གྲུ་གུ།

    དུང་དཀར་ཚིག་མཛོད་ཆེན་མོ།    2021-07-27

དྲུ་གུ་ལ་གྲུ་གུ་ཞེས་ཀྱང་ཟེར། རྒྱ་སྐད་དུ་ཐུ་ཅོས་སམ། སྐབས་འགར་ཐུ་ཀྱུ་ཝེས་ཞེས་པའང་འབོད་པ་གང་ལྟར་ཀྲུང་གོའི་གནའ་རབས་ཀྱི་མི་རིགས་ཤིག་གི་མིང་ཡིན་ཅིང༌། འདི་ལ་ཁྱབ་ཆེ་བའི་དབང་དུ་བྱས་ན་ཐུ་གུ་དང་ཐེ་ལི་ཡི་ཚོ་པ་རྣམས་ཀྱང་དེའི་ཁོངས་སུ་འདུས་ལ། ཁྱབ་ཆུང་བའི་དབང་དུ་བྱས་ན་ཐུ་གུ་མི་རིགས་ལ་ཟེར། སྤྱི་ལོའི་དུས་རབས་དྲུག་པའི་ནང་རི་བོ་ཨར་ཐེ་ཧྲན་བརྒྱུད་དུ་ལ་རྩེར་ས་འཛིན་པའི་འབྲོག་པ་ཞིག་ཡིན་ཞིང༌། ཨོར་ཧོན་ཧེ་གཙང་པོའི་བཞུར་བརྒྱུད་དུ་ཆབ་སྲིད་བཙུགས་པར་སྣང་ཞིང༌། ཡི་གེ་དང༌། དཔོན་རིགས། བཅའ་ཁྲིམས། དཔྱ་ཁྲལ་གྱི་ཁྲིམས་ལུགས་སོགས་ཡོད། པེ་རྒྱལ་བརྒྱུད་དང་གཉེན་འབྲེལ་ཡོད་ཅིང༌། བོད་རིགས་ལའང་ཕོ་ཉའི་འགྲོ་འོང་ཡོད་པར་སྣང༌། སུས་རྒྱལ་རབས་ཀྱི་དུས་སུ་གྲུ་གུ་ཤར་ནུབ་གཉིས་སུ་གྱེས། ཡང་འགའ་ཞིག་གིས་ཐང་རྒྱལ་རབས་ཀྱི་དུས་འགོར། དྲུ་གུ་ཤར་མའི་དཔོན་པོ་ཞེ་ལིས་ཁེ་ཧན་ཟེར་བས་ཐང་རྒྱལ་རབས་ལ་མགོ་བཏགས་ཞེས་བཤད་པ་ལྟར་ན། དྲུ་གུ་འདི་དེང་སང་གི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པར་སྣང༌། ཡང{{རྒྱ་བོད་ཚིག་མཛོད་ཆེན་མོའི}}ནང་གྲུ་གུ། སྔར་བོད་བྱང་རྒྱུད་དང༌། ཤིན་ཅང༌། མཚོ་སྔོན་བཅས་ཀྱི་ས་འབྲེལ་ཁུལ་དུ་ཆགས་པའི་རྒྱལ་ཕྲན་ཞིག་ཡིན་ཚུལ་གསལ།


  • ལེ་ཚན་སྔོན་མ།:ཀླུ་སྦུག་གི་ལྗོངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།