པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སི་ཁྲོན་དུ་གཟིགས་ཞིབ་གནང་།

སྐལ་ཐུབ་ཀྱིས་བསྒྱུར།        2021-07-26

    སྤྱི་ཟླ7པའི་ཚེས9ནས་ཚེས22ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སི་ཁྲོན་དུ་ཕེབས་ནས་གཟིགས་ཞིབ་གནང་བ་རེད།

     འདི་ནི2005ལོ་ནས་བརྩིས་ཏེ་ལོ16བརྒལ་རྗེས་པཎ་ཆེན་རིན་པོ་ཆེ་ཡང་བསྐྱར་སི་ཁྲོན་དུ་འཚམས་འདྲིར་ཕེབས་པ་ཡིན།  སི་ཁྲོན་དུ་བཞུགས་པའི་དུས་རིམ་ནང་། པཎ་ཆེན་རིན་པོ་ཆེ་སྔོན་རྗེས་སུ་ཁྲེང་ཏུའུ་དང་། ཏེ་དབྱང་། དཀར་མཛེས་ཁུལ། རྔ་བ་ཁུལ་བཅས་སུ་ཕེབས་ནས་རྟོག་ཞིབ་གནང་ཡོད། ཁྲེང་ཏུའུ་དང་ཏེ་དབྱང་དུ་པཎ་ཆེན་རིན་པོ་ཆེ་སི་ཁྲོན་རྒྱལ་སྤྱིའི་གནམ་ཐང་དང་། ཁྲེང་ཏུའུ་ཚན་རིག་གྲོང་ཁྱེར་སི་ཁྲོན་གྲོང་གསར་གྱི་འཆར་འགོད་ཚོམས་ཆེན་དང་། དོམ་ཁྲའི་གསོ་སྤེལ་ཞིབ་འཇུག་རྟེན་གཞི། ཀོང་ཧན་གྱི་ཧྲན་ཞིང་ཕུང་པོའི་རྗེས་ཤུལ་གྱི་སྔོག་འདོན་དངོས་ཡུལ། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་བཅས་སུ་ཕེབས་ནས་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། དཀར་མཛེས་ཁུལ་དང་རྔ་བ་ཁུལ་དུ། པཎ་ཆེན་རིན་པོ་ཆེ་དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱས་པའི་དྲན་གསོ་ཁང་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དེ་སྔོན་གྱི་འབུམ་ཤོག་བཅོ་བརྒྱད་པའི་ས་དུང་ཁྱུ་ཚོགས་ཀྱི་རྗེས་ཤུལ། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་། མཆོག་རྩེའི་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་། ཟུང་ཆུའི་དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་བཅས་སུ་ཕེབས་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བའི་ལོ་རྒྱུས་འོད་སྟོང་འཕྲོས་པར་རྒྱུས་ལོན་གནང་ཡོད་ཅིང་། ཁྲོན་བོད་ལྕགས་ལམ་ལྕགས་ཟམ་ཟམ་ཆེན་གྱི་ལས་གཞི་པུའུ་དང་། རྟའུ་རྫོང་སྐུན་བུ་གྲོང་སྡེ། ཁམས་པའི་མཐོ་སྒང་སྐྱེ་དངོས་གླིང་ག། བྲག་མགོ་རྫོང་ཧྲན་ཧོང་ཞིང་ལས་བྲག་མགོའི་ས་ཁོངས་བརྒལ་བའི་ཐོན་ལས་གླིང་། འཛམ་ཐང་རྫོང་ཐེང་ཏུའུ་འགྲུལ་ཚུགས། ཁྱུང་མཆུ་རྫོང་ཀུན་ཕན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཟུང་ཆུ་རྫོང་ཅིན་ཨན་གྲོང་རྡལ་བཅས་སུ་ཕེབས་ནས། ས་གནས་དེ་གའི་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བཅས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་གནང་བ་རེད། བེ་རི་དགོན་དང་དར་རྒྱས་དགོན། རྨེ་བ་དགོན། དམུ་དགེ་དགོན་སོགས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པར་ཆོས་དོན་བྱེད་སྒོ་སྤེལ་བ་དང་ཆབས་ཅིག། ས་གནས་དེ་གའི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་བཞུགས་མོལ་སྤེལ་རེས་གནང་བ་རེད།

     པཎ་ཆེན་རིན་པོ་ཆེས་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་སྲ་བརྟན་འོག་ཏུ། སི་ཁྲོན་བོད་འབྲེལ་གྱི་ཁུལ་དང་རྫོང་གིས་རྒྱལ་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་ཡོད་ཅིང་། བོད་བརྒྱུད་ནང་བསྟན་ལས་རིགས་ལ་དགེ་མཚན་གསར་པ་དང་རྣམ་པ་གསར་པ་བྱུང་ཡོད་པས། མིའི་སེམས་གཏིང་ནས་དགའ་སྤྲོ་སྐྱེ་འོས་པ་ཞིག་རེད། གྲུབ་འབྲས་འདི་དག་ཐོབ་པར་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་གནང་བ་དང་ཁ་འབྲལ་ཐབས་མེད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་ཁ་འབྲལ་ཐབས་མེད་ལ།  མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འཆམ་འགྲིག་བྱེད་པ་དང་ཁ་འབྲལ་ཐབས་མེད་ཅེས་བསྟན་པ་རེད།

     པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་ཆོས་ལུགས་རྨོངས་དད་ཅན་དང་ལྐོག་གྱུར་ཅན། ཚོང་ལས་ཅན་བཅས་སུ་འགྱུར་བར་འགོག་ཟོན་བྱ་དགོས། ལོ་རྒྱུས་ཀྱི་དུས་རིམ་སོ་སོའི་ནང་བསྟན་ཆོས་ལུགས་ཀྱི་རྒྱུད་འཛིན་ཐམས་ཅད་སྐབས་དེ་དུས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཀྱི་དགོས་མཁོ། དད་ལྡན་མང་ཚོགས་ཀྱི་རེ་འདོད་བཅས་དང་ཟུང་དུ་འབྲེལ་ཡོད་ལ། ནང་བསྟན་ཆོས་ལུགས་དེ་དུས་རབས་གསར་པར་མེས་རྒྱལ་ལ་ཞབས་ཞུ་དང་མི་དམངས་ལ་ཞབས་ཞུ། ཞི་བདེ་སྲུང་སྐྱོང་བཅས་ཀྱི་དྲང་ཕྱོགས་ནུས་པ་དགེ་མཚན་ལྡན་པར་ཆགས་སུ་བཅུག་དགོས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་མཐུན་སྒྲིལ་ཡོང་བར་སྲུང་སྐྱོང་དེ་བས་ཡག་པོ་བྱེད་ཅིང་། རྒྱ་ཆེ་བའི་ཆོས་དད་མང་ཚོགས་ཀྱིས་བརྩོན་འགྲུས་དང་བློ་རིག། ཧུར་སེམས། བྱམས་སེམས་བཅས་དེ་བས་ཆེ་བའི་སྒོ་ནས་འཚོ་བར་ཁ་ཕྱོགས་པ་དང་། ཁྱིམ་གཞིས་ལ་དགའ་ཞེན་བྱེད་པའི་ཆེད་དུ་བསམ་པའི་སྒུལ་ཤུགས་འདོན་དགོས་ཞེས་བསྟན་པ་རེད།

     ཞིང་ཆེན་མགོ་ཁྲིད་ཐེན་ཞང་ལི་དང་རྡོ་རྗེ་རབ་བརྟན། དབྱང་ཁེ་ལིང་བཅས་འབྲེལ་ཡོད་རྟོག་ཞིབ་བྱེད་སྒོར་ཞུགས་ཡོད།

  • ལེ་ཚན་སྔོན་མ།:པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་རང་ཁུལ་དུ་གཟིགས་ཞིབ་ཕེབས།
  • ལེ་ཚན་རྗེས་མ།:འདི་ནི་གེ་སར་གྱི་རིག་གནས་རྒྱུན་འཛིན་བྱེད་སྟངས་ཡག་ཤོས་ཤིག་རེད།
  • དོ་སྣང་ཆེ་བའི་རྩོམ།