རྡོ་ར་དཀར་མོའི་གནས་བསྟོད་ངོ་མཚར་མཆོད་པ།

ཚེ་རིང་རྣམ་རྒྱལ།        2021-07-23

ཕུ་ན་བྲག་དཀར་དགུང་དུ་ཟུག་འདྲ་ལ༎

སྤྲིན་དཀར་བླ་རེ་བྲེས་འདྲ་དལ་གྱིས་འཁྱུད༎

རི་ཕྲན་མང་པོས་གུས་བཞིན་ཡོངས་བསྐོར་བ༎

རི་རྒྱལ་གངས་རི་བཞག་མོ་ངོ་མཚར་ཆེ༎

བར་ན་སིདྡྷིའི་མཚོ་སོགས་ཡོན་ཆབ་བདུན༎

བྱ་རྒོད་དུང་ཆུའི་རི་སོགས་ལྷ་བཤོས་བདུན༎

ནོར་བུ་ཐང་སོགས་རིན་ཆེན་རིགས་ཀྱི་དབྱིབས༎

མ་བསྒྲིགས་ངང་གིས་འགྲིག་རྣམས་ངོ་མཚར་ཆེ༎

གཡས་ན་དར་འབུམ་དུང་རི་སེང་གེ་དཀར༎

གཡོན་ན་རི་མཐོན་རི་རྒྱུད་རྒྱ་སྟག་དམར༎

སྟག་སེང་ཁ་སྤྲོད་འཛོམས་པའི་ལྟས་བཟང་པོ༎

གཟུགས་འཛིན་ལམ་དུ་མངོན་པ་ངོ་མཚར་ཆེ༎

མདའ་ན་དྭངས་ཤིང་བསིལ་བའི་ལྷ་ཡི་ཆབ༎

ཆེ་ཆུང་རིགས་གཉིས་ལྷན་འདུས་བྱུང་བ་སྟེ༎

གཡུ་འབྲུག་མ་བུ་འཛོམས་པའི་རྟེན་འབྱུང་གིས༎

གནས་དེ་མཛེས་པར་སྤྲས་པ་ངོ་མཚར་ཆེ༎

ལོགས་ན་དུང་དཀར་གདུགས་མཆོག་གསེར་གྱི་ཉ༎

རྒྱལ་མཚན་དཔལ་བེའུ་འཁོར་ལོ་བུམ་པ་བཟང་༎

ཡིད་འོང་པདྨ་ལ་སོགས་ལེགས་འཛོམས་རྣམས༎

བཟོ་མཁས་པིར་ལས་ཐོན་འདྲ་ངོ་མཚར་ཆེ༎

མདུན་ན་གླང་པོ་རིན་ཆེན་གྱེན་འགྲོ་ཡིས༎

སྣ་ལྗགས་བཀུགས་ཏེ་བདུད་རྩིའི་ཆུ་འཐུང་ལ༎

གཅིག་རྗེས་གཉིས་མཐུད་རིམ་གྱིས་གཤར་འདྲ་རྣམས༎

སློབ་མས་ཤེས་ཡོན་གཉེར་བཞིན་ངོ་མཚར་ཆེ༎

ཤར་ན་སྲིད་པ་གསལ་བའི་སྒྲོན་མེ་དང་༎

ལྷོ་ན་མི་མཐུན་བསང་བའི་ལྷ་ཤིང་ལྗོན༎

ནུབ་ན་སྙན་དབྱངས་སྒྲོག་པའི་ནེ་ཙོ་གསུམ༎

རང་བྱུང་གཟུགས་སུ་གྲུབ་པ་ངོ་མཚར་ཆེ༎

ས་ན་སྲུང་བཞི་སྐྱོན་གྱིས་མ་གོས་ཤིང་༎

ས་ཡི་ཀ་བཞི་ལ་སོགས་ལེགས་ཚང་བས༎

ས་མཁན་དགྱེས་པའི་འཛུམ་བག་རྒོད་པའི་ཡུལ༎

ས་མཆོག་ར་བ་དཀར་མོ་ངོ་མཚར་ཆེ༎

  • ལེ་ཚན་སྔོན་མ།:ཆར་རླུང་ཁྲོད་ཀྱི་བརྩེ་དུངས།
  • ལེ་ཚན་རྗེས་མ།:བྲོ་མ་ཡིད་འཛིན་ལྷ་མོ།