ལེབ་ཁོག་ནི་འབིས་ཁོག་རྒྱབ་ལོགས་ཀྱི་ལུང་པ་དེའི་མིང་ལ་ཟེར་ཞིང་། འབིས་ཁོག་ནས་ཐད་ཀར་བརྒྱུད་ན་ལེབ་ཁོག་ཏུ་ཐོན་ཏེ། དོན་དུ་ལེབ་ཁོག་དང་འབིས་ཁོག་གཉིས་ལུང་པ་གཅིག་ལ་རི་སྒང་ཞིག་གིས་བཅད་ཡོད། ས་ཆ་དེ་དེང་ཡུལ་ཤུལ་གྲོང་ཁྱེར་དཔལ་ཐང་ཞང་གི་མངའ་ཁོངས་ཡིན།
སྐྱེ་དགུ་གྲོང་ནས་ཤར་གྱི་༢༡༤རྒྱལ་ཁབ་བརྒྱུད་དེ་ཕལ་ཆེར་སྤྱི་ལེ་བཅུ་ཡས་མས་མཚམས་ཐོན་རྗེས་ཛ་ཆུ་བརྒལ་ཏེ་རི་བོ་ཕར་ཕྱོགས་ཀྱི་ལམ་སྣེ་བཟུང་སྟེ་སྤྱི་ལེ་ཉི་ཤུ་ཙམ་སོང་རྗེས་གཡས་སུ་ལུང་པ་ཞིག་གི་མདའ་རུ་སླེབས་ཤིང་། ལུང་པ་དེའི་ནང་ནས་ཆུ་ཕྲན་ཞིག་འབབ་པ་དེ་ཐད་ཀར་ལུང་མདའི་འཕྲད་དུ་ཤར་ཕྱོགས་སུ་རྒྱུག་པའི་འབྲི་ཆུའི་ནང་དུ་བཞུར། ལུང་པ་དེ་ནི་མིང་དུ་གྲགས་པའི་ལེབ་པ་ཁོག་ཟེར་ཞིང་། ལུང་མདའ་དེའི་མིང་ལ་ལེབ་མདའ་ཟེར། ལེབ་ཁོག་ཅེས་པའི་མིང་ཐོགས་དོན་ལ། ལབ་ཁོག་དང་ཀླུ་ཁོག་སོགས་བཞེད་ཚུལ་དུ་མ་ཡོད་ཅིང་། ཞིབ་འཇུག་པ་འགའ་ཡིས་ལེད་[1]ཅེས་བྲིས་འདུག ལེད་ཅེས་པའི་མིང་གི་ཐོག་མའི་བྱུང་ཚུལ་དེ་མདུན་རི་གཟེངས་སུ་ལངས་པའི་གངས་མ་རྫ་ཅན་གྱི་རི་བོ་དེར་འབྲེལ་བ་ཡོད་དེ། རི་བོ་དེའི་མིང་ལ་ལེབ་རྗེ་དཀར་ཡག [2]ཟེར་ཞིང་། དེ་ནི་མདོ་ཁམས་གནས་ཆེན་ཉེར་ལྔ་ལས་རྒྱམ་རྒྱལ་རྡོ་ཐིལ་གངས་དཀར་མཆེད་བརྒྱད་ཀྱི་ཤར་གྱི་སྒོ་སྲུང་ཡིན་པས། ཡུལ་མི་ཚོས་གཞི་བདག་རྩ་ཆེན་ཞིག་ལ་ངོས་བཟུང་བར་མ་ཟད། ལོ་ལྟར་རི་བོ་དེར་ལྷ་གསོལ་གནས་བསྟོད་བྱེད་ཀྱིན་ཡོད། གནས་རི་གལ་ཆེན་གྱི་མིང་དེ་རིམ་བཞིན་ཉེ་བའི་ཡུལ་དང་ལུང་པ་ལ་བཏགས་ཏེ། ད་གཟོད་རི་བོ་ལེད་འདབ་ཀྱི་ལུང་པ་ཡོངས་ལ་ལེབ་ཁོག་ཅེས་ཐོགས་པར་སྙམ།
སྤྱིར་ལེབ་ཁོག་ལུང་བ་དེ་ནུབ་ནས་ཤར་དུ་ཁ་གཏད་ཡོད་ཅིང་། ལེབ་མདའ་ནས་ལེབ་ཡེ་ལ་བར་དུ་སྤྱི་ལེ་༢༠ཡས་མས་ཡོད། ལེབ་ཆུ་དེ་ནུབ་ནས་ཤར་དུ་འབབས་ཤིང་ལེབ་མདའ་ནས་འབྲི་ཆུ་ནང་དུ་འབབ། ལེབ་ཁོག་ལུང་པར་སྔོན་བཙན་པོའི་དུས་སྐབས་སུ་བཞེངས་པའི་ལྷ་སྐུ་དང་རི་མོ། མཆོད་རྟེན། གཟུངས་སྔགས། མདོ་སོགས་རྣམ་པ་སྣ་ཚོགས་པའི་གནའ་བོའི་རིག་གནས་ཀྱི་སྒྱུ་རྩལ་གྱིས་ཡོངས་སུ་བཏུམས་ཤིང་། ལུང་པ་དེ་ནི་ཐང་བོད་གནའ་ལམ་ཞེས་གྲགས་ཤིང་ཐང་སྲས་ཀོང་ཇོ་སྔོན་རྗེས་གཉིས་ཀ་ལམ་བུ་འདིར་བརྒྱུད་དེ་དབུས་ལྷ་སར་ཞབས་ཀྱིས་བཅགས་པའི་ངག་རྒྱུན་རབ་དང་རིམ་པ་ལུང་པ་འདི་དང་འབྲེལ་བའི་ཡུལ་མི་དག་གི་ངག་ལས་གྲགས།
ས་ཚུགས་དང་པོ། ལེབ་མདའ་འབྲི་ཆུ་འགྲམ་དུ་སྐུ་གཟུགས་བྱེ་མ་ཞེས་གྲགས་པའི་བྲག་ངོས་སུ་ལྷ་སྐུ་གཙོས་པའི་རི་མོ་སྣ་ཚོགས་བཞུགས་ཤིང་། གནས་དེ་སའི་གོ་ལའི་ཤར་གྱི་གཞུང་ཐིག་97°15 '11"དང་བྱང་གི་འཕྲད་ཐིག32°56 "3 ' བར་དུ་གནས་ཤིང་། རྒྱ་མཚོ་ངོས་ནས་མཐོ་ཚད་རྨིས་3518ལྷག་ཡོད། རི་མོ་དེ་དག་བྲག་ངོས་ཆེན་པོ་ཞིག་ལ་ཕྱོགས་གཉིས་བགོས་ཏེ་བརྐོས་འདུག ཕྱོགས་གཅིག་ལ་དབུས་ཀྱི་གཙོ་ལྷ་ནི་རྣམ་པ་སྣང་ཀེར་བཞེངས་གནང་བ་ཞིག་མངོན། སྐུ་དེའི་མཐོ་ཚད་ལ་རྨིས་3.50དང་སྲེད་ལ་རྨིས1.43ཡོད་ཅིང་། ཕྱག་གཡས་ལུས་འགྲམ་དུ་བརྐྱངས་ཤིང་ལག་མཐིལ་ཕྱི་རུ་གཏད། གཡོན་པ་སྙིང་གར་མེ་ཏོག་བསྣམས། སྐུ་སྟོད་ནུ་འབུར་དང་ལྟེ་བ་སོགས་རྗེན་པ་མངོན་པ་དང་། དབུ་ལ་མེ་རི་དང་སྐུ་ལུས་ཁྱོན་ཡོངས་ལ་མེ་རིས་བསྐོར་འདུག ཞབས་གཉིས་རྐང་རྗེན་ཕྱི་རྟིང་མཉམ་དུ་གཏད། སྐུ་སྨད་དར་གྱི་དོར་མ་ཁ་ཆེ་མནབས། གཙོ་ལྷའི་འོག་གཡོན་ཞབས་ཀྱི་འགྲམ་དུ་སྐྱེས་པ་ཐང་ལུགས་ལྟག་རལ་གཙུག་གཏོར་ཅན་ཞིག་གིས་མཆོད་པ་འབུལ་བཞིན་པའི་རྣམ་པ་དང་། ཕྱག་གཡས་ལྷུང་གཟེད་ཞབས་ནས་བཏེགས་ཤིང་གཡོན་ཁ་ནས་བསྣམས། ལྷུང་གཟེད་ཀྱི་ཁ་ནས་རླངས་པ་དལ་གྱིས་འཕྱུར། པུས་མོ་གཡས་ཀྱི་ལྷ་ང་སར་བཙུགས་པ་དང་། གཡོན་གྱི་རྐང་པས་ས་རུ་བཙུགས། དེའི་རྒྱབ་ཏུ་བོད་ལྭ་གྱོན་པའི་སྐྱེས་པ་ཞིག་ཀེར་ཏེ་ཕྱག་གཉིས་ཀྱིས་ལྷུང་གཟེད་བཏེགས་ཏེ་མཆོད་པའི་ཚུལ་དུ་བསྣམས། སྐུ་དེའི་རིང་ཚད་ལ་རྨིས་༡༥༥དང་། དེའི་རྒྱབ་ཏུ་སྐྲ་བསླས་སྟངས་དང་ལྭ་བ་གྱོན་སྟངས་སོགས་ཐང་རྒྱལ་རབས་ཀྱི་མིའི་ལུགས་དང་འདྲ་བའི་སྐྱེས་མ་ཞིག་ཀེར་ཏེ་ཕྱག་གཉིས་ཀྱིས་མེ་ཏོག་གི་འདབས་མ་རྩེ་མོ་ཅན་བཏེགས་ཏེ་མཆོད་པའི་ཚུལ་དུ་བཞུགས། སྐུའི་མཐོ་ཚད་ལ་རྨིས༡༣༠དང་། དེའི་རྒྱབ་ཏུ་སྐྱེས་པ་ཐང་གོས་ལྟག་རལ་གཙུག་གཏོར་ཅན་ཞིག་གིས་ཕྱག་རྒྱ་ཚུལ་གྱིས་མེ་ཏོག་འདབས་མ་གོར་གོར་ཅན་བསྣམས། སྐུའི་རིང་ཚད་ལ་རྨིས་༨༤འདུག གཙོ་ལྷའི་ཞོལ་དུ་ཀེར་བའི་མི་བཞི་བོས་མེ་ཏོག་དང་ཞལ་ཟས་ཀྱི་མཆོད་པ་ཕུལ་ཞིང་དབུས་ཀྱི་བོད་པའི་ཆས་ལུགས་ཀྱི་སྐྱེས་པ་དང་ཐང་གི་ཆས་ལུགས་ཀྱི་སྐྱེས་མ་དེ་ནི་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་གཉིས་རེད་ཅེས་ས་གནས་ཀྱི་ཡུལ་མི་དག་གིས་ངག་ལས་ཐོས་ཅིང་། ཡུལ་སྐོར་གྱི་སྣེ་ཤན་མས་ཀྱང་དེ་ལྟར་འགྲེལ་གྱི་འདུག ང་ཚོས་བྲག་བརྐོས་ཀྱི་རི་མོར་ཞིབ་ཀྱི་བལྟས་ཚེ། མཆོད་པ་འབུལ་བཞིན་པའི་མི་བཞི་ལས་གསུམ་ནི་ཐང་ལུགས་ཀྱི་ཆས་དང་གཅིག་ནི་བོད་ལུགས་ཀྱི་ཆས་སུ་མཛད་འདུག དེ་དག་ལས་དབུས་ཀྱི་གཅིག་ནི་ཐང་ལུགས་ཆས་ཅན་གྱི་བུད་མེད་ཅིག་དང་དེའི་མདུན་དེ་བོད་ལུགས་ཆས་ཅན་གྱི་སྐྱེས་པ་ཞིག་ཡིན་ལ། སྐྱེས་པ་དེས་དབུ་ལ་དར་གྱི་ལེབ་རྒན་དཀྲིས་འདུག དར་ལེབ་རྒན་དཀྲིས་པ་ཙམ་གྱིས་སྲོང་བཙན་སྒམ་པོ་ཡིན་ཞེས་བཤད་པ་དཀའ་སྟེ། བོད་ཀྱི་ལྡེབས་རིས་དང་འཇིམ་བཟོ་ལས་ཐོན་མི་སམ་བྷོ་ཊ་དང་མགར་སྟོང་བཙན་ཡུལ་བཟུང་སོགས་ཀྱིས་དབུ་ལ་དར་ལེབ་རྒན་དཀྲིས་པ་མཐོང་ལ། དེ་ནི་ཕལ་ཆེར་སྲོང་བཙན་སྒམ་པོ་ཙམ་མིན་པ་བཙན་པོའི་སྐབས་མཐོ་རིམ་མི་སྣས་དར་ལེབ་རྒན་གྱིས་དཀྲིས་པའི་སྲོལ་ཡོད་པར་སྣང་། དེའི་ཕྱིར། སྲོང་བཙན་དང་རྒྱ་བཟའ་གཉིས་ཀྱི་སྐུ་བརྙན་ཡིན་མིན་ཐད་ཇི་བཞིན་དུ་ཐག་གཅོད་པར་དཀའ་ཡང་། ང་ཚོས་ཕྱོགས་གཉིས་ལ་བསམ་བློ་གཏང་ཆོག་སྟེ། གཅིག་ནི་བཞེངས་པ་པོས་ཐད་ཀར་སྲོང་བཙན་དང་རྒྱ་བཟའ་གཙོས་པའི་འཁོར་གྱིས་རྣམ་པ་སྣང་མཛད་ལ་མཆོད་པ་འབུལ་བའི་རྣམ་པ་ཡིན་པ་དང་། ཕྱོགས་གཞན་ཞིག་ནི་ཐང་བོད་མཚོན་པའི་དད་ལྡན་མི་སྣས་རྣམ་སྣང་ལ་མཆོད་པ་འབུལ་པའི་རྣམ་པའང་ཡིན་སྲིད། ང་ཚོས་ཐག་གིས་ཆོད་པའི་གནད་དོན་ཞིག་ནི་སྐུ་བརྙན་དེ་དག་ཕྱོགས་གཉིས་ལས་གང་ཞིག་ཡིན་དུའང་དེས་རྒྱ་བཟས་བཞེངས་པར་གྲགས་པའི་ངག་རྒྱུན་དེའི་ལུང་ཁུངས་འཛིན་པར་དཀའ། བྲག་བརྐོས་ཀྱི་ཁྱོན་ཡོངས་ལ་གཞིགས་ཚེ་འབིས་ཁོག་གི་རྣམ་སྣང་དང་ཉེ་བའི་སྲས་ཆེན་བརྒྱད་སོགས་ཀྱི་ལུགས་དང་ཀུན་ནས་མཚུངས་པར་སྙམ།
བྲག་ངོས་དེའི་གཡས་ལོགས་ཏུ་བྲག་བརྐོས་རི་མོ་གཞན་ཞིག་འདུག་སྟེ། དེའི་དབུས་ཀྱི་གཙོ་ལྷ་ནི་སེང་གེ་གཉིས་ཀྱིས་གཞོགས་གཉིས་བཏེགས་པའི་ཁྲི་ཐོག་ཏུ་དཀྱིལ་དཀྲུང་དུ་བཞུགས་པ། ཕྱག་གཉིས་སྙིང་གར་ཕྱག་རྒྱ་འཛིན་པ། གཙུག་གཏོར་ཅན། མཐོ་ཚད་ལ་རྨིས་༢༠༨དང་ཡ་མཚར་བ་ཞིག་ལ་སེང་གེ་གཉིས་པད་མའི་གདན་དུ་འགྱིང་བ། གཡོན་གྱི་སེང་གེ་ཡོད་སའི་བྲག་ལྡེབས་གཅིག་སྐྱོན་ཤོར་བས་སེང་གེའི་གཟུགས་བརྙན་མཐོང་མི་ཐུབ། གཙོ་ལྷའི་གཡས་ཕྱོགས་སུ་སྐུ་ཞིག་བརྐོས་པའི་རྗེས་ཤུལ་ཞིག་ཡོད་ལ། ལྷའི་ཆ་ལུགས་དང་རྣམ་པ་སོགས་གཏན་ནས་མི་མཐོང་། གཡོན་གྱི་སྨད་ཙམ་དུ་དཀྱིལ་དཀྲུང་དུ་བཞུགས་པའི་ལྷ་ཞིག་སྙིང་གར་ཕྱག་རྒྱ་སྟངས་ཅན་ཞིག་འདུག དེའི་སྟོད་དུ་མཆོད་པའི་ལྷ་གསུམ་གྱི་བརྐོས་རིས་མངོན། གཡས་ཕྱོགས་ཀྱི་ཞོལ་དུ་ཁྱི་ལྟ་བུ་རྔ་མ་རིང་པོ་ཅན་གྱི་སེམས་ཅན་གསུམ་དང་། དེའི་གཞོག་ཏུ་ནོར། གླང་ཆེན་ལྟ་བུ་སེམས་ཅན་གཉིས་འདུག གཡོན་གྱི་ཞོལ་དུ་ཁོག་སྟོད་མི་དང་ཁོག་སྨད་ཉའི་རྣམ་པ་ཅན་གྱི་སེམས་ཅན་གསུམ་དང་། དེའི་མདུན་དུ་རྟ་གཅིག གཞན་ཁོག་སྟོད་རྒྱ་མཚོའི་ནང་དུ་གནས་པའི་ཆུ་སྲིན་ལྟ་བུ་དང་ཁོག་སྨད་ཁྱི་ལྟར་རྔ་མ་གྱེན་དུ་གྲིལ་བའི་སེམས་ཅན་གཅིག་བཅས་སོ།།
ས་ཚིགས་གཉིས་པ། དེ་ནས་ལེབ་ཁོག་ལུང་པའི་འགག་ཏུ་སྤྱི་ལེ་གཅིག་ཙམ་མཚམས་སུ་ཨ་ལག་ཟམ་ཁ་ཟེར་བར་བྲག་རི་དམར་པོ་གཟེངས་སུ་མཐོ་བའི་ངོས་སུ་ཡིག་གེ་དང་སྟོད་ན་སྐུ་སོགས་བཞེངས་འདུག བྲག་ངོས་གཟར་ཆེ་བས་དང་བྲག་ངོས་སུ་བརྐོས་པའི་ལྷ་སྐུའི་ཐིག་རིས་དག་ལོ་ཟླའི་བཞུར་རྒྱུན་རིང་མོའི་ཁྲོད་ཆར་ཉིར་ཟགས་པ་སོགས་རྒྱུ་རྐྱེན་དུ་མས་གསལ་བོར་མི་མཐོང་། ལྷ་སྐུ་དེའི་གཡས་ཞོལ་དུ་གུ་གི་ཕྱིར་ལོག་ཅན་གྱི་བརྡ་རྙིང་ཡི་གེ་བྲིས་པ་མངོན། ཡི་གེ་ཁྱོན་ལ་ཡིག་ཕྲེང་བཅོ་བརྒྱད་ཡོད་ཅིང་། ལ་ལ་ཆུ་ཟགས་པ་དང་ལ་ལ་ཞིག་བྲག་ངོས་སྐྱོན་ཤོར་བ་སོགས་རྒྱུ་རྐྱེན་དུ་མས་ཡིག་འབྲུ་མང་པོ་ཞིག་མི་གསལ་ཞིང་། འགའ་ཞིག་ཚིག་གྲོགས་ལ་ལྟོས་ཏེ་རིགས་པས་དེད་ན་ཁ་སྣོན་ཀྱི་འདུག གཤམ་དུ་ཁོ་བོས་དེར་སོང་ནས་མ་ཡིག་ངོ་བཤུས་བྱས་པ་གཤམ་གསལ།
1༄། སློབ་དཔོན་མི་ཡུལ་སྒྲ་ཅན་ན་བཞུགས
2 ཏེ དོམས་སྦར་×གཤིས་ལྷུང་གཟེད་ཁྱེར་ཏེ།
3 ×དེ་བརྩིས་བཀང་ནས
4 བཅོམ་ལྡན་འདས××××
5 ཡོན་དུ་གསོལ་ཏོ། དེ་ནས་བཀའ་བཞིན་ཕྱ་ནུར
6 སོང་་བང་ཁྲོན་པར་ལྷུང་བ་དུམ་ལས་འདས་སོ། དེ་མྱིའསྐྱེས་ལ་ཆོས་
7 ཐོས་ནས་འཕགས་པའྀ་འབྲ་བུ་ཐོབ་པའོ།
8 སྐྱེས་ཚལ་ལུམ་བྀ་ནིརབྱང་ཆུབ་སེམས་དཔའ་ཡུམ་གྱི་×གསུམ་གྱི་སྙིང་ནས་××ནས་×××མ་མོ××ཕྱོགས
9 བཞིར་གོམ་་པ་བདུན་བདུན་པོར་ཏེ་འདས་གསུངས་×××ཕྱོགས་×
10 ལས་འདའ་བའྀ་དང་པོར་འགྲོ་བར་བྱའོ། འདྀ་ནིའ་ཕྱོགས་×ལ་×ང་(མི)
11 ནུབ་ཕྱོགས་ཏེ་ངའྀ་སྐྱེ་པའི་ཐམས་××××
12 ×××××××ས་ཆེན་པོ་འདི་
13 ས་པ་དྲུལ་དུ་གཡོས་སོ།། ཕྱོགས་བཅུ་འོད་སྣང་གསལ་བ་དག་བྱུང་བས་སེམས་ཅན
14 ཐམས་ཅད་དགའ་ི་བདེ་བར་གྱུར་ཏོ།། ིག×ས××ཀླུས་སོས་ཆུད×མེ་ཏོག་ཆ×
15 སེམས་རིན་པོ་ཆེའྀ་གཏེར་ལྔ་བརྒྱ་བགྱྀའོ། རྒྱལ་པོ་×××××བཙས་××ཀྱ
16 ལྔ་བརྒྱའ×བཙས་××གླང་མོའལྔ་བརྒྱ×××སྐྱ་སྣར་ལྔ་བརྒྱ་རྟེའུ་འབྲངས།
17 བ་ལང་ལྔ་བརྒྱ་བེའུ་འབྲངས།། དོའ དོན་××××རྒྱལ་བུའྀམཆན་དོས།
18 འགྲུ་ཏུ་གསོལ×ཏོ།
༢ བྲག་ངོས་གཡས་ཀྱི་མར་འོག་གི་རྟེན་ཡིག
1 རྒྱགརསྐད་དུཨརྱ××××
2 ཕྱིན་པའི་མདོ། བཅོམ་ལྡན་འདས་མ་ཤེས××
3ལྡནསངསརྒྱ×པོ་ཁབ་བྱ×གྱྀ××དགེ་སློང××
4 བཞུགས×། དེའིཚེབཅོམལྡནའདསཆོས××ཟབ་མོ××××
5 དེའྀཚེབྱང་ཆུབ་སེམསདཔཱ××འཕགས་པསྤྱནརསགཟྀགས་ཀྱི××××
6 པར་རྟོག་ཅིང་ཕུང་པོ་དེ་དགལཡྔརང་གཞན་གྱྀ་××ནས་ཆེ××××
7 ཆུབ་སེམས་དཔལ་སེཾས་དཔཱ་ཆེན་པོ་འཕགས་པ་སྤྱན་རས་གཟྀགས་ཀྱི××××
8 ལལཤེས×ཀྱིཕརོལ་དུ་ཕྱིན××××
9 ཆུབ་སེམས་དཔཱསེཾསདཔཱཆེན་པོ་འཕགས××××
10 རྀགས་ཀྱི×ཀྱིབུ་མོ་གང་ལ××××
11 སྟེ། ཕུང་པོ་ལྔ་པོ་སོགས་ཀྱིས་རང་བཞིན××××
12 ×××ཡྀནནོ། ། སྟོང་བ་ཉྀད་ནས་ཀྱང×××ཟུགས×××××
13 ཤརྀའི་བུ་དེ་ལྟར་ཆོས་ཐམས་ཅད་×××སྟོང་བ་ཉིད་དོ།། མཚན་
14 བྲིབམྱེད་པ། གང་བམྱེད་པའོ།། ཤརྀའི་བུ་དེ་ལྟར་ན་སྟོང་བ་ཉིད་ནི་གཟུགསམ××××
15 མ་ཡིན། རྣ་བ་མ་ཡྀན། ལྕེ་མ་ཡིན། ལུས་མ་ཡྀན། ཡིད་མཡིནནོ།། གཟུགས××××
16 གནས། ཡྀད་ཀྱི་ཁམས་མ་ཡིན། ཡྀད་ཀྱི་རྣམ་པར་ཤེསཔའྀ་ཁམས་××
17 སྡུགབསྔལདྔ། ཀུནའབྱུང་དང་། འགོག་པ་རང་། ལམ་མ་ཡིན། ཡེ་ཤེས་མ་ཡིན།
18 ཕྱྀར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པལགནས××ང་སྤྱོད་དེ། སེམས་གྱྀ་སྒྲིབ་པ་མྱེད་པས་སྐྲགཔམྱེད་དོ།། ཕྱྀམ་ནྀ××
19 དུས་གསུམ་དུ་རྣམ་པར་བཞུགས་པའྀ་སངསརྒྱས་ཐམསཅད་ཀྱང་ཤེས་རབ་ཀྱིཕ་རོལ་དུ་ཕྱིན་པ་ལ་××××སངས་རྒྱས
20 སོ།། དེ་བསན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའྀ་སྔགས། མྱྀ་མཉམ་པ་དང་མཉམ་པའྀ་སྔགས××××
21 པའི་སྔགས་སུ་ཤེས་པར་བྱ་སྟེ། བདེན་ཏེ་མནོར་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན ××འགད་ཏེ་པར་པར་སང་འག་ད་དེ་སྭཧ། ཤརྀའི་བུདང་བྱང་ཆུབ་སེམས་དཔཱ་སེམསདཔཱ××××ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའ×××
22 བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིནད་ལས་བཞེངས་ཏེ་བྱང་ཆུབ××××
23 དབང་བོལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོལེགས་སོ། རིགས་ཀྱི་བུ། དེ×བཞིན་ཏེ××ཁྱོད་ཀྱི××××
24 བསྙད་པདེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟ ×ྱདཔར་བྱ་སྟེ་དེ་བཞིན××
25 བཅོམ་ལྡན་འདས་དགྱེས་ཤྀང་དེ་སྐད་ཅེས་བཀའ་བསྩལ་ཏེ། ཚེ་དང་ལྡན་པའི་ཤ་རྀའི་བུད། བྱ
26 ལྷ་དང་མྱི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་གྱི་འཁོར་ད་དེ་ཐམས་ཅ××××
27 གསུང་པ་ལམ་ངོན་པར་དགའོ།། རྫོགས་སོ།།
ས་ཚིགས་གསུམ་པ། ལེབ་ཁོག་ལུང་མདའ་ནས་སྤྱི་ལེ་གསུམ་གྱི་མཚམས་སུ་ལེབ་ཆག་འགག་ཅེས་པའི་ཡུལ་མཛེས་སྡུག་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་སླེབས། འགག་དེ་ཅུང་དོག་ཀྱང་ཚང་ཚིང་གི་ལྗོན་བཟང་གསེབ་ནས་བྱ་རིགས་སྣ་ཚོགས་ཀྱི་སྐད་སྙན་སྒྲོག་པ་དང་། དབུས་སུ་བཞུར་བའི་དྭངས་ཤིང་གཙང་བའི་ཆུ་ཕྲན་གྱི་བཞུར་སྒྲ་ཡང་རྣ་བར་ལྷག་ཏུ་སྙན། དེའི་གཡས་ཕྱོགས་ཀྱི་བྲག་ངོས་ཆེས་དམའ་སར་ལྷ་སྐུ་འབུར་མ་འགའ་བཞུགས་ཤིང་། གཙོ་ལྷའི་དབུ་ལ་རིགས་ལྔ་བསྣམས་པ་དང་དཀྱིལ་དཀྲུང་དུ་ཕྱག་གཉིས་མཉམ་བཞག་ཏུ་བཞུགས།( སྐུའི་མཐོ་ཚད་རྨིས་༢༠༣ དང་། སེང་ཁྲི་མི་ཐེ་བར་ལྷ་སྐུ་རྐྱང་པ་ལ་རྨིས་༡༠༣ཡོད། སྲེད་ལ་རྨིས་༡༠༨དང་ཟབ་ཚད་ལ་རྨིས་༠༢༠བཅས་འདུག གཡས་ལྷའི་ཞལ་གསལ་བོར་མི་མངོན། ཕྱག་གཉིས་སྙིང་གར་ཕྱག་རྒྱ་འཛིན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་པདྨའི་གདན་དུ་བཞུགས། གཡོན་ལྷའི་དབུ་ལ་རིགས་ལྔ་བསྣམས་པ་དང་ཞབས་གཡས་བརྐྱངས་གཡོན་བསྐུམས་ཚུལ་དུ་བཞུགས། སྐུ་གསུམ་པོར་དབུ་དང་སྐུའི་མཐའར་མེ་རིས་བསྐོར། ལྷ་སྐུའི་འབུར་བརྐོས་ཟབ་ཚད་ཆེ་ཕྱིར་སྐུ་རྣམ་པ་ད་དུང་ལྷག་པ་མ་གཏོགས། ཞལ་གྱི་དབང་པོའི་རྣམ་པ་སོགས་ཞིབ་ཆ་གསལ་བོ་མི་མངོན་པས། ལྷ་སྐུ་དེ་དག་སྐུ་གང་ཡིན་གསལ་བོར་ངོས་མི་ཟིན་ཀྱང་། སྟབས་ལེགས་པ་ཞིག་ལ་ལྷ་སྐུའི་འོག་ཏུ་བརྡ་རྙིང་མའི་ཡི་གེ་ཕྲེང་གསུམ་མཆིས་པར་མཇལ་ཚེ་གོང་གི་ལྷ་སྐུ་འབུར་བརྐོས་མ་དག་སྐུ་གང་ཡིན་པ་གསལ་བོར་ཤེས་ཐུབ། གཤམ་གྱི་“བརྡ་རྙིང་མའི་ཡི་གེ་ནི། སངས་རྒྱས་རྣམ་པར་སྣང་མཛད་དང་ཕྱག་ན་རྡོ་རྗེ་དང་ཨརྱ་པ་ལོ་ལ་ཕྱག་འཚལོ་རྟའི་ལོ་ལ་བགྱྀས་།། ”བརྡ་རྙིང་ཡིག་འབྲུ་འདི་དག་ལས་ང་ཚོས་གོང་གི་སྐུ་གསུམ་མོ་རྣམ་པ་སྣང་མཛད་དང་ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས་གསུམ་ཡིན་པ་ཤེས་པར་མ་ཟད། དེ་ལས་གལ་ཆེ་བ་ཞིག་རྟའི་ལོ་ལ་བཞེངས་ཞེས་པའི་ལོ་ཚིགས་བསྟན་པ་དེ་རེད། སྤྱིར་ལེབ་ཁོག་ལུང་ནང་དུ་ལྷ་སྐུ་དང་རྟེན་ཡིག མཆོད་རྟེན་སོགས་རིན་ཐང་གཞལ་དུ་མེད་པའི་གནའ་བོའི་བྲག་བརྐོས་སྒྱུ་རྩལ་རིག་གནས་ཕུན་སུམ་ཚོགས་པ་དེ་དག་བཙན་པོ་གང་གི་སྐུ་རིང་ལ་བཞེངས་པ་དང་། བཞེངས་མཁན་གྱི་མཚན་སོགས་ཅི་ཡང་མེད་ཕྱིར། དུས་ནམ་བཞེངས་པར་ཁ་ཚོན་གཅོད་པར་ཤིན་ཏུ་དཀའ། འོན་ཀྱང་། རྟའི་ལོ་ཞེས་པ་ལོ་ཚིགས་དེ་ནི་ལེབ་ཁོག་ལུང་ནང་གི་གནའ་བོའི་བྲག་བརྐོས་སྒྱུ་རྩལ་རིག་གནས་དེ་དུས་ནམ་བཞེངས་པར་ཞིབ་འཇུག་བྱ་བའི་ཁུངས་སྣེ་གལ་ཆེན་ཡིན། མ་ཚད་འབིས་ཁོག་གཙོ་ལྷ་དགུ་བཞེངས་ལོ་སྟེ་ཁྱིའི་ལོ་དང་འབྲེལ་བ་དམ་པོ་ཡོད་པ་འདོད།
ས་ཚིགས་བཞི་པ། དེ་ནས་ལུང་པའི་ཕུ་རུ་གོམ་པ་ཉིས་བརྒྱ་ཙམ་མཚམས་ཀྱི་གཡས་ཕྱོགས་སུ་ལུང་པ་ཕུ་ཐག་རིང་མོ་ཞིག་ཁ་ལྷོ་ཕྱོགས་སུ་གཏད་འདུག ལུང་པ་དེ་གནའ་ནས་བྱེའུ་ཆུ་ཁུག་ཟེར། ལུང་པའི་མདའ་ནས་གོམ་པ་ཁ་ཤས་སུ་མཆོད་རྟེན་ཆེན་པོ་ཏོག་མེད་པ་ཞིག་བཞེངས་འདུག གྱེན་དུ་གཟར་བའི་འགག་དོག་མོ་དེ་རིམ་བཞིན་འཛེགས་ཚེ། ཕལ་ཆེར་སྤྱི་ལེ་གསུམ་ཡས་མས་སུ། བྲག་ངོས་ཅུང་གཟར་བར་མཆོད་རྟེན་འབུར་བརྐོས་མ་ཞིག་བཞེངས་འདུག མཆོད་རྟེན་གྱི་མཐོ་ཚད་ལ་རྨིས་ལྔ་དང་ཟབ་ཚད་ལ་རྨིས་༠༡༢ལྷག་འདུག མཆོད་རྟེན་དེ་ལ་བང་རིམ་བཅུ་བཞི་ཡོད་ཅིང་། དཀྱིལ་དུ་སངས་རྒྱས་ཀྱི་སྐུ་ཞིག་བཞེངས་འདུག བམ་ཏོ་འོག་ལ་སླར་བང་རིམ་དགུ་འདུག དེའི་གཡས་འགྲམ་དུ་རྡོ་སེམས་ཀྱི་སྐུ་ཞིག་དང་དེའི་འགྲམ་དུ་མཆོད་རྟེན་གཉིས་མཉམ་དུ་བཞེངས་ཤིང་། གཅིག་ཤོས་ཀྱི་དབྱིབས་ནི་དགེ་ཆོས་ཀྱི་གསུངས་པར་ལྟར་དྲིལ་བུ་ཁ་སྦུབ་པ་ལྟ་བུ་དང་། གཅིག་ཤོས་ནི་དེང་སང་གི་མཆོད་མཆོད་རྟེན་གྱི་དབྱིབས་དང་ཀུན་ནས་མཚུངས། ལུང་པ་དེའི་ཕུ་རུ་རིམ་བཞིན་སོང་ཚེ། བྲག་བརྐོས་མཆོད་རྟེན་ཤིན་ཏུ་མང་ཞིང་། ཡུལ་མི་དག་གི་བཤད་ཚུལ་ལྟར་ན་ལུང་པའི་ནང་དུ་མཆོད་རྟེན་བརྒྱ་དང་རྩ་བརྒྱད་ཡོད་པ་གྲགས། ང་ཚོས་མིག་མཐོང་ལག་ཟིན་གྱི་མཆོད་རྟེན་བྲག་བརྐོས་མ་དག་རེ་རེ་བཞིན་རྩིས་ཚེ་བདུན་ཅུ་རྩ་གཅིག་ཙམ་བགྲང་ཐུབ། འོན་ཀྱང་མང་པོ་ཞིག་ཆར་རླུང་གིས་དག་པ་དང་། འགའ་ཞིག་བྲག་སྐྱི་འཐོར་བ་སོགས་ཕྱི་རྐྱེན་དུ་མས་མཆོད་རྟེན་གྱི་དབྱིབས་དང་ཚུགས་ཀ་སོགས་ཇི་བཞིན་མཇལ་བའི་སྐལ་བ་དབེན། གང་ལྟར་འགག་འཕྲང་དེའི་གཡས་གཡོན་གྱི་བྲག་རི་རྔམ་ཞིང་མཐོ་བ་དང་། ཤུག་པ་དང་ལྕང་མ། གླང་མ་སོགས་ལྗོན་བཟང་ཕྲེང་བ་ཚར་དུ་དངར་བ། བྲག་ངོས་ཕྱོགས་ཀུན་ལ་མེས་པོ་བློ་གྲོས་ཅན་དག་གི་སོར་རྩེ་ལས་འཁྲུངས་པའི་བྲག་བརྐོས་ཀྱི་སྒྱུ་རྩལ་ཏེ། མ་ཎི་འབྲུ་དྲུག་དང་། ལྷ་སྐུ མཆོད་རྟེན། བསྔོ་སྨོན། ཡིག་བརྒྱ་སོགས་རབ་ཏུ་བཏུམས་པས། རི་ཀླུང་ཀུན་ཏུ་ཆོས་ཀྱི་དྲི་ངད་གང་སར་ལྡང་།
ཕྱིས་སུ་དེའི་གཡས་གཡོན་དུ་སྐྱེས་ཆེན་དམ་པར་བན་ཆེན་བླ་མ་ཀརྨ་རྒྱལ་དབང་དང་བློ་གྲོས་རབ་གསལ་རྣམ་གཉིས་ཀྱིས་བཞེངས་པའི་མ་ཎིའི་བྲག་འབུར་དང་བླ་མ་བློ་ལྡན་གྱིས་བཞེངས་པའི་མདོ་པད་དཀར་འབུར་མ་བཅས་བཞུགས། ལེབ་པའི་འབྲོག་ས་དགུན་འཚེར་ནི་གྲོང་པ་དེ་དང་། གཡས་ལག་རྣ་ཤུང་༼ཆུང་༽ནང་བཀྲ་ཤིས་བཀྱག་ཁ་ཞེས་དུར་ཁྲོད་རྟོགས་ལྡན་ཀརྨ་རྒྱལ་དབང་ཆོས་ར་བཙུགས་ས་ཡིན་པས་དགེ་བས་བཀྲ་ཤིས་པའི་དོན། དེ་ནས་ཡར་གཡོན་ཕྱོགས་འགམ་གམ་ཞེས་པའི་ས་དེ་ལ་བག་ར་ཧོ་ཡང་ཟེར། སྤང་གི་དཀྱིལ་ཏུ་བྲག་ཟུར་མཐའ་རིས་མཐའ་ནས་གོར་གོར་ཞིག་ལ་ཟེར། དེ་ནི་ལེབ་རྒྱལ་དཀར་ཡག་གི་མདུན་ལ་བྲག་འབུར་འཛམ་གླིང་གཡས་བཞག་ཟེར་བ་རྟོགས་ལྡན་ཀརྨ་རྒྱལ་དབང་གིས་བཞེངས་པའི་ཕོ་འདོམ་བཞི་ཅུ་ཞེ་བརྒྱད་ཡོད་པ་ཞིག་བཞེངས་ཡོད་པས་མི་ཤུགས་དང་རྒྱུ་ཤུགས་སོགས་གང་གི་ཆ་ནས་ད་ལྟའི་སྤྱི་ཚོགས་དང་མི་འདྲ་བས་ཤིན་ཏུ་སྐུ་ཕྱག་འོ་རྒྱལ་ཆེ་བ་དང་བྲག་ངོས་སུ་འབུར་མ་འཛམ་བུ་གླིང་ནས་ཆེ་ཤོས་ཡིན་པས་ཤིན་ཏུ་གྲགས་སོ། ། ལེབ་རྒྱལ་ཤོག་ལ་སྒྲུབ་ཕུག་བརྒྱ་རྩ་བརྒྱད་ཡོད་ཟེར་སྲོལ་ཡོད་ཀྱང་། ཨོ་རྒྱན་གུ་རུ་རིན་པོ་ཆེ་བཞུགས་པའི་འཚམས་ཁང་དང་ཀརྨ་པ་བཅུ་གསུམ་བདུད་འདུལ་རྡོ་རྗེ་བཞུགས་པའི་སྒྲུབ་ཁང་ཡོད་པ་མ་ཟད་ནང་ཀར་ཁུང་ནས་འབྲི་ཆུ་ཟོར་བའི་ཆོལ་ལྟ་ཞིག་མཐོང་ཐུབ། ཡེ་ཤེས་དཔལ་འབར་འཚམ་ཁང་སོགས་མང་པོ་མཆིས།
--------
[1] ཆབ་མདོ་ལྡན་མའི་བྲག་བརྐོས་ཡི་གེ་ལས། ༄། ཡེ་ཤེས་དབྱངས་ཀྱིས་ཡོལ་དང་འབོམ་དང་ལེད། བོའུ་དུ་ཡང་རྒྱ་ཆེ་བྲིས་སོ། ཞེས་ལོ་ཆེན་ཡེ་ཤེས་དབྱངས་ཀྱིས་སྔ་ཕྱིར་ཡུལ་ལུང་མི་འདྲ་བ་ལྔ་ལ་ལྷ་སྐུ་རྟེན་བཞེངས་ཀྱི་དགེ་ལས་བགྱིས་པའི་གནས་ཚུལ་བཀོད་ཡོད་ལ། དེར་བཀོད་པའི་ལེད་ཅེས་པ་ནི་དེང་སང་ལེབ་དང་ལབ་ཀྱི་དོན་ཡིན། ལོ་ངོ་སྟོང་གི་ཡར་སྔོན་དུ་ས་ཆར་དེར་ལེད་ཅེས་འབོད་པར་ཁ་ཚོན་གཅོད་ཐུབ།
[2] ལེབ་རྗེ་དཀར་ཡག་ནི། ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་བར་ཐག་སྤྱི་ལེ་༢༠དང་ལམ་ཐག་སྤྱི་ལེ་༣༡ཡི་མཚམས་སུ་ས་གོ་ལའི་ཤར་གྱི་གཞུང་ཐིག་༩༧°༡༡′༣༨″དང་། བྱང་གི་འཕྲེད་ཐིག་༣༢°༥༣′༣༠″ཐོག་ཏུ་ཡོད་ཅིང་ས་མགོ་མཐོ་ཚད་ལ་སྨི་༥༠༥༩ཡོད་དང་། རི་དེ་ནི་རི་མགོ་རྫ་ཡིས་བཟུང་ཞིང་རི་སྐེད་དང་རི་འདབས་སྤང་གིས་གྲུབ་པའི་སྤང་རི་རྫ་ཡིས་བརྒྱན་པའི་རི་རྔམ་བརྗིད་ཅན་ཞིག་ཡིན། ལེབ་རྒྱལ་དཀར་ཡག་ཅེས་པའི་གཞི་བདག་དེའི་ཕྱག་གཡས་ལ་རྒྱལ་མཚན་འཛིན་ཞིང་གཡོན་ལ་ནེའུ་བཟུང་པ་དང་སྐྱེས་གཟུགས་ཡག་ལ་མི་དཀར་རྟ་དཀར་ཅན་ཞིག་ཡོད་པར་བཤད། ཡུལ་དེའི་ངག་རྒྱུན་ཞིག་ལ་ནི། ལེབ་རྗེ་དཀར་ཡག་ཀྱི་སྐྱེས་གཟུགས་ཧ་ཅང་ཡག་པོ་ཡོད་ཅིང་། ལེབ་རྗེ་གྱི་ལྷོ་ཕྱོགས་སུ་ཡོད་པའི་རྒྱམ་རྒྱལ་རྡོ་ཏི་གངས་དཀར་གྱི་ཤར་གྱི་སྒོ་སྲུང་སྐུ་རྒྱལ་དཀར་ཡག་གི་བཙུན་མོར་སྐྱེས་གཟུགས་ཤིན་ཏུ་ཡག་པོ་ཞིག་ཡོད་པ་དེ་ཕན་ཚུན་དགའ་ནས་སྐུ་རྒྱལ་དཀར་ཡག་བྱེས་སུ་སོང་རྗེས་བཙུན་མོ་ལྐོག་ནས་ལེབ་རྒྱལ་ས་ལ་འགྲོ་བཞིན་ཡོད། བཙུན་མོས་རང་གི་བུ་དེ་ཉིན་བཞིན་ཇེ་ཆེར་འཚར་བཞིན་ཡོད་པ་དེ། ཉིན་ཞིག་སྐུ་རྒྱལ་ལས་གཟུགས་རིང་པར་གྱུར་ནས་རང་ཉིད་ལེབ་རྒྱལ་སར་ལྐོག་འགྲོས་ཀྱི་ལས་དེ་མཐོང་བར་དོགས་ནས་མོས་རང་གི་བུ་དེའི་མགོ་ལ་ཞོ་སྐྱོགས་བརྒྱབ་པས་དེ་ནས་བཟུང་སྐུ་རྒྱལ་གྱི་བུ་དེའི་གཟུགས་ཆེ་རྒྱུ་མེད་པར་གྱུར། སྐབས་ཤིག་སྐུ་རྒྱལ་བྱེས་ནས་གཞིས་སུ་སླེབས་ནས་ལེབ་རྒྱལ་དང་བཙུན་མོའི་ལྐོག་ལས་ཀྱི་བྱ་བ་ཤེས་པར་གྱུར། དེ་ནས་ལེབ་རྒྱལ་གྱིས་སྐུ་རྒྱན་གྱི་ཕྱོགས་སུ་རང་གི་འཁོར་གྱི་ཀླུ་དམག་སྡུག་པ་ཅན་གམ་སྦལ་དམག་དྲངས་ནས་འབོ་ཡུ་སྟག་རྩེའི་འདབས་སུ་སླེབས་པ་དང་སྐུ་རྒྱལ་གྱིས་རྡོ་དམག་ཕབས་པའི་དམག་དཔོན་གཉིས་ཀྱིས་གནས་དེ་ནས་བཀག་པས་སྦལ་དམག་གནས་དེ་ལས་ཡར་སྐུ་རྒྱན་གྱི་ཕྱོགས་ས་འགྲོ་མ་ཐུབ། དེ་ནས་སྐུ་རྒྱན་གྱིས་ཞེ་སྡང་གིས་མདའ་ཞིག་འཕངས་པས་ལེབ་རྒྱལ་གྱི་ལྟོ་བར་ཕོག་ནས་ཁྲག་དམར་ཤར་རེར་བཞུར་ཡོང་། དེ་ནས་ཕན་ཚུན་དགྲ་ལེན་མེད་པར་ཕན་ཚུན་ཞི་མཐུན་ངང་གནས། ལེབ་རྒྱལ་ལ་མདའ་ཕོག་པའི་མདའ་ཤུལ་གནམ་སྐར་ཡོད་པ་དེ་སྤྱི་ལོ་༡༩༩༦ལོར་ཞིག་པ་དང་ཁྲག་བཞུར་བའི་རྗེས་ཤུལ་ད་ལྟའང་མཐོང་རྒྱུ་ཡོད། འབོ་ཡུ་འགག་ཡན་ཆོད་ཀྱི་སྐུ་རྒྱལ་ཕྱོགས་སུ་སྦལ་པ་གཅིག་ཀྱང་མཐོང་རྒྱུ་མེད་ལ་མན་ཆོད་ལ་སྦལ་པ་མང་པོ་ཡོད་པ་དང་། སྐུ་རྒྱལ་རི་འདབས་ནས་འབོ་ཡུ་འགག་བར་རྡོ་ཕ་ཝང་དམག་གྲལ་སྒྲིག་པ་ལྟ་བུ་མང་པོ་ཡོད། སྐུ་རྒྱལ་བུ་རུ་གྲགས་པའི་བྲག་རི་སྐུ་རྒྱལ་དང་འདྲ་བ་ཞིག་ཡོད་པའི་རྩེ་རུ་ཞོ་སྐྱོགས་བཞུས་ཤུལ་ཞོ་འགོས་པ་ལྟ་བུའི་དཀར་ཐིག་ཆགས་ཡོད།