ལྷ་སའི་གཞས་ཆུང་།

སྦྲང་བུ།        2021-07-30

ལས་ཆོ་འཕྲུལ་ཅན་གྱི་མེ་ཏོག་ཚལ།།

སེམས་དུད་དུ་འཁོར་བའི་བར་སྐོར་གླིང་།།

བློ་དལ་གྱིས་སྨིན་པའི་ནོར་བུ་གླིང་།།

ལམ་སྲང་མདོ་གཉིས་སུ་སོང་བས་ན།།

ངག་ཡུལ་ལ་བཏང་བའི་འཕྲིན་པ་ཞིག།

སྟོད་ལྷ་སའི་ཡུལ་ནས་གྲག་གམ་ཅི།།

བདག་མེ་ཏོག་བཞིན་དུ་རུལ་སོང་ན།།

མཚན་སྐར་ཚོགས་དཀྱིལ་གྱི་སྨིན་དྲུག་ཚོགས།།

ཡིད་ཞེ་ཚིག་སྐོར་ཅིག་སུ་ལ་བཤད།།

གཞས་ཆུ་རུ་བསྐུར་བའི་སེམས་པ་ཞིག།

ཡང་འཁོར་ན་སྒྲུང་ཐུང་གཉོམ་ཆུང་ཞིག།

བསླུས་སོང་བའི་ཚངས་ཐིག་ཆེ་བ་འམ།།

ཡང་བཤད་ཚེ་གོ་རིམ་རྟགས་བརྒྱད་འདྲ།།

གཡུའི་མཚོ་མོ་འཕྱུར་བའི་ཨུཏྤལ་ཅན།།

འོད་འཐུང་བའི་སེམས་པའི་ངལ་དུབ་ལ།།

ཁྱོའི་ལང་ཚོ་ཁོ་ལག་བདག་ལ་གནང་།།

ལས་དཀར་ནག་གཉིས་ཀྱི་སྲུབས་ཀ་ནས།།

སྙིང་ན་བུན་གཡོ་བ་ཐེངས་གཅིག་མིན།།

ལ་ཕྱི་ནང་གཉིས་སུ་གླུ་སྐད་གྲག།

གླུ་སྨུག་པོ་སྣང་བའི་སྒོ་ལ་ཐོགས།།

མདངས་ཤོར་བའི་སྐད་ཆ་རྨས་མ་འདི།།

ཡང་བསམས་ཚེ་མཐིལ་གྱི་ཆག་རོ་འམ།།

ཡིད་ནམ་མཁའ་ངོས་ཀྱི་གདུང་བ་ཡིན།།

ངས་ཁྱོད་ལ་ཟིལ་བའི་སྒྲུང་ཞིག་འབྲི།།

ཆུ་རྣམ་རྟོག་རྒོད་པའི་སྐད་ཆ་འབྲི།།

ཡང་འབྲི་ཚེ་ལྷ་མོ་སྤུན་བརྒྱད་འབྲི།།

དེ་བྲིས་ཚེ་འཁོར་བའི་གཞོང་བ་རུ།།

གླུ་སྨུག་པོའི་མགོ་མཇུག་ཚང་མ་གསལ།།

  • ལེ་ཚན་སྔོན་མ།:མཚོ་མཐར་བསྐྱོད་པའི་ཚོར་སྣང་།
  • ལེ་ཚན་རྗེས་མ།:སྒྱུ་མའི་ལྟེང་ཀ།