ལི་ཐང་རྫོང་གིས་རྩྭ་ཐང་སྲུང་སྐྱོང་བྱེད་ཤུགས་ ཆེ་རུ་གཏོང་།

        2021-07-28

སྤྱི་ཟླ7ཚེས23ཉིན་སྨྱུག་འཛིན་པས་ལི་ཐང་རྫོང་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་དོན། མིག་སྔར་ལི་ཐང་རྫོང་གིས་མིའི་ཐབས་དང་ཐད་འཕུར་གནམ་གྲུ་སྤྱད་དེ་རྩྭ་ཐང་གི་ནད་འབུ་འགོག་བཅོས་ཀྱི་ལས་དོན་སྤེལ་ནས་མུའུ་ཁྲི30ཡི་རྩྭ་ཐང་གི་གཞི་ཁྱོན་ལ་ནད་འབུའི་གནོད་འཚེ་འགོག་བཅོས་ལས་དོན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཡོད།

རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་རྩྭ་ཡི་སྐྱེས་སྟོབས་ལེགས་པོར་རྒྱས་པར་སྐུལ་འདེད་གཏོང་ཞིང་། སྐྱོན་བྲལ་གྱི་རྩྭ་ཐང་གི་སྐྱེ་ཁམས་མ་ལག་མཐོར་འདེགས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཅས་མཐོ་རུ་གཏོང་ཆེད། ལི་ཐང་རྫོང་གིས་ཧོ་སྙིང་ཡུལ་ཤོག་དང་། དཔོན་སྐོར་ཡུལ་ཤོག། ཚོ་གསུམ་ཡུལ་ཤོག། འཛོམས་པ་ཡུལ་ཤོག་བཅས་ཀྱི་རྩྭ་ཐང་མུའུ་ཁྲི30ཡི་གཞི་ཁྱོན་གྱི་ཁྱབ་ཁོངས་སུ་ནད་འབུའི་གནོད་འཚེ་འགོག་བཅོས་བྱ་རྒྱུ་གཏན་འཁེལ་བྱས་ཤིང་། དེའི་ནང་ཐད་འཕུར་གནམ་གྲུས་སྨན་གཏོར་བ་དང་འགོག་བཅོས་བྱེད་པའི་ལས་ཀའི་རྒྱ་ཁྱོན་མུའུ232936ལ་ཟིན་པ་དང་། མིའི་ཐབས་ཤེས་ལ་བརྟེན་ནས་སྨན་གཏོར་བ་དང་འགོག་བཅོས་བྱེད་པའི་ལས་ཀའི་རྒྱ་ཁྱོན་མུའུ67064ལ་ཟིན་ཡོད་པ་རེད། མིའི་ཐབས་ཤེས་ལ་བརྟེན་ནས་འགོག་བཅོས་ལས་དོན་དེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཐད་ཀར་གདན་ཞུ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་སྤེལ་བ་དང་། ཐད་འཕུར་གནམ་གྲུའི་འགོག་བཅོས་ལས་དོན་དེ་ཧྲན་ཏུང་ཤིན་ཡ་ཀུན་སྤྱོད་མཁའ་འགྲུལ་སྤྱི་གཉེར་ཁང་གི་འཕྲུལ་ཚན350B3Eཡིས་དུས་ཡུན་ཉིན་གསུམ་གྱི་རིང་ལ་བར་སྣང་ནས་འཕུར་སྐྱོད་དམའ་མོར་བྱས་ནས་སྨན་རྫས་གཏོར་བ་ཞིག་རེད།

རྩྭ་ཐང་གི་ནད་འབུའི་གནོད་འཚེ་འགོག་བཅོས་བྱ་རྒྱུ་ལག་བསྟར་བྱས་པར་བརྒྱུད། རྩྭ་ཐང་གི་ནད་འབུའི་གནོད་འཚེ་ཐོན་རྒྱུ་བཀག་འགོག་ཐུབ་པ་དང་རྩྭ་ཐང་གི་མཛེས་ལྗོངས་ནུས་པ་ཆེ་རུ་ཕྱིན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ་ས་གནས་དེ་གའི་སྐྱེ་ཁམས་མཛེས་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། རྩྭ་ཐང་བེད་སྤྱོད་བྱེད་སྟངས་ལེགས་སུ་སོང་ཞིང་། འབྲོག་ཁུལ་གྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་ཐེབས་པ་བཅས་བྱས་ཏེ་ཞིང་འབྲོག་པ་ཁག་གཅིག་འབྲོག་ལས་བྱེད་མཁན་ནས་ཡུལ་སྐོར་ཞབས་ཞུ་བྱེད་མཁན་ལ་གྱུར་ནས། ཞིང་འབྲོག་པ་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་ཐུབ་ཡོད་པ་རེད།།

( ཨོ་རྒྱན་གྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཀྲུང་གོའི་བོད་ཀྱི་མགར་རྩལ་ཆོལ་ཁ་དཔལ་ཡུལ་དུ་གཏན་འཁེལ་བྱས།
  • ལེ་ཚན་རྗེས་མ།:བསྐྱར་དར་རྟགས་ཅན་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།