རང་ཁུལ་གྱིས་དེ་སྔོན་བོད་དམག་མདའ་ཤོག་གི་དམག་མི་རྒན་གྲས་ཀྱི་འཐུས་མིའི་མཐུན་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2021-07-26

ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ་དང་། བོད་དམག་མདའ་ཤོག་གི་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་དྲན་བྱེད་པ། འཐབ་གྲོགས་ཀྱི་བརྩེ་སེམས་ལྷུག་པོར་གླེང་བ། དར་རྒྱས་ཕུན་སུམ་ཚོགས་པའི་དུས་བཟང་མཉམ་དུ་རོལ་བ། གསར་བརྗེའི་འཐབ་འཛིང་པ་རྒན་གྲས་ཚོའི་ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་བཀའ་དྲིན་དྲན་པའི་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་མོ་མངོན་པ་བཅས་བྱ་ཆེད། ཁུལ་དམག་ཞབས་ནས་ཕྱིར་འཐེན་པའི་དམག་མིའི་ལས་དོན་ཅུས་ཀྱིས་དེ་སྔོན་བོད་དམག་མདའ་ཤོག་གི་དམག་མི་རྒན་གྲས་ཀྱི་འཐུས་མིའི་མཐུན་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་དམག་མི་རྒན་གྲས་ཚོ་དམག་ཞབས་ནས་འཐེན་ཀྱང་བློ་སྟོབས་མི་ཉམས་པ་དང་། ལས་འཁྱུར་ངལ་གསོ་བརྒྱབ་ཀྱང་ལས་སྒྲུབ་ཀྱི་ཧུར་སེམས་མི་འགྱུར་བ། ཏང་དང་མི་དམངས་ཀྱི་ཆེད་དུ་ནུས་ཤུགས་ལྷག་མ་འདོན་སྤེལ་བྱེད་པ་དང་། མགོ་ཁྲིད་རྒན་གྲས་དང་འཐབ་འཛིང་པ་རྒན་གྲས་ཀྱི་ཆབ་སྲིད་ལེགས་ཆ་དང་། ཉམས་མྱོང་གི་ལེགས་ཆ། དབང་གྲགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱེད་པ། རང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་བརྟན་བརླིང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཆེད་དུ་མུ་མཐུད་དེ་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ། ཐོག་མའི་བསམ་འདུན་ལས་འགན་དང་དུས་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་དམ་བཅའ་བརྗིད་ཆེ་བ་དེ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་དགོས་པ་ནན་པོར་བསྟན་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་གྱིས་སྔར་བཞིན་བོད་དམག་མདའ་ཤོག་གི་དམག་མི་རྒན་གྲས་ཀྱི་འཚོ་བར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། གོང་བཀུར་གྱི་བྱེད་ཐབས་དོན་འཁྱོལ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་དམག་མི་རྒན་གྲས་ལ་གུས་བཀུར་ཞུ་བའི་རྣམ་པ་བཟང་པོ་ཞིག་སྔར་བས་བསྐྲུན་རྒྱུའི་རེ་བ་བཏོན་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་དམག་མི་རྒན་གྲས་ཀྱི་འཐུས་མི་དང་ཚོགས་ཞུགས་སྐུ་མགྲོན་གྱིས་སྔོན་རྗེས་སུ་གཏམ་བཤད་བྱས་པ་དང་འབྲེལ་བཞུགས་མོལ་ཡང་བྱས། དེ་དང་ཆབས་ཅིག་ད་དུང་དམག་མི་རྒན་གྲས་ཀྱི་འཐུས་མིར་ཁ་བཏགས་ཕུལ་ཞིང་དྲན་གསོའི་དངོས་པོའང་སྤྲད་པ་རེད།

བཞུགས་མོལ་ཚོགས་འདུ་མ་འཚོག་གོང་དམག་མི་རྒན་གྲས་ཚོ་ད་དུང་དམར་དམག་གིས་ལྕགས་ཟམ་ཟམ་འཕྲོག་ལེན་བྱས་པའི་དྲན་གསོའི་རྡོ་རིང་ཐང་ཆེན་དུ་བསྐྱོད་དེ་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་དང་། མེ་ཏོག་སི་ར་ཕུལ་བ་བྱས་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པར་མ་ཟད། དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ལེན་བྱས་པའི་དྲན་གསོ་ཁང་དང་། ཁྲོན་བོད་གཞུང་ལམ་དྲན་གསོ་ཁང་། འབོ་ཞབས་གྲོས་ཚོགས་ཀྱི་གནས་རྙིང་། མའོ་ཀྲུའུ་ཞི་ཡི་བཞུགས་གནས་རྙིང་པ་བཅས་ལ་ལྟ་སྐོར་ཡང་བྱས་པ་རེད། གཞན་ཡང་དམག་མི་རྒན་གྲས་ཚོས་ད་དུང་མཐུན་འབྲེལ་དགོང་ཚོགས་ནང་ཞུགས་ནས་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད།། 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་རང་ཁུལ་དུ་གཟིགས་ཞིབ་ཕེབས།
  • དོ་སྣང་ཆེ་བའི་རྩོམ།