དར་མདོར་བྲིས་པ་ཞིག་གི་ཡིག་གཟུགས་འགྲེམ་སྟོན་བྱེད་བཞིན་ཡོད།

        2021-07-22

     ཟླ7པའི་ཚེས22ནས་ཟླ8པའི་ཚེས10ཡི་བར་དུ་དཀར་མཛེས་གསེར་བྲིས་ཁང་གི་ཡིག་མཁན་བྱམས་པ་རྡོ་རྗེའི་ཡིག་གཟུགས་བརྩམས་ཆོས་སྤུས་ལེགས་ཀྱི་འགྲེམ་སྟོན་དེ་དཀར་མཛེས་ཁུལ་རིག་གནས་ཁང་གི་ཐོག་རྩེག་གཉིས་པར་སྤེལ་བཞིན་ཡོད་པ་རེད།

    གངས་ཅན་རིན་ཆེན་སྤུངས་ཡིག་གསལ་བྱེད་རྒྱན་གྱི་མེ་ལོང་།། ཟབ་རྒྱས་གཙུག་ལག་རྒྱ་མཚོའི་འཇིངས་ཡངས་སུ།། ཐོན་མའི་ཕྱག་རྒྱུན་བྲིས་རིས་རླབས་དཀར་རྩེན།། ཕུན་ཚོགས་སྡེ་བཞིའི་ལང་ཚོ་གསར་པའི་གར།། སྣ་མང་ཡིག་གཟུགས་སྲིད་ཞིའི་རྒྱན་དུ་ཆེ།།


དར་མདོར་བྲིས་པ་ཞིག་གི་ཡིག་གཟུགས་འགྲེམ་སྟོན་བྱེད་བཞིན་ཡོད།


     དེ་ཡང་ཡིག་མཁན་བྱམས་པ་རྡོ་རྗེས2020ལོའི་ཟླ་བ་དང་པོ་ནས་འབྲི་མགོ་རྩོམ་པ་དང་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བ་དྲུག་པར་མཇུག་ལེགས་པར་གྲུབ་པའི་གངས་ཅན་རིན་ཆེན་སྤུངས་ཡིག་གསལ་བྱེད་རྒྱན་གྱི་མེ་ལོང་ནི་སྔར་ཞང་ཞུང་སྐབས་ཀྱི་སྨར་ཆེན་སྨར་ཆུང་སོགས་དང་དེ་ནས་བཙན་པོའི་སྐབས་ཀྱི་ཡིག་མཁན་ཆེན་མོ་བརྒྱད་ཀྱི་སྦལ་ནག་བགྲད་འདྲ་དང་སེང་གེ་གནམ་ལ་འཕྱོང་འདྲ།  དེ་བཞིན་ཁམས་བྲིས་དང་སྙེ་བྲིས།  སྡེར་ནང་ས་བྲིས་དང་སྨོན་ལམ་ཡིག་གཟུགས་སོགས་རིམ་བཞིན་ད་ལ་ཐུག་གི་བར་གྱི་ཡིག་གཟུགས་མི་འདྲ་བ་སྣ་ཁ་བརྒྱ་ཡིས་འབྲི་བཞེངས་བྱས་ཤིང་རྒྱུ་ཆ་རིན་ཆེན་སྣ་ལྔ་ལས་གྲུབ་པའི་བརྩམས་ཆོས་སྤུས་ལེགས་ཏེ་ད་སྔ་ཁོང་གི་བརྩམས་ཆོས་གྲགས་ཅན“གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ”(དགེ་གྲོགས་གཉིས་དང་མཉམ་དུ་བཞེངས་པར་འཛམ་གླིང་གི་ཟིན་ཐོར་ཚུད་པ)དང“གངས་ཅན་ལེགས་བཤད་གཅེས་བཏུས་རིན་ཆེན་གསེར་གྱི་ཕྲེང་བ།”“འཁྲུངས་གླིང་མེ་ཏོག་ར་བའི་བསྡུན་དོན་རབ་གསལ་མེ་ལོང་།”“རྟ་རྒྱུགས་ནོར་བུ་ཆ་བདུན་འཛམ་གླིང་མཛེས་པའི་རྒྱན་ཅིག”འདི་དག་དང་འདྲ་བར་གངས་ཅན་རིག་མཛོད་ཆེན་མོར་འོད་ལམ་ལམ་དུ་འབར་བའི་ནོར་བུ་ཞིག་གོ།


དར་མདོར་བྲིས་པ་ཞིག་གི་ཡིག་གཟུགས་འགྲེམ་སྟོན་བྱེད་བཞིན་ཡོད།


     བྱམས་པ་རྡོ་རྗེའམ་ཆོས་གྲགས་ཚེ་རིང་ནི་སྤྱི་ལོ1993ལོར་དཀར་མཛེས་རྫོང་གི་རྫ་ཁོག་ཡུལ་ཚོའི་ཉག་གཞིས་ཚང་དུ་ཐོག་མའི་ལྟེ་ཕྲག་འཐོར། ཆུང་དུས་ནས་བྲིས་ལ་མཁས་པའི་དགེ་རྒན་རྣམས་ཀྱིས་མཛུབ་ཁྲིད་བཟང་པོ་ཡིས་ཡིག་གཟུགས་ལ་དགའ་བའི་གོམས་གཤིས་ཟབ་མོ་བཞག། 2015ལོ་ནས་བོད་ཀྱི་ཡིག་གཟུགས་ཆེད་སྦྱོང་གི་ལམ་དུ་ཞུགས་ཏེ་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁས་ཆེན་མང་པོའི་མདུན་སར་ཆེད་བཅར་གྱིས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་དྲི་མ་མེད་པ་ལ་འབྲི་སྦྱོང་ལྷོད་མེད་བྱས་ཤིང་། དགེ་རྒན་ཁོང་རྣམ་པས་ཀྱང་དམིགས་བསལ་ལྟ་སྐྱོང་དང་བསྔགས་བརྗོད་གནང་བར་མ་ཟད། དཀར་མཛེས་ཁུལ་དུ་སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་ལས་དབུ་ཅན་ལ་ཨང་དང་པོའི་རྟགས་མ་ཐོབ། སྤྱི་ལོ2018ལོར་ཁོང་གིས་རང་རེའི་ཁུལ་དུ་གསེར་བྲིས་རིག་གནས་ཀྱི་དབུགས་རྒྱུན་ཕྲ་མོ་འགག་ལ་ཉེ་བར་གཟིགས་ནས་དཀར་མཛེས་རྫོང་དུ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་བཙུགས་ཏེ། རང་ཉིད་ཆུང་དུས་ཀྱི་ཕུགས་འདུན་མངོན་དུ་འགྱུར་བའི་ངལ་བར་མ་འཛེམ་པར་བོད་ཀྱི་གསེར་བྲིས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་ཞུགས། དེ་ཡང་གསེར་ཡིག་འབྲི་བཞེངས་བྱེད་པ་ལ་ཉེ་བར་མཁོ་བའི་བོད་ཤོག་ལས་སྣོན་བྱེད་སྟངས་དང་མཐའ་ཐིག་འདབས་སྟངས། གསེར་དངུལ་འདུལ་སྦྱོང་བྱེད་སྟངས་བཅས་ཀྱི་ལག་རྩལ་ལའང་དབང་ཐོབ། དེ་བས་མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་དུ་གནས་གཞི་བྱས་པའི་གསེར་བྲིས་ཁང་དག་གིས་གདན་ཞུ་བྱས་ཤིང་བོད་ཤོག་བཟོ་སྟངས་སོགས་ལ་མཛུབ་ཁྲིད་བྱས།  

     དེ་ཡང་། ཁམས་པའི་དྲ་བ་དང། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ། རྒྱལ་ཡོངས་ས་ཆེན་དྲ་བ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན། སི་ཁྲོན་བརྙན་འཕྲིན། སི་ཁྲོན་བོད་སྐད་རླུང་འཕྲིན། ཁམས་པའི་བརྙན་འཕྲིན་གྱི་བྱམས་པའི་ཁ་བརྡ་ལེ་ཚན། ཁམས་པའི་བརྙན་འཕྲིན་གྱི“བཀྲ་ཤིས་གཡང་ལོའི”ལོ་སར་དགོང་ཚོགས་ཀྱི་འཆར་ངོས། བྱམས་པའི་ཁ་བརྡ། དགའ་སྤྲོ་གླིང་ག  དཀར་མཛེས་ཉིན་རེའི་ཚགས་པར། གངས་ལྗོངས་ཉི་གཞོན། མི་རིགས་དུས་དེབ། བོད་ཀྱི་ན་གཞོན་ཡིག་མཁན་དུས་དེབ། གངས་དཀར་རི་བོའི་དུས་དེབ་སོགས་ཚད་ལྡན་གྱི་འཕྲིན་སྟེགས་བཅུ་ཕྲག་དང་། གྲོང་ཁྱེར་ཆེན་པོ་ཧྲེན་ཀྲེན་དང་རང་ཁུལ་གྱི་ཡུལ་སྐོར་ལྟེ་གནས་གྲགས་ཅན་འདབ་པ་ཉི་སྟེན་གྱི་བཤམས་སྟོན་ཁང་དག་གིས་ཀྱང་ཁོང་གི་ཡིག་གཟུགས་མགྲོན་དུ་བོས།


དར་མདོར་བྲིས་པ་ཞིག་གི་ཡིག་གཟུགས་འགྲེམ་སྟོན་བྱེད་བཞིན་ཡོད།


     ད་ལྟ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་དང་། བོད་ཡིག་གིས་འཛམ་གླིང་ལ་ཟིན་ཐོ་འགོད་མཁན། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ། ཞིབ་འཇུག་ཚོགས་པའི་ཚོགས་མི། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་དང་པོའི་རྒྱལ་ཡོངས་ཡིག་མཁན་གྲགས་ཅན་གདན་ཞུས་ཀྱི་བཤམས་སྟོན་ལས་རྐང་འཛིན་བོད་ཡིག་ཡིག་མཁན། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱིས་དམིགས་གསལ་གཏན་ཁེལ་བྱས་པའི་བོད་ཀྱི་ཡིག་མཁན། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིག་གཟུགས་གསར་རྩོམ་མི་སྣ། གངས་དཀར་རི་བོའི་དུས་དེབ་ཁང་གི་ཡིག་གཟུགས་གསར་རྩོམ་མི་སྣ། སི་ཁྲོན་མི་རིགས་སློབ་གླིང་གི་ཡིག་གཟུགས་ཞིབ་འཇུག་དང་རྒྱུན་འཛིན་དེབ་ཀྱི་རྐང་འཛིན་ཡིག་མཁན། ཁམས་པའི་བརྙན་འཕྲིན་གྱི་དགའ་སྤྲོའི་གླིང་ག་སྐབས་གསུམ་པའི་གདན་ཞུས་ཡིག་གཟུགས་དགེ་རྒན། དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ཀྱི་རྒྱུན་འཛིན་པ། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། ཡུལ་ཤུལ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་འཛིན། ལི་ཐང་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་ཆ་ཚང་སློབ་ཆུང་གསུམ་པའི་གདན་ཞུས་ཡིག་གཟུགས་དགེ་རྒན། དཀར་མཛེས་རྫོང་ཆ་ཚང་སློབ་ཆུང་བཞི་པའི་གདན་ཞུས་ཡིག་གཟུགས་དགེ་རྒན། སྲིབ་ངོ་སློབ་ཆུང་གི་གདན་ཞུས་ཡིག་གཟུགས་དགེ་རྒན། གླིང་དགོན་རྟ་རྣའི་གསེར་འབུམ་བསྐྱར་གསོའི་ལས་གཞིའི་ཁྲིད་ཀྱི་གསེར་བྲིས་གནང་བའི་ཡིག་མཁན། དཀར་མཛེས་ནོར་གླིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཚན་ཆུང་གི་ཚོགས་མི་བཅས་ཀྱི་ལས་ཀ་བྱེད་བཞིན་ཡོད།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་གསེར་རྟ་དང་དཔལ་ཡུལ་དུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།