ཡིད་ཀྱི་ལྷ་མོར་སྤྲིངས་པ།

ཀུན་མཁྱེན་གྲགས་པ།        2021-07-23


ཡིད་ཀྱི་ལྷ་མོར་སྤྲིངས་པ་།


ང་ཡི་ཁེར་ཧྲེང་ལ་རྫོགས་རྒྱུ་ཞིག་མེད་ཚེ།ཁྱེད་ཀྱི་སྣང་བརྙན་ལ་འགྱུར་བ་ཞིག་མི་འདུག་ཨང་།ཡིད་ཀྱི་ལྷ་མོ།དོ་ཞག་ངའི་དྲན་པའི་མཁའ་དབྱིངས་སུ་ལོག་མལ་བདེ་འམ།

འཆར་ཡན་གྱིས་བསྐྲུན་པའི་རྨི་ལམ་ཁ་ཁ་ཞིག་མ་ཡིན།ཡིད་ལྷུང་གིས་བྲིས་པའི་སྙན་ངག་འདྲ་འདྲ་ཞིག་མ་ཡིན།ཚོར་འདུ་ཡིས་ཟགས་པའི་གཤེར་ཁུ་ཞིག་དེ་བས་མ་ཡིན།ཤ་ཁྲག་གདོས་བཅས་ཀྱི་ཕུང་བའི་ངལ་དུབ་འདི་རྨེག་མེད་དུ་གཞོམ་ཡོང་།སྣ་ཚོགས་འདུ་འགོད་རང་རྒོད་པའི་སེམས་ལ་སིམ་པའི་བདེ་སྣང་འབའ་ཞིག་བསྟབ་ཡོང་།ངའི་གཉུག་སེམས་ཀྱི་ངོགས་ན་ལྷོག་ལྷོག་ཏུ་འབབ་པའི་བསྡུས་གཟུགས་ཤིག་མ་ཡིན་ནམ།ཐ་ན་མཚམས་ལན་རེར།ངའི་ཐེར་ཟུག་གི་ཆོད་སེམས་དང་འདུན་མ་སོགས་ལས་གྲུབ་པའི་དད་མོས་ཤིག་ཏུའང་མི་ཆགས་རང་ཆགས་རེད།

ཕྱིར་དྲན་གྱི་ཆུ་བོ་གྱེན་ཏུ་ཟློག་ཅིང་ལོ་ཟླའི་ཉིན་སྲིབ་ལ་སྟེང་འོག་བརྗེ་ན།བརྗེད་དཀའ་བའི་དེ་དུས་ཀྱི་བརྙན་རིས་མང་པོ་མང་པོ་ཞིག་ལ།ཏག་ཏག་བསུབ་དཀའ་བའི་རི་མོ་མང་དག་མང་དག་ཅིག་ཅིས་ཀྱང་དགོད་ངེས།བདག་གི་ཡ་ཆུང་གི་དཀྱིལ་དང་མ་ཆུང་གི་དབུས་སུ་བཞུགས་ནས།བདེན་ཅོག་ཅོག་དང་ཉམས་རྫིག་རྫིག་གིས་འགྱིང་བའི་ཁྱོད་རང་།ངས་སྒོ་གསུམ་དལ་མེད་དུ་དྲན་ཞིང་གླེང་བཞིན་པའི་ཡིད་ཀྱི་ལྷ་མོ་ལགས།འུ་གཉིས་ཀྱི་གཏམ་རྒྱུད་གསོན་པོ་དག་ངས་ཁྱོད་ལ་འཆད་ཡོང་།ལྟོས་དང་།ཕ་མཐའ་མི་མངོན་པའི་རྩྭ་ཐང་གི་ཕྱོགས་བཞི་མཚམས་བརྒྱད་ལ་ལྟོས་དང་།ས་དོག་མོའི་ཁུགས་སོ་རེ་ནས་དགུང་ཨ་སྔོན་གྱི་དྭངས་གཙང་མཐོང་ཐུབ།ཉོན་དང་།ཡིད་འཇེབས་པའི་གཙང་བོའི་བཞུར་སྒྲ་ལ་ཉོན་དང་།ཆུ་དྭངས་མོའི་ངམ་ཁ་རེ་ནས་ཉ་གཤོག་དྲུག་གི་མཛའ་གཞས་ཐོས་ཐུབ།སྣོམས་དང་།ཙན་དན་དཀར་པོའི་གཟུངས་ཞུགས་པའི་མེ་ཏོག་གི་ལང་ཚོར་སྣོམས་དང་།ཡལ་འདབ་ཀྱི་འདར་ཡོམ་རེ་ལས་ཞིམ་བསུང་གི་ལུས་དྲི་འཐུལ་ཡོང་།མྱོངས་དང་།ས་ཆེན་པོའི་བཅུད་ཀྱི་ཉིང་ཁུར་མྱོངས་དང་།ལྕེ་དར་མའི་སྣེ་མོ་རེ་ནས་འབྱར་བག་གི་མཆིལ་མ་འཁྱིལ་ཡོང་།སོམས་དང་།འུ་གཉིས་ཀྱི་ཉིན་སྲིབ་དང་རྒྱང་རིང་གི་འདུན་མར་སོམས་དང་།ཚེ་འདི་ཕྱིའི་ལམ་ཁ་རེ་ནས་འུ་གཉིས་ཀྱི་གྲིབ་སོ་འདྲེས་ཚར།

ཁྱེད་ཀྱིས་ད་ལྟ་རི་ཆུ་ཁྲི་སྟོང་གིས་ཆོད་པའི་རྒྱང་རིང་ཞིག་དྲན་སྲིད།སེམས་འཛིན་གྱི་དན་རྟགས་དམར་པོས་སེམས་བྱུང་གི་བརྡ་རྟགས་བཏང་བྱུང་།ཆེས་ཐག་རིང་གི་ཁྱོད་ཉིད་ངས་ཆེས་ཐག་ཉེ་ནས་ཚོར་ཐུབ།ཚོར་བྱུང་ངམ།ངས་ཁྱེད་ལ་བཞེངས་པའི་དྭངས་གཙང་གི་ཡིག་འབྲུ་རེ་རེ་དང་།སྦ་གསང་མེད་པའི་སྐད་ཆ་རེ་རེ།ཁྱེད་རང་རེ་ཞིག་ཁུ་སིམ་མེར།ལྷིང་འཇགས་སེར་འདུག་ངེས།དེ་ལྟར་ངའི་དགོད་བྲོ་བའི་ངང་ཚུལ་མཐའ་དག་ལ་སྤྱན་གཟིགས་གནང་ངེས།ད་ལྟ་འུ་གཉིས་ཀྱི་ནམ་མཁའ་སྔར་བཞིན་དྭངས་ཤིང་གཙང་།གཡའ་དག་ལ་དྲི་མ་བྲལ།མཐོངས་ཡངས་པའི་དཀྱིལ་སྙིང་དེ་ནས་དར་ཚོན་སྣ་ལྔའི་རྣ་ཆ་རིང་མོ་ངའི་སྔས་གམ་དུ་འཐེན་ཡོང་།ཁྲ་རིག་རིག་གི་མིག་ཟུང་ལས་ཁྱེད་རང་ཁོ་ན་རེས་མོས་སུ་འཆར་བ་ལས་ཅི་ཡང་མི་འདུག། ནམ་མཁའ་ཡོངས་ཁྱེད་ཀྱི་གཟུགས་བརྙན་ཁོ་ནས་བཀླུབས་འདུག་ཨང་།དེས་ན།ལེ་དབར་ཁྲི་ཕྲག་གོམ་ཐུང་གིས་བཅལ་ཏེ་ང་ཁྱེད་ཀྱི་ཉེ་སར་བཅར་ཚེ། ཁྱེད་ལ་ཨ་ཤུ་དང་ཡི་ཆད་མེད་པར་སེམས་བྱུང་རྣལ་མ་ཞིག་གིས་ང་ལ་བསུ་བ་བྱེད་སྲིད་དམ།

བརྒྱ་ལ་ལས་དབང་གི་རླབས་ཁ་ན་དྲག་ཏུ་གཡོ་བའི་གྲུ་ཆུང་རྒྱ་མཚོའི་ཕ་རོལ་ལ་འགྲིམ་ཐུབ་ཚེ།ཁྱེད་ཀྱང་ངའི་མཁའ་དབྱིངས་ནས་སྐར་འོད་བཞིན་འཚེར་སྲིད་དམ།བརྒྱ་ལ་སྟོང་ཁམས་ཆེན་མོའི་དབྱིངས་སུ་དྲང་ཤད་ཀྱིས་རྒྱུ་བའི་སྐར་རྡོའི་མདའ་མོ་ཉིད།ཏན་ཏན་ཡོ་གཟུར་མེད་པར་སའི་གོ་ལའི་ཐིག་དམར་ལ་ཕོག་ན།ང་ཡང་ཁྱེད་ཀྱི་འཁྲིས་སུ་ཁྲ་དཔལ་ལེར་བཞད་ན་འདོད།ཡིད་ཀྱི་ལྷ་མོ་ལགས།དྲན་གདུང་གི་རྨི་ལམ་རིང་མོ་སྐྱ་ཐིང་ཐིང་གི་རྐང་ལམ་ནས་འཕྲེད་ཀྱིས་བཅད་དེ་ཁྱོད་ཀྱི་ཞིང་ཁམས་སུ་ཉུལ་དུས།དབུགས་དབྱུང་དང་སྙིང་རྩའི་འཕར་ལྡིང་གི་འུར་ཟིང་གིས་ཞི་འཇགས་ཀྱི་འཇིག་རྟེན་ཞིག་བཅོམ་སྲིད་མོད།ཁྱོད་ལ་ཕངས་སེམས་དང་འགྱོད་པ་མེད་པར་ཞུ།དེ་ཡང་ངས་ཁྱོད་རང་འཁོར་བའི་འདུ་འཛི་ལས་ཁེར་རྐྱང་དུ་བསྐྱུར་མ་ཐུབ་པའི་རྒྱུ་མཚན་ཡིན་སྲིད།

ཉི་ཟླ་དང་སྐར་ཚོགས་ཀྱིས་ཀྱང་ཚབ་ཏུ་མེད་པའི་ངའི་ཁེར་རྐྱང་གི་སྦྲེའུ་ཚེ་སྐར་མ་སྟོང་ཤར་ཚ་ལམ་ལམ་སྦར་མཁན་དང་།འོད་ལྟེམ་མེར་འཁྱིལ་དུ་འཇུག་མཁན་གྱི་འོད་སྣང་ཉག་གཅིག། ཡིད་ཀྱི་ལྷ་མོ་ལགས།ང་ལ་རེ་བཞག་དང་སྟོབས་ཤུགས་སྩོལ་མི་དགོས།ང་ལ་འཚོ་བ་དང་བདེ་སྐྱིད་གནང་མི་དགོས།ང་ལ་བརྩེ་དུང་དང་འདུན་མའང་བསྟབ་མི་དགོས།ང་ལ་ཁྱེད་རང་གཅིག་པུ་ཡོད་པས་ཆོག་ཨང་།ཡིད་ཀྱི་ལྷ་མོ་ལགས། 

  • ལེ་ཚན་སྔོན་མ།:འབྲོག་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།