བོད་ཡུལ་གྱི་འཛམ་གླིང་རང་བྱུང་ཤུལ་བཞག

        2016-04-19

   མ་གཞིར་ང་ཚོ་འཚོ་ཞིང་གནས་པའི་ས་ཡི་གོ་ལ་ཟླུམ་པོ་འདི་ནི་ས་གཙང་ལ་མཁའ་དབུགས་དྭངས་པ། རྩི་ཤིང་ཚང་ཚིང་དུ་འཁྲིགས་ཤིང་གཅན་གཟན་དང་རི་དྭགས་ཅི་དགར་རྩེན་པ། རང་བྱུང་གཏེར་རྫས་ཀྱིས་གང་སར་ཁྱབ་པའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཡིན་མོད། ཡིན་ནའང་ད་ལྟ་ང་ཚོས་མིག་མཐོང་ལག་ཟིན་དུ་གྱུར་པ་ནི་འབག་བཙོག་ཐེབས་པའི་མཁའ་དབུགས་དང་བཅུད་ཤོར་བའི་ས་གཞི། སྐྱེ་རྒྱུན་ཆད་ལ་ཉེ་བའི་སྲོག་ཆགས་རིགས་ཉུང་ངུ་ལས་ལྷག་མེད་པས་མྱ་ངམ་གྱི་ཐང་ཆེན་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད།
  དེ་བས། དེ་རིང་ང་ཚོ་འགྲོ་བ་མིའི་རིགས་ཀྱི་མདུན་དུ་ལྷག་པའི་འོས་འགན་རི་རབ་འདྲ་བ་ཞིག་ཡོད་པ་ནི། འཛམ་གླིང་གི་ཤུལ་བཞག་རིག་གནས་དང་རང་བྱུང་ཤུལ་བཞག་དག་རྩ་མེད་དུ་མི་འགྲོ་བའི་ཕྱིར་ཐབས་བརྒྱ་ཇུས་སྟོང་གིས་སྲུང་སྐྱོང་བྱ་དགོས་པ་དེ་རེད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས1972ལོའི་ཟླ11པའི་ཚེས16ཉིན《འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས།》ལ་དངོས་སུ་གྲོས་འཆམ་བྱུང་ཞིང་། 1976ལོར་འཛམ་གླིང་ཤུལ་བཞག་ཨུ་ཡོན་ཚོགས་པ་དབུ་ཚུགས་ཏེ《འཛམ་གླིང་ཤུལ་བཞག་མིང་ཐོ།》 ཞེས་པ་གསར་ཏུ་བཏོན། 1985ལོའི་ཟླ12པའི་ཚེས12ཉིན་ཀྲུང་གོ་རྒྱལ་ཁབ་ཀྱང《འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་སྤྱི་ཆིངས།》སུ་ཞུགས་པ་དང་། 1999ལོའི་ཟླ10པའི་ཚེས29ཉིན་འཛམ་གླིང་ཤུལ་བཞག་ཨུ་ཡོན་ཚོགས་པའི་ཁོངས་ཞུགས་རྒྱལ་ཁབ་ཏུ་བདམས།
  2013ལོའི་ཟླ6པའི་ཚེས21ཉིན་བསྡོམས་རྩིས་བྱས་པ་ལྟར་ན། 《འཛམ་གླིང་ཤུལ་བཞག་མིང་ཐོ།》རུ་བཀོད་ཟིན་པའི་ཀྲུང་གོ་རྒྱལ་ཁབ་ཀྱི་འཛམ་གླིང་ཤུལ་བཞག་གནས45ཡོད་པ་དང་། དེའི་ཁྲོད་དུ་འཛམ་གླིང་རང་བྱུང་ཤུལ་བཞག་གནས་བཅུ་ཡོད་པ་ལས་བཞི་ནི་གོ་ལ་འདིའི་ཡང་རྩེར་གནས་པའི་ཐུ་བྷོད་དམ་བོད་ཅེས་པའི་ས་ཁོངས་འདི་ན་ཡོད་དེ་གཤམ་ནས་དེ་དག་རེ་རེ་ངོ་སྤྲོད་མདོར་བསྡུས་ཤིག་ཞུ།
  དོམ་ཁྲ་འཚོ་སྡོད་ས་ཁུལ།
  སི་ཁྲོན་གྱི་དོམ་ཁྲ་འཚོ་སྡོད་ས་ཁུལ་ནི་ཁྲེན་ཏུའུ་དང་གཡག་རྔ། རྔ་བ། དཀར་མཛེས་སོགས་གྲོང་ཁྱེར་དང་ཁུལ་བཞིའི་རྫོང་12ཀྱི་ཁོངས་སུ་ཡོད་དེ། གཙོ་བོ་ཝོ་ལུང་དང་རི་བོ་སྐུ་བླའི་རྒྱུད་དུ་ཆགས་ཤིང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་9245ཡོད། ས་ཁུལ་འདིར་འཛམ་གླིང་གི་རི་སྐྱེས་དོམ་ཁྲའི་30%ཡོད་ཅིང་། དེ་ནི་འཛམ་གླིང་སྟེང་གི་དོམ་ཁྲ་འཚོ་སྡོད་ས་ཁུལ་ཆེས་ཆེ་བ་དང་ཆེས་འཐུས་སྒོ་ཚང་བ་ཡིན་པར་མ་ཟད། གོ་ལ་ཧྲིལ་པོའི་སྟེང་གི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ་ཕུད་རྩི་ཤིང་རིགས་སྣ་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཁྲོད་ཀྱི་གཅིག་ཀྱང་ཡིན་པས། སྔོན་ཆད་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་ཚོགས་པས་འཛམ་གླིང་གི་སྐྱེ་དངོས་སྣ་མང་ཅན་གཙོ་བོ་25ཁྲོད་ཀྱི་གཅིག་ལ་བདམས་པ་དང་། འཛམ་གླིང་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཀྱིས་འཛམ་གླིང་གི་སྐྱེ་ཁམས་ས་ཁུལ་200ཁྲོད་དུ་ཡང་བདམས་པར་མ་ཟད། དོམ་ཁྲ་འཚོ་སྡོད་ས་ཁུལ་འདི་ལ་ཀྲུང་གོའི་ཆེས་དཀོན་པའི་འགྱུར་རྡོ་གསོན་པོའི་སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་ཞེས་པའི་མཚན་སྙན་ཡང་ཡོད་དོ།།
  གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ།
  གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་རྩ་སྡེ་དགུ་རྫོང་གི་ཁོངས་སུ་ཡོད། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཁྲེན་ཏུའུ་དང་བར་ཐག་སྤྱི་ལེ་400ལྷག་ཡོད་པ་དང་། དེ་ནི་རིང་ཚད་ལ་སྤྱི་ལེ་40ལྷག་དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་620ཙམ་ཡོད་པའི་ལུང་ཤུར་ཞིག་ཡིན། དེའི་རྒྱ་ཁྱོན་གྱི་52% ཙམ་ཚང་ཚིང་གཡུ་ལོ་རྒྱས་པའི་གདོད་མའི་ནགས་ཚལ་གྱིས་ཁེངས་ཡོད་ལ། ནགས་ཚལ་ཁྲོད་དུ་རྩྭ་ལྡུམ་དང་མེ་ཏོག་སྣ་ཚོགས་སྐྱེས་ཤིང་། དོམ་ཁྲ་དང་སྤྲེའུ་སྤུ་སེར། ཤྭ་དམར་སོགས་སྲོག་ཆགས་རྩ་ཆེན་མང་པོ་ཅི་དགར་རྩེན། ད་དུང་མཐོ་ཞིང་བརྗིད་པའི་གངས་རི་དང་ལྗང་ལྡེམ་མེར་འཁྱིལ་བའི་མཚེའུ། ལྷུང་ལྷུང་དུ་འབབ་པའི་རྦབ་ཆུ་སོགས་གདོད་མའི་རང་བྱུང་ཁམས་ཀྱི་མཛེས་པ་མ་ཡལ་བར་གསལ་ལེར་མངོན་པས་དེ་ལ་བྱིས་སྒྲུང་གི་འཇིག་རྟེན་ཞེས་པའི་མཚན་སྙན་ཞིག་ཀྱང་གསོལ་ཡོད།
  གཙང་གསུམ་འབབ་ཡུལ་གྱི་མཛེས་ལྗོངས་ཁུལ།
  གཙང་གསུམ་འབབ་ཡུལ་གྱི་མཛེས་ལྗོངས་ཁུལ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁུལ་དང་ལི་ཅང་གྲོང་ཁྱེར། ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་བཅས་ཀྱི་ས་ཁོངས་སྟེ། ཡ་གླིང་ཤར་མ་དང་ཡ་གླིང་ལྷོ་མ། མཚོ་བོད་མཐོ་སྒང་བཅས་ཀྱི་འབྲེལ་མཚམས་སུ་ཡོད་ཅིང་། རྒྱལ་མོ་རྔུལ་ཆུ་དང་རྫ་ཆུ། འབྲི་ཆུ། གཞན་དེ་དག་འབབ་ཡུལ་གྱི་རི་རྒྱུད་ཀྱིས་གྲུབ། དེའི་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་ཁྲི་4.1ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་མཐོང་བར་དཀོན་པའི་རི་མཐོའི་ས་ངོས་ཆགས་ཚུལ་མངོན་པའི་ཚབ་མཚོན་ས་ཁུལ་ཞིག་ཡིན་པར་མ་ཟད། འཛམ་གླིང་སྟེང་གི་སྐྱེ་དངོས་རིགས་སྣ་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཀྱང་ཡིན། ས་ཁུལ་དེ་ན་རི་མཐོན་པོ་དང་གྲོག་རོང་། གངས་རི་དང་འཁྱགས་ཀླུང་། མཐོ་སྒང་དང་འདམ་ར། ནགས་ཚལ་དང་རྩྭ་ཐང་། སྲོག་ཆགས་དཀོན་པོ། རྩི་ཤིང་རྩ་ཆེན་སོགས་ཀྱིས་ཁེངས་པས་རང་བྱུང་མཐོ་སྒང་གི་མེ་ཏོག་ལྡུམ་ར་ཞེས་པའི་མཚན་སྙན་ཡོད།
  གསེར་མཚོའི་མཛེས་ལྗོངས་ཁུལ།
  གསེར་མཚོའི་མཛེས་ལྗོངས་ཁུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཟུང་ཆུ་རྫོང་གི་ཁོངས་སུ་ཡོད་ཅིང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་700ཙམ་ཡོད། དེའི་མཛེས་ལྗོངས་གཙོ་བོ་ནི་རིང་ཚད་ལ་སྤྱི་ལེ་3.6ཙམ་ཡོད་པའི་གསེར་མཚོ་ལུང་པར་ཡོད་ཅིང་ལུང་པའི་ནང་དུ་ཐན་སྐྱུར་སྲ་འགྱུར་ས་གཤིས་ཀྱིས་གྲུབ་ཅིང་ཆགས་དབྱིབས་སྐས་རིམ་ཅན་གྱི་རྣང་ཞིང་ལྟར་རིམ་པར་བརྩིགས་པ། དཀར་སེར་དམར་ལྗང་སོགས་ཁ་དོག་སྣ་ལྔ་ལྡན་པའི་རྫིང་བུ་ཆེ་ཆུང་བརྒྱ་ཕྲག་ལྷག་ཡོད་པར་མ་ཟད། ས་བབ་མཐོ་ཚད་སྨི་20ཅན་གྱི་ལུང་མདོ་ནས་སྨི་3800ཡོད་པའི་ལུང་མགོའི་བར། རིམ་པ་བཞིན་དུ་ཚ་ཁུལ་བར་མ་དང་མཐོ་སྒང་གི་ནགས་ཚལ་སོགས་རྩི་ཤིང་རིགས་མི་འདྲ་བ་མང་པོ་ཚང་ཚིང་དུ་སྐྱེས་ཡོད། དེའི་ཁྲོད་དུ་དོམ་ཁྲ་དང་གཟིག་སོགས་འཛམ་གླིང་ན་དཀོན་པའི་སྲོག་ཆགས་རིགས་བཅུ་ཕྲག་འཚོ་ཞིང་རོལ་བ་དེས་གསེར་མཚོ་ལུང་པར་སྣོད་བཅུད་གཉིས་འཛོམས་ཀྱི་མཛེས་ལྗོངས་ངོ་མཚར་ཆེ་ཞིང་ལྟ་ན་སྡུག་པ་ཞིག་ཆགས་ཡོད་པས། དེ་ལ་འཛམ་གླིང་གི་ངོ་མཚར་ཡུལ་ལྗོངས་ཞེས་པའི་མཚན་སྙན་ཐོབ་ཡོད།།
  • ལེ་ཚན་སྔོན་མ།:བོད་བཙན་པོའི་དུས་སྐབས་སུ་བཞེངས་པའི་འབིས་ཁོག་གི་བཀའ་གཙིགས་བྲག་བརྐོས་མ།
  • ལེ་ཚན་རྗེས་མ།:འཛམ་གླིང་ཡོངས་ན་འཛམ་གླིང་རིམ་པ་ཅན་གྱི་ཤུལ་བཞག་རྒྱུ་རྫས་དུ་ཡོད།
  • དོ་སྣང་ཆེ་བའི་རྩོམ།