རིམ་བཞིན་ལས་འཁྱུར་ངལ་གསོ་རྒྱག་པའི་ལོ་ཚད་ཕྱིར་འགྱངས་བྱེད་པའི་སྲིད་ཇུས་འཚོལ་ཞིབ། ཚན་རིག་དང་མཐུན་པའི་ངང་ལོ་ན་དམའ་བའི་རྒན་རྒོན་གྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་བཅས་བྱས་ནས་རྒན་རྒོན་གྱི་ཁེ་སྤོགས་སྔོག་འདོན་བྱེད་དགོས། ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ལེ་ལག་ཚང་བའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་གནས་དམའ་རུ་གཏོང་བ། ཕྲུ་གུ་སྐྱེ་འདོད་ཆག་པའི་འཕེལ་ཕྱོགས་ལ་འགྱུར་ལྡོག་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་ལས་རིགས་ཁག་ལ་ཡང་དག་པའི་ན་རྒས་ཀྱི་སྤྱི་ཚོགས་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་ཏེ་རྒན་གསོ་དང་རྒན་བཀུར་གྱི་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་དར་སྤེལ་བཏང་ནས་རྒན་རྒོན་གྱི་མཛའ་གྲོགས་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ན་རྒས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་ཨུད་ཀྱིས་འགོ་འཁྲིད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྤྱི་ཚོགས་ཞུགས་པ། དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ་བཅས་ཀྱི་ན་རྒས་ལས་དོན་གྱི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ་གཙོ་གནད་དུ་བྱེད་པ། “བདེ་ཐང་ཞབས་ཞུ་དང་། རྒན་གསོའི་ཞབས་ཞུ། སྤྱི་ཚོགས་འགན་སྲུང”བཅས་མ་ལག་ཆེན་པོ་གསུམ་འཛུགས་སྐྲུན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བཅས་བྱས་ཏེ་མི་འབོར་ན་རྒས་ཅན་གྱི་ལས་དོན་གྱི་སྲིད་ཇུས་ལམ་ལུགས་དང་ལས་དོན་གྱི་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུར་སྐྱོད་དགོས་ཞེས་གསུངས་པ་རེད།


  • ལེ་ཚན་སྔོན་མ།:མྱ་ངམ་བྱེ་ཐང་གཡུ་ཡི་གཞོང་པར་བསྒྱུར།
  • ལེ་ཚན་རྗེས་མ།:ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་འགྲོ་གྲོན་སྒོར6530ལ་སླེབས་པ།
  • དོ་སྣང་ཆེ་བའི་རྩོམ།