བསྐྱར་དར་རྟགས་ཅན་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2021-07-28

ཨ་སྔོན་དབྱིངས་སུ་བསྙེགས་པའི་གངས་རི་དཀར་པོ། ཤང་ཤང་དུ་རྒྱུག་པའི་ཡར་ཀླུང་གཙང་པོ། བབས་ཚུགས་རེ་ལ་མཛེས་ལྗོངས་རེ། བསྐྱར་དར་རྟགས་ཅན་གྱིས་མྱུར་ཚད་མགྱོགས་ཤོས་ཆུ་ཚོད་རེར་སྟོང་སྨི་160ཡིས་འཛམ་གླིང་གི་ཡང་རྩེར་སྐྱོད་པའི་སྐབས་འདིར། ལྷ་ས་ནས་ཉིང་ཁྲི་བར་འགྲོ་འོང་བྱེད་མཁན་འགྲུལ་པ་ཚོ་ངོ་མཚར་ཆེ་བའི་ལམ་དུ་དྲངས་ཡོད། “མྱུར་བགྲོད་མེ་འཁོར་ལ་བསྡད་དེ་ལམ་བར་གྱི་མཛེས་ལྗོངས་ལྟ་བ”ནི་བརྗོད་ཀྱིས་མི་ལང་བའི་མྱོང་ཚོར་ཞིག་རེད།

ཟླ་7ཚེས་22ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིང་ཁྲི་གྲོང་ཁྱེར་ནས་མེ་འཁོར་ལ་བཞུགས་ཏེ་ལྷ་ས་གྲོང་ཁྱེར་དུ་ཕེབས་ནས་ས་ཆ་དངོས་སུ་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། དེ་ཉིན་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་ཟླ་གཅིག་ཀྱང་སོང་མེད་རུང་ཁྱོན་བསྡོམས་འགྲུལ་པ་མི་ཐེངས་ཁྲི་9.5སྐྱེལ་འདྲེན་བྱས་ཟིན་ཡོད།

“མཁའ་ལམ་འདི་མ་གཞི་ནས་ཡོངས་སུ་སྐད་གྲགས་ཆོད་ཡོད། ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་བཞུགས་རྗེས་ཕྱིས་སུ་ཡུལ་སྐོར་བ་བོད་ལ་སླེབས་དུས་ངེས་པར་དུ་སྡོད་དགོས་པའི་འགྲིམ་འགྲུལ་ཡོ་བྱད་ལ་འགྱུར་རྒྱུ་སྨོས་མེད་རེད་ལ། དེའི་སྙན་གྲགས་ཀྱང་ཡོངས་སུ་ཁྱབ་རྒྱུ་སྨོས་མེད་རེད”ཅེས་པེ་ཅིང་གི་ཡུལ་སྐོར་དབྱིངས་པ་ལྕམ་ཝང་ལགས་ཀྱིས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད། ཚེས་23ཉིན་གྱི་ཞོགས་པར་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་མེ་འཁོར་སྒུག་ཁུལ་དུ་ཉིང་ཁྲིར་སྐྱོད་མཁན་གྲོང་མི་དང་ཡུལ་སྐོར་བས་ཁེངས།

རང་འགུལ་སྤ་སེ་ལེན་ཆས་ཀྱི་མདུན་དུ་དྲ་སྦྲེལ་སྤ་སེ་ལེན་པའི་རྣམ་གྲངས་ལ་གནོན་ཙམ་བྱས་རྗེས། ཐོབ་ཐང་ལག་ཁྱེར་འཕྲུལ་ཆས་ལ་སྦྱར་ཙམ་བྱས་པས། སྐར་ཆ་བཅུའི་ནང་ལྕམ་ཝང་ལགས་ཀྱི་མེ་འཁོར་སྤ་སེ་དོན་པ་རེད། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཞུགས་མྱོང་བའི་མེ་འཁོར་ལ་བསྡད་དེ་ཉིང་ཁྲིར་འགྲོ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང”མེ་འཁོར་འདི་ལ་སྡོད་ཆེད། མ་གཞི་ཡུལ་སྐོར་གྱི་འཆར་གཞི་ལེགས་གྲུབ་ཟིན་པའི་ལྕམ་ཝང་ལགས་ཀྱིས་ཡུལ་སྐོར་གྱི་དུས་ཡུན་རིང་དུ་བཏང་བ་རེད། “ལོ་རྒྱུས་རང་བཞིན་གྱི་དུས་སྐབས་འདི་ཤོར་མི་རུང་ལ། བོད་ཀྱི་མི་དམངས་ཚོའི་འཚོ་བ་ཇེ་ལེགས་སུ་འགྲོ་བའི་སྨོན་འདུན་ཡང་ཞུ”ཞེས་ལྕམ་ཝང་ལགས་ཀྱིས་བརྗོད།

གཙང་པོ་ཆེན་པོ་གྲོག་རོང་བརྒྱུད་ནས་ལང་ལོང་དུ་རྒྱུག བསྐྱར་དར་རྟགས་ཅན་གྱི་མེ་འཁོར་འུར་སྒྲ་སྒྲོག་བཞིན་རིམ་གྱིས་བཅར་འོང་།

“སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་གྲོང་ཚོར་ཕེབས་ནས། ཡུལ་འདི་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ཡུལ་ཞིག་རེད་འདུག་ཅེས་བསྔགས་བརྗོད་གནང་སོང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མ་བཏང་བར་མེ་ཏོག་འདི་ཇི་ཙམ་བཞད་ཀྱང་དེ་ཙམ་གྱིས་མཚར་སྡུག་ལྡན་པ་བྱེད་ཀྱི་ཡིན”ཞེས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱིས་བློ་རྩ་བརྟན་པོས་བརྗོད།

ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་རྗེས། ཀ་ལ་གྲོང་ཚོའི་གྲོང་མིར་གྲོང་ཚོའི་ནང་དུ་པར་རྒྱག་མཁན་ཇེ་མང་དུ་འགྲོ་བ་དང་ཁྱིམ་ཚང་མགྲོན་ཁང་གི་ཚོང་ཡང་ཉིན་རེ་བཞིན་ལེགས་སུ་འགྲོ་བའི་ཚོར་སྣང་བྱུང་ཡོད། “ལྷ་ཉིང་ལྕགས་ལམ་ལས་འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་ཏེ། ཡུལ་སྐོར་བའི་ལམ་བར་དུ་འགོར་བའི་དུས་ཚོད་ཐུང་དུ་སོང་བ་དང་། མཛེས་ལྗོངས་ས་ཚིགས་དང་མཛེས་ལྗོངས་ཁུལ་དུ་མྱོང་རོལ་བྱེད་པའི་དུས་ཚོད་རིང་དུ་སོང་ཡོད། ད་ཆ་ཡུལ་སྐོར་བ་དེ་བས་མང་བ‘མྱུར་བགྲོད་མེ་འཁོར་ལ་བསྡད་དེ་ལམ་བར་གྱི་མཛེས་ལྗོངས་ལ་ལྟ་བའི’རྣམ་པར་ཞེན་ཆགས་ནས་རང་མོས་ཡུལ་སྐོར་བྱེད་མཁན་མང་དུ་འགྲོ་བཞིན་འདུག” ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་གཞོན་པ་ཀྲང་རུན་ཏུང་གིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་བླང་བྱ་ངེས་པར་དུ་བློ་ལ་བརྟན་པོར་ངེས་ནས། ལྷ་ཉིང་ལྕགས་ལམ་ལམ་རྒྱུད་ཀྱི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་གསར་སྤེལ་དང་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། མང་ཚོགས་དེ་བས་མང་བ་ཡུལ་སྐོར་ལས་རིགས་ལ་གཞོལ་བ་དང་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐབས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡིན། དེས་མ་ཚད་སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིར་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དངོས་འབྲེལ་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི‘གསེར་རི་དངུལ་རིར’འགྱུར་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

“ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱས་པ་ནི་བོད་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བར་སྐུལ་བའི་བྱ་ཐབས་གལ་ཆེན་ཞིག་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་གཏོང་མེ་འཁོར་ལ་བཞུགས་ཏེ། ས་ཆ་དངོས་སུ་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་སྐབས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་སླར་ཡང་ནན་བཤད་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ལས་ལྷ་ས་མེ་འཁོར་བབས་ཚུགས་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཆང་ལ་ལྕག་སྐུལ་ཚད་མེད་ཐེབས་ཡོད། “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས། ང་ཚོའི་མྱུར་ཚད་དང་དྲོ་སྐྱིད་ལྡན་པའི་ལས་རིགས་འདི་གཉེར་བར་དེ་བས་ཡིད་ཆེས་ཡོད་པ་དང་། གདེང་ཚོད་ཡོད་པ། ཁ་ཕྱོགས་ཡོད་པ་བཅས་བྱུང་སོང་། ང་ཚོས་ངེས་པར་དུ་རང་འཁྲིའི་ལས་ཀར་གཞི་ཚུགས་ཏེ་མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་གི་ཡིན”ཞེས་ཁོང་གིས་བརྗོད། 


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་རྩྭ་ཐང་སྲུང་སྐྱོང་བྱེད་ཤུགས་ ཆེ་རུ་གཏོང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།