མྱ་ངམ་བྱེ་ཐང་གཡུ་ཡི་གཞོང་པར་བསྒྱུར།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2021-07-28

  • མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • རྩྭ་མདའ་ནས་རྒྱལ་ལམ་219བརྒྱུད་དེ་བྱང་ངོས་སུ་སྒར་ལ་བསྐྱོད་སྐབས་སྤྱི་ལེ་བརྒྱད་ཀྱི་སར་གནས་པའི་ཞིབ་བཤེར་ས་ཚིགས་སུ་མུ་འབྲེལ་ནས་ཆགས་པའི་ལྗོན་ཤིང་རྣམས་འདྲེན་བྱེད་ཡུལ་དུ་འཆར་བས་ཡིད་སེམས་ལྷོད་ལ་འབབ་ཀྱི་འདུག

    འདི་གར་ལྗོན་ཤིང་རྣམས་ཡལ་འདབ་རྒྱས་ཏེ་རླུང་བུའི་འགྲོས་དང་བསྟུན་ནས་ལྡེམ་ལྡེམ་དུ་གཡོ་བའི་ཚུལ་ནི་ཕྱོགས་བཞིའི་མགྲོན་པོར་བསུ་བ་ཞུ་བ་དང་གཉིས་སུ་མ་མཆིས།

    ན་ནིང་ཟླ་10པར་མངའ་རིས་ས་ཁུལ་ལ་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས“རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ”གྱི་མཚན་སྙན་སྤྲད་ཡོད།

    སེང་གེ་ཁ་འབབ་གྲོང་རྡལ་ནི་དེ་སྔ“རྩི་ཤིང་མེད་པའི”ས་ཆ་ཞིག་ཡིན་ཡང་། ད་ཆ་ལྗོན་ཤིང་དང་མཛེས་ལྗོངས་ཁུལ་མང་བའི་ཞིང་ཁམས་སུ་ཇི་ལྟར་འགྱུར་བ་རེད་དམ།

    ཡུས་ཀུང་གི་སྙིང་སྟོབས་བློ་ལ་བཅངས་ནས་མྱ་ངམ་ཐང་ལ་སྔོ་ལྗང་གོས་གསར་བཀླུབ་པའི་དམ་བཅའ་བཞག་པ།

    བོད་ཀྱི་ཆེས་ནུབ་ཤོས་སུ་གནས་པའི་སྒར་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པ་དང་། ས་མཐོའི་གྲང་ཁུལ་ཕལ་པའི་ཐན་པའི་གནམ་གཤིས་ཁུལ་དུ་གཏོགས། ཁོར་ཡུག་རིག་པའི་ངོས་ནས་བརྗོད་ན་འདི་ག་ནི་བྱེ་སའི་མྱ་ངམ་ཐང་ཡིན་པས། གནམ་གཤིས་གྲང་ལ་སྐམ་ཤས་ཆེ་བ་དང་། མང་ཆེ་བ་རྡོ་འདྲེས་ས་ཆ་ཡིན་པ། ས་རྒྱུ་ཞན་པས་རྩི་ཤིང་གི་རིགས་དཀོན་པ་མ་ཟད། སྐྱེ་ཁམས་ཧ་ཅང་ཉམས་ཞན་ཡིན་པ་རེད།

    ལོ་50ལྷག་ཙམ་གྱི་གོང་དུ་སྒར་རྫོང་ལ་འོམ་བུའི་ནགས་ཚལ་ཡོད། འོན་ཀྱང་ནུས་རྒྱུ་ཁ་ཐང་བས། ཐན་པ་བཟོད་ཐུབ་ལ་སྲེག་ཡུན་རིང་བའི་ཤིང་སྣ་དེ་རིགས་ཡུལ་དེའི་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་མེ་ཤིང་དུ་སྤྱད་ཡོད། འོམ་བུའི་ཤིང་བཅད་པ་དེ་མངའ་རིས་བ་ཚོའི་སེམས་ནད་ཅིག་ཏུ་གྱུར་ཡོད། རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་རྒྱ་མཚོས་སྐབས་དེ་དུས་འོམ་བུ་ཤིང་གཅོད་དོན་ནི་འཚོ་གནས་ཐུབ་པའི་ཆེད་དུ་ཡིན་ཡང་ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་ཚོས་རིན་དོད་ཧ་ཅང་ཆེན་པོ་སྤྲོད་དགོས་འཁེལ་ཡོད་ཅིང་། “འདི་གར་མ་གཞི་ནས་རླུང་པོ་ལྡང་བས་སྐབས་དེ་དུས་ལྷགས་པ་བརྒྱབ་ཚེ་ཁ་དང་སྣ་ཁུང་ཚང་མར་བྱེ་མས་ཁེངས་པ་དང་མིག་གཏན་ནས་གདངས་ཐུབ་ཀྱི་མེད”ཅེས་ཕྱིར་དྲན་བྱེད་བཞིན་དེ་ལྟར་བརྗོད།

    བྱེ་རླུང་ཁྲོད་འཚོ་བ་སྐྱེལ་མྱོང་བའི་སེང་གེ་ཁ་འབབ་བ་ཚོས་རྩྭ་རྩི་ཤིང་ལ་ཡིད་སྨོན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེས་ན་ཁོང་ཚོས་སྤྱི་ལེ་200ལྷག་ཙམ་གྱི་སར་གནས་པའི་མཚོ་མོ་ངང་ལྷ་རིང་མོ་ནས་འོམ་བུ་ཤིང་རྩ་སྤོས་བརྒྱབ། ཡུར་བུ་དྲུས་ནས་ཆུ་འདྲེན་པ་དང་གཡོག་བྱེད་ཞིབ་ཚགས་བྱས་རྗེས་འོམ་བུ་ཤིང་ཐར་ཐོར་རེ་སྐྱེས་ཡོད་ཀྱང་དེས“བྱེ་གྲོང”གི་རྣམ་པར་འགྱུར་ལྡོག་གཏོང་ག་ལ་ཐུབ།

    “སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་རྩ་རེད། དམངས་ཀྱི་རེ་འདོད་སྨན་བཞིན་དང་དུ་ལེན། དམངས་ཀྱིས་སྡང་བ་དུག་བཞིན་རིང་དུ་སྤོངས། ཁོར་ཡུག་ནི་དམངས་འཚོ་དང་། རི་སྔོན་ནི་མཛེས་སྡུག གནམ་སྔོན་ནི་བདེ་སྐྱིད་བཅས་རེད”ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་མངའ་རིས་ས་ཁུལ་གྱི་བྱེ་རླུང་འགོག་བཅོས་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་བྱེ་འགོག་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ལ་བརྩིས་ཏེ་ཡུས་ཀུང་གི་སྙིང་སྟོབས་བློ་ལ་བཅངས་ནས་གྲོང་ཁྱེར་སྔོ་འགྱུར་ཚད་བརྒལ་སར་བྱས་ཏེ“ཡུལ་བབ་དང་བསྟུན་པ་དང་། འཆར་འགོད་ཁྲིད་སྟོན་དུ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ། རིགས་དབྱེའི་ཇུས་བསྟར་བྱེད་པ། འཁོས་དཔག་ལས་སྒྲུབ་བྱེད་པ”བཅས་ཀྱི་ལས་ཀའི་རྩ་དོན་གཏན་འཁེལ་དང་། རྫོང་གྲོང་ཉེ་འཁོར་གྱི་རླུང་འགོག་བྱེ་འཇགས་དང་སྤྱི་གླིང་དང་ཐང་ཆེན་སྔོ་འགྱུར་མཛེས་བཟོ་མཐའ་འཁྱོངས། ད་ཡོད་ཀྱི་རྨང་གཞིར་གཞི་ཚུགས་པ་བཅས་བྱས་ཏེ། ཚད་གཞི་དང་འགོ་འཛུགས་ས་མཐོ་པོས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་འཆར་འགོད་ལ་དམ་འཛིན་བྱས་ཡོད།

    “སྔོ་འགྱུར་གྱི་ལམ་བུར”ཡག་པོ་སྐྱོད་པ་དང“སྔོ་འགྱུར་གྱི་རྩིས”ཡག་པོ་རྒྱག་པ། “སྔོ་འགྱུར་གྱི་སྤུས་རྟགས”ཡག་པོ་གཏོད་པ་བཅས་བྱས་ཏེ་མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་བཟང་པོ་ཡང་ནས་ཡང་དུ་བཏོན་ཡོད།

    ནུས་རྒྱུ་ཚབ་བྱེད་ཀྱི་འདུ་འགོད་ལག་ལེན་བསྟར་ཞིང་། ཆུ་ནུས་དང་ཉི་ནུས་སོགས་ནུས་རྒྱུ་གཙང་མའི་གློག་ཤང་དང་གྲོང་རྡལ་21དང་། སྲིད་འཛིན་གྲོང་ཚོ(གྲོང་ལྷན)51 མི་ཁྲི་2.84བཅས་ལ་ཁྱབ་ཡོད། ཀྲའོ་ཝ་10ཡི་འོད་ཤུགས་གློག་གཏོང་རྣམ་གྲངས་ཁོ་ནས་ཚད་ལྡན་རྡོ་སོལ་ཏུན་3960ཡི་ཚབ་བྱས་པ་དང་། དབྱང་གཉིས་ཐཱན་འགྱུར་ཏུན་7411དང་། དབྱང་གཉིས་མུ་ཟི་འགྱུར་རྫས་ཏུན་33.66 ཏན་དབྱང་འགྱུར་རྫས་ཏུན་29.3བཅས་འབུད་གཏོང་བྱེད་ཉུང་དུ་བཏང་ཡོད།

    སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱས་ཤིང་། “གསང་སྤྱོད་གསར་བརྗེར”སྐུལ་འདེད་ཏན་ཏིག་བཏང་བས་དུད་ཚང་གི་གསང་སྤྱོད་13518དང་སྤྱི་པའི་གསང་སྤྱོད་425བར་མང་དུ་ཕྱིན་ཡོད། སྤུ་ཧྲེང་རྫོང་ཧོར་ཤང་དང་སྒར་རྫོང་དགུན་ས་ཤང་གི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་གྱི་རྣམ་གྲངས་སྤྱོད་འགོ་ཚུགས་ཏེ་རིམ་རྩིས་བརྒྱབ་ན་གད་སྙིགས་ཏུན་42684གཙང་སེལ་བྱས་ཡོད།

    “ཆུ་དྭངས”སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་ཅིང་། “སྤྱི་ཁྱབ་ཆུ་དཔོན་དང་མཚོ་དཔོན་གཉིས་ཀྱི་ལམ་ལུགས”ལག་ལེན་བསྟར་ཏེ་རྫོང་7གྱི་ཤང་དང་གྲོང་རྡལ་37གྱི་གཙང་པོ་དང་མཚོར་ཁྱབ་པར་བྱས་པ་དང་གཙང་པོ་དང་མཚོའི་གད་སྙིགས་སྤུངས་ས་373ནས་གད་སྙིགས་ཏུན་329གཙང་སེལ་བྱས་ཡོད། འཐུང་ཆུའི་ཆུ་འགོར“ཆུ་འགོ་རེར་ཡིག་ཚགས་རེའི”དོ་དམ་རྩིས་ཁྲ་དང་ཉེན་ཁའི་མིང་གཞུང་བཟོས་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་གཞི་ལོན་ཚད་100%ཟིན་ཡོད།

    “ས་གཙང”སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་ཅིང་། ས་ཁུལ་གྱི་འཕྲུལ་སྣུམ་རྙིང་པ་ཚད་ལྡན་ངང་གནས་སྐབས་བཅོལ་ཉར་ཁང་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་2020ལོར་ཁྱོན་འཕྲུལ་སྣུམ་ཏུན་97གཞན་སྒྱུར་གཙང་སེལ་བྱས་ཡོད། སེང་གེ་ཁ་འབབ་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་འཁོར་སྐྱོད་བརྟན་པོ་ཡོད་པ་དང་། རྫོང་6དང་སྤུ་ཧྲེང་རྫོང་བར་ག་ཤང(དར་ཆེན)རྒྱལ་སྤྱིའི་ཡུལ་སྐོར་གྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་བཙོག་ཆུ་གཅིག་སྡུད་མདོང་ལམ་བསྐྲུན་ཟིན་ནས་བཙོག་ཆུ་གཙང་གསིང་བྱེད་ཚད་80%ཟིན་ཡོད།

    ད་ཆ་མངའ་རིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་སུ་གྱུར་ཡོད།

    ཚན་རིག་དང་མཐུན་པའི་སྒོ་ནས་རྩྭ་རྩི་ཤིང་འདེབས་རྒྱུ་མཐའ་འཁྱོངས་བྱས་ཏེ་སྔོན་མའི“བྱེ་གྲོང”གཡུ་ཡི་གཞོང་པར་བསྒྱུར་པ།

    མངའ་རིས་ཀྱི་གྲོང་ཁྱེར་སྔོ་འགྱུར་གྱི་ལག་བསྟར་ཚན་པ་གལ་ཆེན་སྒར་རྫོང་གིས་2016ལོ་ནས་བཟུང་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པའི་ནགས་ལས་རིགས་གཅིག་མཁས་ཅན་དང་ལག་རྩལ་པ་མངའ་རིས་སུ་རྟོག་ཞིབ་བྱེད་པར་གདན་དྲངས་ཏེ་ནགས་བཟོའི་ས་ཆ་དང་། རྒྱ་ཁྱོན། ཤིང་སྣ། ཚགས་དམ་སྲབ། འདེབས་འཛུགས་གཡོག་བྱེད་བཅས་ལ་ཆ་ལག་ཚང་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་འཆར་འགོད་བྱས་ཡོད། རྩྭ་རྩི་ཤིང་ནང་འདྲེན་བྱས་ནས་བཏབ་པ་རྣམས་སྐྱེ་འཚར་ཡོང་བའི་ཆེད། ཁོང་ཚོས་ད་དུང་ལག་རྩལ་མི་སྣ་མཚོ་སྔོན་མདོ་ལ་རྫོང་དང་། འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་། ཀན་སུའུ་ཀྲང་ཡེ་གྲོང་ཁྱེར་བཅས་དང་དེ་བཞིན་ཧྲའན་པེ་དང་ནང་སོག་སོགས་སུ་རྟོག་ཞིབ་ལ་བཏང་སྟེ་ནགས་ལས་རིགས་གཅིག་མཁས་ཅན་དང་ནགས་གསོའི་དུད་ཆེན་ལ་བཅར་འདྲིར་བཏང་ཡོད།

    བརྩོན་འགྲུས་ཅན་ལ་བསླུ་བ་མེད་ཅེས་པའི་དཔེ་ལྟར་ཚོད་འདེབས་ལེགས་གྲུབ་བྱུང་བ་དེས་ལས་བྱེད་པ་དང་མང་ཚོགས་ཀྱི་ཤིང་འཛུགས་ནགས་གསོའི་སྤྲོ་སེམས་ཆེས་ཆེར་འཕེལ། སེང་གེ་ཁ་འབབ་ཀྱི་གཙང་འགྲམ་ལམ་དང་། ཞང་ཞུང་ཐང་ཆེན། སྐར་ཚོམ་ཐང་ཆེན། ཁམས་བདེ་སྡོད་ཁུལ་གསར། ཀུན་བཟང་གླིང་ཁ། རྟ་མཆོག་ཁ་འབབ་སྤྱི་གླིང་གི་སྔོ་འགྱུར་ཁུལ་བཅས་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་ནས་ལྗོན་ཤིང་དང་། མེ་ཏོག རྩྭ། སྔོ་ཁེབས་སོགས་གཅིག་ལ་གཅིག་བརྒྱན་གྱི་ཚུལ་དུ་གནས་ཡོད། སེང་གེ་ཁ་འབབ་གཤོངས་སའི་སྐྱེ་དངོས་ཀྱི་བྱེ་སྐྱོན་འགོག་བཅོས་ཀྱི་ལས་གྲྭར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་སྦྲགས་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་5.3དང་། ཤིང་རྐང་ཁྲི་885 རྩྭ་མུའུ་6100བཅས་འདེབས་འཛུགས་བྱས་ཡོད་པས། ལྗང་མདོག་ཉིད་སེང་གེ་ཁ་འབབ་བ་ཚོའི་ངོས་ནས་བརྗོད་ན་གཞན་ཡུལ་ཁོ་ནར་ཡོད་པའི་ཡུལ་ལྗོངས་ཤིག་གཏན་ནས་མ་རེད།

    མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཡུལ་བབ་དང་བསྟུན་ནས་སེང་གེ་ཁ་འབབ་གྲོང་རྡལ་གྱི་སྔོ་འགྱུར་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག“གྲོང་ཁུལ་དུ་གཙོ་གནད་ཐོག་འདེབས་འཛུགས་དང་། གཞུང་ལམ་རྒྱུད་དུ་གྲངས་འབོར་མང་དུ་གཏོང་བ། ཚན་པར་སྔོ་ཁེབས་མང་དུ་གཏོང་བ། གླིང་ཁུལ་རིམ་སྤོར་སྒྱུར་བཀོད་བྱེད་པ། ཤང་དང་གྲོང་རྡལ་དུ་ཡུག་སྦྲེལ་ངང་ཁྱབ་པར་བྱེད་པ། གྲོང་ལྷན་དུ་ལྕང་གསེབ་གང་སར་ཡོད་པ”བཅས་ཀྱི་ཤིང་འཛུགས་པ་དང་། རྒྱ་ཁྱོན་ཆེ་རུ་གཏོང་བ། ཤིང་སྣ་མང་དུ་གཏོང་བ་བཅས་ཀྱི་བསམ་ཕྱོགས་བཏོན་ནས་གཙོ་གནད་རྒྱུག་ཁུལ་དང་། གཙོ་གནད་ས་ཁོངས། གཙོ་གནད་གཞུང་ལམ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཉེ་འཁོར་དང་གྲོང་གསེབ་ཀྱི“ཕྱོགས་བཞི”བཅས་ལ་རྩྭ་རྩི་ཤིང་འདེབས་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་ཆ་རྐྱེན་ཡོད་པའི་མང་ཚོགས་ལ་ཁང་པའི་རྒྱབ་བདུན་དུ་རྩྭ་རྩི་ཤིང་འདེབས་པ་དང་ཁང་པའི་ནང་མེ་ཏོག་དང་རྩི་ཤིང་འདེབས་གསོ་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཡོད།

    ད་ཆའི་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཁྲོམ་གཞུང་གཡས་གཡོན་གཉིས་སུ་ལྗོན་ཤིང་གིས་ཁེངས་པ་དང་། མཐའ་འཁོར་གྱི་དགུན་ས་ཤང་དང་། མོན་འཚེར་ཤང་། བཀྲ་ཤིས་སྒང་ཤང་། གཙོ་ཚོ་ཤང་བཅས་ཚང་མར་ལྗོན་ཤིང་གིས་ཁེངས་ཡོད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་གསལ། མིག་སྔའི་བར་མངའ་རིས་ས་ཁུལ་དུ་རིམ་རྩིས་བྱས་ན་གཙོ་གནད་ས་ཁོངས་སུ་ནགས་བཟོ་མུའུ་ཁྲི་1.76བྱས་པ་དང་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་མུའུ་ཁྲི་46.93བྱས་པ། ཆ་རྐྱེན་ཡོད་པའི་ས་ཆར“དུད་ཚང་དང་། གྲོང་ཚོ། ཚན་པ་བཅས་ཚང་མར་ལྗོན་ཤིང་ཡོད་པའི”དམིགས་ཚད་མངོན་འགྱུར་བྱུང་ཡོད།

    མི་སེར་གྱི་བདེ་སྐྱིད་སེམས་སུ་བཅངས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱས་པ།

    ཟླ་6པར་མངའ་རིས་ས་མཐོར་དཔྱིད་ཉམས་རིམ་བཞིན་མངོན་ཞིང་། གངས་རིན་པོ་ཆེའི་འདབས་སུ་ཡུལ་སྐོར་བས་ཁེངས་པ་དང་སྒར་རྫོང་གི་སྐྱེ་ཁམས་ཐོན་ལས་གླིང་དུ་སྔོ་ཚལ་གྱིས་ཁེངས་ཡོད། ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་བ་དང་སྔོ་ཚལ་སོས་པ་རྣམས་ཁྲོམ་རར་འཚོང་བཞིན་འདུག

    “ད་ཆའི་མངའ་རིས་སུ་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་བ་མ་ཟད། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་། སྐྱེ་དངོས་དང་སྲོག་ཆགས་སྣ་ཁ་མང་བ། རི་ཀླུང་མང་ཆེ་བ་བཅས་ཀྱི་གདོད་མའི་རྣམ་པར་སྔར་བཞིན་གནས་ཡོད”ཅེས་མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ནོར་བུ་དབང་ལགས་ཀྱིས་བརྗོད།

    “སྐྱེ་ཁམས་ཐོན་ལས་ལ་བསྐྲུན་པ་དང་ཐོན་ལས་སྐྱེ་ཁམས་སུ་བསྐྲུན་ནས་མངའ་རིས་ཀྱི་མི་སེར་ལ་བདེ་སྐྱིད་བསྐྲུན་དགོས”མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཐོག་མའི་བསམ་འདུན་མ་བསྒྱུར་བར“སྐྱེ་ཁམས་ནགས་ལས་ཀྱིས་ལྗང་མདོག་སྲུང་ཡོལ་བསྐྲུན་པ་དང་། ལྗང་མདོག་ནགས་ལས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། མི་ཆོས་རིག་གནས་ལ་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བ”བཅས་ཀྱི་གཙོ་རྐང་སྔར་བས་གསལ་དུ་ཕྱིན་ཏེ། མཚོ་བོད་ས་མཐོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པ་དང་སྲུང་སྐྱོང་ལྟེ་བར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་དམིགས་ཚད་དུ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་གཏོད་རྒྱུ་གཞི་རྟེན་དུ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ་གཙོ་རྐང་དུ་བྱེད་པ་བཅས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བཞིན་ཡོད།

    སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་བསྐྲུན་ནས་སྤྱོད་འགོ་ཚུགས་ཚུན། སྔོ་ཚལ་འདེབས་འཛུགས་དང་། མེ་ཏོག་འདེབས་གསོ། འབྲོག་ལས་གསོ་ཚགས་སོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མི་སེར་གྱི“ཤ་ཚལ་སྒོང་གསུམ”རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད། ཐོན་ལས་གླིང་གིས་བློ་ཁོག་ཆེན་པོས་ཤིས་ཀྭ་དང་ཐན་ཀྭ་ནང་འདྲེན་བྱས་པ་དང་། སྔོ་ཚལ་སྣ་ཁ་50ལྷག་ཙམ་དང་མེ་ཏོག་སྣ་ཁ་30ལྷག་ཙམ་བཏབ་པ་མ་ཟད། ཁམ་བུ་དང་རྒུན་འབྲུམ་སོགས་དཔལ་འབྱོར་ཕན་འབྲས་ཆེ་བའི་ཤིང་འབྲས་ཚོད་འདེབས་ལེགས་གྲུབ་བྱུང་ནས། ལྗང་མདོག་ནུས་ཆེ་དང་། ཁྱད་ཆོས་མངོན་གསལ་དོད་པ། ལེགས་ཆ་མངོན་གསལ་དོད་པ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་ལམ་བུ་ཞིག་བཏོད་ཡོད།

    སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོས་གོ་སྐབས་དམ་འཛིན་གྱིས་གཟན་རྩྭ་འདེབས་འཛུགས་ཀྱི་དཔེ་སྟོན་རྟེན་གཞི་དང་སྔོ་ཚལ་འདེབས་འཛུགས་ཀྱི་དཔེ་སྟོན་རྟེན་གཞི་བཙུགས་ནས། འོམ་བུ་ཐང་གི་སྤྲོ་གསེང་གྲོང་ཚོ་གསར་སྤེལ་བྱས་པ་དང་། མང་ཚོགས་སྐུལ་སློང་བྱས་ཏེ་རྩྭ་མུའུ་ཤུས་སོགས་སྤུས་ལེགས་ཀྱི་འབྲོག་རྩྭ་མུའུ་4000བཏབ་ནས། སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་བཞོན་མ་གསོ་ཚགས་དང་གཟན་རྩྭའི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱུང་བ་མ་ཟད། རྒྱ་སྨུག་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གི་ཡུལ་སྐོར་སྤུས་རྟགས་ཀྱང་བཏོད་ཡོད། རྒྱ་སྨུག་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྐྱས་སྤོས་རྩྭ་གསོ་མུའུ་4000ལྷག་ཙམ་བྱ་རྒྱུར་སྐུལ་སློང་བྱས་པ་དང་། སྤྱི་ལེ་ངོས་གྲུ་15ཡོད་པའི་འོམ་བུའི་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་ཡུལ་སྐོར་ཁུལ་བསྐྲུན་ནས། ལོ་ལྟར་གྲོང་ཚོ་ཡོངས་ལ་སྒོར་ཁྲི་12ལྷག་ཙམ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཕན་པ་བཏོད་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། སྐྱེ་ཁམས་ནི་ང་ཚོའི་རྩ་ཆེའི་ཐོན་ཁུངས་དང་རྒྱུ་ནོར་ཡིན་ཞེས་བསྟན་གནང་ཡོད། མངའ་རིས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མངའ་རིས་ཀྱི་ལེའུ་ཡག་པོ་བརྩམ་རྒྱུ་ཡིན”ཞེས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཀྲུང་ཁུའེ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་བརྗོད།


  • ལེ་ཚན་སྔོན་མ།:བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།