རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཐོག་མ་སངས་རྒྱས་ཡེ་ཤེས་ཀྱི་གནས་ཚུལ་རགས་བཀོད།

ཀུན་དགའ་བསམ་གཏན་གྱིས་བྲིས།        2021-07-23

རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཐོག་མ་སངས་རྒྱས་ཡེ་ཤེས་ཀྱི་གནས་ཚུལ་རགས་བཀོད།

རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཐོག་མ་ཐེན་པའོ་ཡི་གནས་ཚུལ་རགས་བཀོད།

སངས་རྒྱས་ཡེ་ཤེས་ལ་མིང་གཞན་ཐེན་པའོ་ཡང་ཟེར་ཞིང་།ཁོང་ནི1917ལོར་ཟི་ཁྲོན་འབའ་ཁམས་ས་ཆར་སྐྱེས་པ་དང་། ཆུང་དུས་སུ་དགོན་པར་ཞུགས་ནས་གྲྭ་པ་བྱས་མྱོང་།1935ལོར་ཀྲུང་གོ་བཟོ་ཞིང་དམར་དམག་ལ་ཞུགས་པར་མ་ཟད་ཀྲུང་གོ་གུང་ཁྲན་ཏང་ནང་ལ་ཞུགས།

1943ནས1949ལོའི་བར་སོག་པོ་རི་འགོག་ཡན་ལག་རུ་ཁག་གི་སློབ་སྟོན་པའི་འགན་བཞེས། 1950ལོའི་སྤྱི་ཟླ11པར་ཀྲུང་གོ་གསར་པའི་ཀྲོན་ཆུས་རིམ་པའི་མི་རིགས་ས་ཁོངས་རང་སྐྱོང་སྲིད་དབང་སྟེ་ཞི་ཁམས་བོད་རིགས་རང་སྐྱོང་ཁུལ(1955ལོར་ཞི་ཁམས་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་དེ་སི་ཁྲོན་ཞིང་ཆེན་ཁོངས་སུ་བགོས་ཤིང་།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞེས་པར་བསྒྱུར།)གྱི་ཀྲུའུ་ཞི་དང་པོར་བདམས། 1952ལོར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གྱི་འགན་གཅིག་ལྕོགས་ཁུར་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་གཉིས་ཀྱི་ཁུལ་དཔོན་གྱི་འགན་མཉམ་དུ་འཁུར་བའི་ལས་བྱེད་པ་འབའ་ཞིག་ཏུ་གྱུར། དེའི་རྗེས་ནས་སྔ་རྗེས་སུ་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་དང་།བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི།བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞི་ཁམས་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ།སི་ཁྲོན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ།ཀྲུང་གུང་སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་བཅས་དང་དེ་བཞིན་ཀྲུང་དབྱང་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་འགན་བཞེས། 2008ལོའི་སྤྱི་ཟླ2པར་སྐུ་གཤེགས།

གྲྭ་ཆས་ཕུད་ནས་དམག་ཆས་གྱོན།

1917ལོའི་སྤྱི་ཟླ2པར། འབའ་ཁམས་དམ་པའི་ཤུ་གོ་པ་ཞེས་པའི་གྲོང་སྡེ་ཆུང་ཆུང་ཞིག་གི་བོད་རིགས་ཞིང་པ་དབུལ་པོའི་ཁྱིམ་དུ་བུ་ཞིག་སྐྱེས་ཡོད་ཅིང་།ཕ་མས་བུ་ཆུང་དེའི་མིང་ལ་སྨོན་རྒྱལ་ཞེས་བཏགས། སྨོན་རྒྱལ་སྐྱེས་དུས་ནས་ཕ་གཅིག་མ་མི་གཅིག་པའི་གཅེན་མོ་ཞིག་ཡོད་ལ་ཕྱིས་སུ་ནུ་བོ་གཉིས་ཡོད།

བུ་དེའི་ཕ་མ་གཉིས་ཀ་ཞིང་བ་དབུལ་བོ་ཡིན་ཞིང་། སྐབས་དེའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་ཞིང་པ་ཚོས་ལོ་གཅིག་དུས་བཞིར་དཀའ་སྤྱད་ངལ་རྩོལ་གང་འདྲ་བྱས་ནའང་མཐར་ས་བདག་ཞིང་ཕྱུག་གི་བཤུ་གཞོག་དང་གཉའ་གནོན་ཚད་མེད་མྱོང་གི་ཡོད། དེ་འདྲའི་གནས་ཚུལ་འོག་ཨ་ཕས་བཟོད་བསྲན་མ་ཐུབ་པར་སྨོན་རྒྱལ་གྱི་ནུ་བོ་ཆེ་བ་དེ་ཁྲིད་ནས་ས་མཐར་འཁྱམ་དགོས་བྱུང་། དུས་དེ་ནས་བཟུང་ལོ7ལ་སོན་པའི་སྨོན་རྒྱལ་ཉེ་འགྲམ་གྱི་སྟོང་བཅུ་དགོན་དུ་གྲྭ་པ་བྱེད་དུ་བཅུག། སྟོང་བཅུ་དགོན་ནི་དགོན་ཆུང་ཞིག་ཡིན་ཏེ་དགོན་སྡེ་ཡོངས་ལ་བླ་གྲྭ་ཉི་ཤུ་ལྷག་ཙམ་ལས་མེད། སྨོན་རྒྱལ་ལོ11རིང་གྲྭ་པ་བྱས་པ་དང་།སྐབས་དེར་བླ་རྒན་གྱིས་ཁོང་ལ་སངས་རྒྱས་ཡེ་ཤེས་ཞེས་མིང་གནང་།

1935ལོར་དམར་དམག་འབུམ་ཤོག་བཞི་པ་རྔ་བར་འབྱོར། སྐབས་དེར་བོད་རིགས་མང་ཚོགས་ཚོས་མཐོང་མ་མྱོང་བའི་དམག་དཔུང་དེར་ཧ་ཅང་སྐྲག་གི་ཡོད་ཅིང་།ས་བདག་མགོ་དཔོན་དང་། ཞིང་ཕྱུག་ཚང་མ་རི་ལ་བྲོས་ནས་གཡོལ་ཐབས་བྱེད་ཀྱི་ཡོད་ལ་མང་ཚོགས་དཀྱུས་མ་མི་ཉུང་བ་ཞིག་ཀྱང་རི་ཁུལ་དུ་བྲོས། སྐབས་དེར་སངས་རྒྱས་ཡེ་ཤེས་ཀྱང་གཞན་གྱི་རྗེས་སུ་འབྲངས་ནས་རི་མགོར་བྲོས།

ཅང་མ་འགོར་བར།ཡུལ་མི་ཚོས་དམག་དཔུང་དེ་སྔར་གྱི་དམག་དཔུང་དང་མི་འདྲ་བར་མང་ཚོགས་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པའི་དབུལ་ཕོངས་མི་སེར་གྱི་དམག་དཔུང་ཞིག་ཡིན་པར་ཤེས། ཁྱད་པར་དུ་སངས་རྒྱས་ཡེ་ཤེས་དང་བོད་རིགས་གཞོན་ནུ་ཁག་གཅིག་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། དུས་དེ་ནས་བཟུང་ན་གཞོན་ཚོས་དམར་དམག་དང་འབྲེལ་གཏུག་བྱེད་མགོ་བཙུགས་པ་དང་།ལ་ལ་དམར་དམག་ལའང་ཞུགས་ཡོད། དེའི་རྗེས་ནས་སངས་རྒྱས་ཡེ་ཤེས་ཀྱང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དམག་དཔུང་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད། ལོ་དེའི་སྟོན་དུས་སུ་ཁོང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་བོད་རིགས་ཏང་ཡོན་ཁག་དང་པོའི་གྲས་སུ་གྱུར་ཡོད།

མའོ་ཙེ་ཏུང་གིས་ཁོང་ལ“ཐེན་པའོ”ཞེས་མིང་བཏགས།

1935ལོའི་སྤྱི་ཟླ8པ་ནས་བཟུང་སངས་རྒྱས་ཡེ་ཤེས་དམར་དམག་དང་མཉམ་དུ་རྩྭ་ཐང་དུ་ཐེངས་གསུམ་བརྒལ་ནས་དཀའ་སྡུག་ཚད་མེད་མྱོང་ཡོད། 1936ལོའི་སྤྱི་ཟླ10བར།ཤོག་གསུམ་དམར་དམག་མཇུག་མཐར་ཧྲའན་པེ་རུ་དམག་འཛོམས་བྱུང་།

ཡན་ཨན་གྱི་མཁར་རྫོང་གི་བྱང་ངོས་སུ་ཞའོ་ཀོའུ་ཕིང་ཞེས་པའི་ས་ཆ་ཞིག་ཡོད་པ་དེ་གར་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ཡོད། དེ་ནི་སྐབས་དེའི་ཀྲུང་གུང་ཀྲུང་དབྱང་གི་བཞུགས་གནས་ཡིན།

ཡན་ཨན་གྱི་དུས་སྐབས་ནས་ཀྲུང་གུང་ཀྲུང་དབྱང་གིས་མ་འོངས་པར་གྲངས་ཉུང་མི་རིགས་ས་ཁུལ་དུ་ལས་དོན་སྒྲུབ་མཁན་གྱི་ལས་བྱེད་པ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད། 1937ལོར་ཀྲུང་དབྱང་ཏང་གི་སློབ་གྲྭས་གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་འཛིན་གྲྭ་གཅིག་ཏུ་བསྒྲིགས་ཤིང་དེར་འཛིན་གྲྭ་བདུན་པ་ཞེས་ཟེར། སངས་རྒྱས་ཡེ་ཤེས1936ལོར་དམར་དམག་འབུམ་ཤོག་བཞི་པ་དང་མཉམ་དུ་རྒྱང་སྐྱོད་བྱས་ཏེ་ཧྲའན་པེ་རུ་འབྱོར་རྗེས་འབུམ་ཤོག་བཞི་པའི་ཏང་གི་སློབ་གྲྭར་ཞུགས། 1936ལོའི་ལོ་མཇུག་ཏུ་འབུམ་ཤོག་བཞི་བའི་ཏང་གི་སློབ་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་ཟླ་བསྒྲིལ་ཅིང་། སངས་རྒྱས་ཡེ་ཤེས་ཀྱང་ཀྲུང་དབྱང་ཏང་སློབ་གྲྭའི་སློབ་མར་གྱུར། ཀྲུང་དབྱང་ཏང་གི་སློབ་གྲྭས་མི་རིགས་འཛིན་གྲྭ་བཙུགས་རྗེས་ཁོང་ཡང་མི་རིགས་འཛིན་གྲྭར་ཞུགས་ཡོད།

མི་རིགས་འཛིན་གྲྭར་གྲངས་ཉུང་མི་རིགས་ཀྱི་སློབ་མ20ལྷག་ཡོད། བོད་རིགས་ཀྱི་སློབ་མ་ནི་ཁོང་དང་བཀྲ་ཤིས་དབང་ཕྱུག།ཤེས་རབ་དོན་གྲུབ་སོགས་ཡོད་པར་མ་ཟད་དབྱིས་རིགས་དང་ཆའང་རིགས། མིའོ་རིགས་སོགས་ཀྱི་སློབ་མའང་ཡོད། སངས་རྒྱས་ཡེ་ཤེས་ནི་མི་རིགས་འཛིན་གྲྭའི་འཛིན་གཙོ་ཡིན་པར་མ་ཟད་སློབ་མའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གྲྭའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཡི་ཨུ་ཡོན་ལ་བསྐོ་གཞག་བྱས་ཡོད།

སྐབས་དེར་མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལེ། ཀྲུའུ་ཏེ།ལིའུ་ཧྲའོ་ཆི།ཀྲང་ཝུན་ཐེན་སོགས་ཀྲུང་དབྱང་གི་མགོ་ཁྲིད་རྣམས་རྒྱུན་དུ་ཏང་གི་སློབ་གྲྭར་སློབ་ཁྲིད་གནང་བར་ཕེབས་པ་དང་།གཟའ་འཁོར་རེར་ཉུང་མཐར་ཡང་ཀྲུང་དབྱང་གི་མགོ་ཁྲིད་གཅིག་གིས་སྙན་སྒྲོན་ཞུ་གི་ཡོད།

མའོ་ཙེ་ཏུང་གིས“དེ་རིང་ངས་བཤད་པའི་སྐད་ཆ་དེ་ཁྱེད་ཚོས་གོ་བྱུང་ངམ།ག་ཚད་གོ་བྱུང་།” གྲངས་ཉུང་མི་རིགས་ཀྱི་སློབ་མ་མཐོང་དུས་བྱམས་བརྩེའི་ངང་ཁྱོད་ཀྱི་མིང་ལ་ཅི་ཟེར་རམ། ས་ཆ་གང་གི་ཡིན། མི་རིགས་གང་གི་ཡིན་ཞེས་རེ་རེ་བཞིན་དུ་དྲིས། སངས་རྒྱས་ཡེ་ཤེས་ལ་འདྲི་སྐབས།སློབ་གྲྭའི་མགོ་ཁྲིད་ཀྱིས་ཁོང་ནི་གྲངས་ཉུང་མི་རིགས་འཛིན་གྲྭའི་འཛིན་གཙོ་རེད་ཅེས་ཞུས། མའོ་ཙེ་ཏུང་གིས་ཧ་ཅང་བཟང་གི། ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པ་ན་སངས་རྒྱས་ཡེ་ཤེས་ཀྱིས་ངའི་མིང་ལ་སངས་རྒྱས་ཡེ་ཤེས་ཟེར་ཞེས་ལན་བརྒྱབ། མའོ་ཙེ་ཏུང་གིས་སངས་རྒྱས་ཡེ་ཤེས་ཀྱི་དོན་གང་ཡིན་ནམ།གོ་ཐོས་ལ་བོད་རིགས་ཀྱི་མིང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་གསུངས། སངས་རྒྱས་ཡེ་ཤེས་ཀྱིས་སངས་རྒྱས་ནི་སྟོན་པའི་དོན་ཡིན་ཞིང་།ཡེ་ཤེས་ནི་མཁྱེན་པའི་དོན་ཡིན། ང་དགོན་པར་ཡོད་དུས་བླ་མ་རྒན་གྲས་ཤིག་གིས་བཏགས་པ་རེད་ཅེས་བཤད། མའོ་ཙེ་ཏུང་གིས་དགོད་ཞོར་དུ“ཡག་པོ་འདུག་སངས་རྒྱས་དང་མཁྱེན་པ་གཉིས་ལྡན་གྱི་མིང་ཞིག་རེད་འདུག། གཞི་ནས་གྲངས་ཉུང་མི་རིགས་འཛིན་གྲྭའི་སློབ་མ་ཡོངས་ལ་ཁྱོད་ཚོ་ཚང་མ་ནི་ཏང་དང་དམར་དམག་གི་རྒྱུ་ནོར་རྩ་ཆེན་ཡིན་ཞིང་། སངས་རྒྱས་ཡེ་ཤེས་ཀྱིས་བཤད་པ་ནང་བཞིན་ཁྱོད་ཚོ་ནི་ང་ཚོའི་དམར་དམག་དཔུང་སྒར་ལ་གནང་བའི་སངས་རྒྱས་དང་ནོར་བུ་རེད་ཅེས་གསུངས།

མའོ་ཙེ་ཏུང་གིས་སངས་རྒྱས་ཡེ་ཤེས་ལ་རྒྱང་སྐྱོད་བྱེད་སྐབས་ང་ཁྱེད་ཚོའི་ཕ་ཡུལ་དུ་ཡོང་མྱོང་།དེ་གའི་བོད་རིགས་སྤུན་ཟླས་རྒྱང་སྐྱོད་ལས་རྒྱལ་ཁ་ཐོབ་པར་བྱས་རྗེས་ཆེན་པོ་ཕུལ་ཡོད།རྒྱ་རིགས་ལ་གནའ་བོའི་གཏམ་ཞིག་ཡོད་པ་དེའི་མིང་ལ་ཡུས་ཧྭ་ཐེན་པའོ་ཟེར་གྱི་ཡོད།ཁྱོད་ཀྱིས་བཤད་པའི་སངས་རྒྱས་དང་ཧ་ལམ་འདྲ་མོ་རེད། ངས་ཁྱོད་ལ་ཐེན་པའོ་ཞེས་བཏགས་ལེ་ཡིན་ཞེས་གསུངས། སྐབས་དེར་དེ་གར་ཡོད་པའི་གྲངས་ཉུང་མི་རིགས་དང་རྒྱ་རིགས་སློབ་མ་ཚོས་མཉམ་དུ་ཐལ་མོ་བརྡབས་ནས་བསྔགས་བརྗོད་ཡང་ཡང་བྱས། དུས་དེ་ནས་བཟུང“ཐེན་པའོ”ཞེས་པའི་མིང་དེ་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་ཡན་ཨན་དུ་ཁྱབ་ཡོད།

བོད་བཅིངས་འགྲོལ་གཏོང་བའི་དཔུང་སྐྱོད་རླབས་ཆེན་ལ་ཞུགས།

1949ལོའི་སྤྱི་ཟླ9པར།རྒྱལ་ཡོངས་སྲིད་གྲོས་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་དེ་པེ་ཅིང་དུ་འཚོགས་ཤིང་།ཐེན་པའོ་བོད་རིགས་ཀྱི་འཐུས་མི་ངོ་མའི་ངོས་ནས་ཚོགས་འདུར་ཞུགས་ཡོད།གྲྭ་ཆུང་ཞིག་ནས་བོད་རིགས་ཀྱི་ཚབ་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་སུ་ཞུགས་ཏེ་དམངས་གཙོའི་ཏང་ཤོག་ཁག་གི་མགོ་ཁྲིད་པ་དང་།སྤྱི་ཚོགས་ཐོག་གི་གྲགས་ཅན་མི་དྲག་བཅས་དང་ལྷན་དུ་རྒྱལ་ཁབ་ཀྱི་བདག་པོའི་མིང་ཐོག་ནས་ཀྲུང་གོ་གསར་པ་འཛུགས་རྒྱུའི་དོན་དག་གལ་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་ནི་ཇི་འདྲའི་གཟི་བརྗིད་ལྡན་པ་ཞིག་རེད་ཨང་།

1949ལོའི་ཟླ་སྤྱི10པའི་ཚེས1ཉིན་གྱི་དགོང་མོར།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་བཙུགས་པའི་མཛད་སྒོ་ཆེན་མོ་དེ་པེ་ཅིང་གསོལ་མགྲོན་ཁང་དུ་འཚོགས་ཤིང་། མའོ་ཙེ་ཏུང་དང་ལིའུ་ཧྲའོ་ཆི།ཀྲོའུ་ཨེན་ལེ།ཀྲུའུ་ཏེ།ཏུང་པི་ཝུའུ་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་དང་།ལས་རིགས་ཁག་གི་མི་སྣ་གྲགས་ཅན་བཅས་བསྡོམས་པས་མི600ལྷག་གསོལ་སྟོན་ལ་ཞུགས་ནས་ཀྲུང་གོ་གསར་པ་བཙུགས་པར་རྟེན་འབྲེལ་ཞུས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐེན་པའོ་གདན་ཞུས་ལྟར་ཐེངས་འདིའི་རྒྱལ་འཛུགས་གསོལ་སྟོན་ལ་ཞུགས་ཡོད། གསོལ་སྟོན་མཇུག་འགྲིལ་རྗེས་ཐེན་པའོ་ངལ་གསོའི་ཚོམས་ཆེན་དུ་བྱེས་འཐབ་དམག་སྡེ་གཉིས་པའི་དམག་སྤྱི་ལིའུ་པོ་ཁྲེང་དང་ཆབ་སྲིད་ཨུ་ཡོན་ཏེང་ཞའོ་ཕིང་དང་ཐུག་འཕྲད་དུ་སོང་། ལིའུ་པོ་ཁྲེང་གིས་ཐེན་པའོ་ཡི་ལག་པར་འཇུས་ནས་ང་ཚོས་ལྷོ་ནུབ་ཕྱོགས་སུ་དཔུང་སྐྱོད་བྱ་རྒྱུ་ཡིན།ཁྱེད་ནུབ་བྱང་དུ་ལོག་མི་དགོས།ང་ཚོ་དང་མཉམ་དུ་ཕ་ཡུལ་དུ་ལོག་དགོས་ཞེས་བཤད། དེ་ལྟར་ཐེན་པའོ་ནི་བྱེས་འཐབ་དམག་སྡེ་དང་པོ་ནས་གཉིས་པར་གྱུར་པ་དང་དེ་རྗེས་ལྷོ་ནུབ་བཅིངས་འགྲོལ་གཏོང་བའི་དཔུང་སྐྱོད་ནང་ཞུགས་ཡོད།

རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཐོག་མར་བདམས་པ།

དེས་ན་ཐེན་པའོ་ནི་བོད་རིགས་ཡིན་པར་མ་ཟད་དགེ་འདུན་པ་ཡང་བྱས་མྱོང་།བོད་མི་རིགས་ཀྱི་ཆོས་ལུགས་དང་།རིག་གནས།གོམས་སྲོལ་བཅས་ལ་རྒྱུས་མངའ་ཡོད་པས་བོད་རིགས་སྤུན་ཟླ་དང་འབྲེལ་གཏུག་བྱེད་པའི་ཐད་རང་བྱུང་གི་ལེགས་ཆ་ལྡན། ཁོང་ཡང་རྒྱང་སྐྱོད་ལ་ཞུགས་མྱོང་བའི་བོད་རིགས་དམར་དམག་རྒན་གྲས་ཡིན་ཞིང་།ལོ་མང་རིང་ཏང་གིས་གསོ་སྐྱོང་གནང་མྱོང་བ་དང་།དེ་སྔ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྦྱོང་གནང་མྱོང་བར་མ་ཟད།ཡན་ཨན་མི་རིགས་སློབ་གླིང་དུ་ཟབ་སྦྱོང་གནང་མྱོང་བ་དང་།མི་རིགས་གནད་དོན་སྐོར་གྱི་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་གནང་མྱོང་ཞིང་།《ཐུན་མོང་རྩ་འཛིན》གྱི་མི་རིགས་གནད་དོན་སྐོར་གྱི་འཆར་ཟིན་འགོད་པའི་ལས་ཀར་ཞུགས་མྱོང་ལ། བོད་རིགས་ཀྱི་ཁྲོད་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འབའ་ཞིག་ཀྱང་ཡིན། ཐེན་པའོ་ཡི་ཉམས་མྱོང་དང་ཐོབ་ཐང་ཐོག་ནས་བོད་རིགས་ས་ཁུལ་གྱི་མཐོ་རིམ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤེལ་ན་ཧ་ཅང་འཚམ་པོ་འདུག་པས་ཁོང་བཏང་ཡོད།

1950ལོའི་ཟླ་སྤྱི8པའི་ཚེས22ཉིན་བོད་ཞི་བའི་བཅིངས་འགྲོལ་ཆེད་དུ་ལྷ་སར་གྲོས་མོལ་དུ་འགྲོ་བའི་དགེ་རྟག་སྤྲུལ་སྐུ་ཆབ་མདོར་བསྐྱོད་སྐབས་ཁ་ཕྲལ་རིང་ལུགས་པས་རྐྱེན་ལམ་དུ་བཏང་ཡོད། དགེ་རྟག་སྤྲུལ་སྐུ་རྐྱེན་ལམ་དུ་བཏང་བ་དེ་བོད་ས་གནས་སྲིད་གཞུང་གིས་དོན་དངོས་ཐོག་ཞི་བའི་གྲོས་མོལ་གྱི་སྒོ་བརྒྱབ་པ་མཚོན་ཡོད།

བོད་ས་གནས་སྲིད་གཞུང་གིས་རྒྱལ་ཡོངས་མི་དམངས་ཀྱིས་བོད་ཞི་བས་བཅིངས་འགྲོལ་གཏང་རྒྱུའི་རེ་འབོད་ལ་ཁ་ཡ་མི་བྱེད་པར་དྲག་ཆས་གཙོ་ཤུགས་དང་ཡུལ་དམག8000ལྷག་ཙམ་ཆབ་མདོ་དང་འབྲི་ཆུའི་རྒྱུད་དུ་བཀོད་སྒྲིག་བྱས་ཏེ་མི་དམངས་བཅིངས་འགྲོལ་དམག་དང་དམག་དོན་ཐོག་ནས་འགྲན་རྒོལ་བྱ་རྒྱུའི་སེམས་ཐག་བཅད་ཡོད།

1950ལོའི་སྤྱི་ཟླ8པའི་ཚེས23ཉིན།མའོ་ཙེ་ཏུང་གིས་ལྷོ་ནུབ་སྒར་གྱི་ཆབ་མདོའི་གཡུལ་འགྱེད་འཆར་གཞིར་མཆན་བཀོད་བཀའ་ལན་གནང་།

1950ལོའི་སྤྱི་ཟླ10པའི་ཟླ་མགོར་ཆབ་མདོའི་གཡུལ་འགྱེད་ལ་སྐུལ་སློང་བྱས་ནས་མཇུག་མཐའི་དུས་ཚོད་ལ་སླེབས། དམག་འཐབ་ནང་ཞུགས་མཁན་དམག་དཔུང་ཁག་དམིགས་འཛུགས་ཀྱི་གནས་སུ་སླེབས་པ་དང་གྲ་སྒྲིག་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཀྲང་གོ་ཧྭ་དང་ཝང་ཆི་མེ།ལི་ཅུའེ།ཐེན་པའོ།ལིའུ་ཀྲེན་གོ་སོགས་བོད་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཁོངས་མི་ཚང་མས་ཉིན་མཚན་མེད་པར་ལས་ཀ་བྱས་ནས་ཆབ་མདོའི་གཡུལ་འགྱེད་ཀྱི་མཐའ་མའི་གྲ་སྒྲིག་བྱས་ཡོད། སྐབས་དེ་དུས་ཀྲུང་གུང་ལྷོ་ནུབ་སྒར་གྱི་ཐེན་པའོ་དར་མདོ་རུ་བཀོད་སྒྲིག་བྱས་ནས་ཞི་ཁམས་ཞིང་ཆེན་བོད་རིགས་རང་སྐྱོང་ཁུལ་འཛུགས་རྒྱུའི་གྲ་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

ཆབ་མདོའི་གཡུལ་འགྱེད་བདེ་བླག་ངང་ལག་བསྟར་བྱ་ཆེད།ཐེན་པའོ་ཡིས་ལས་དོན་འབོར་ཆེན་བསྒྲུབས་ཡོད།ཁམས་ཁུལ་གྱི་བོད་རིགས་མཐོ་རིམ་མི་སྣར་ཏང་གི་སྲིད་ཇུས་དྲིལ་བསྒྲགས་དང་ཁོ་ཚོར་འབྲི་གཡག་རོགས་སྐྱོར་དང་སྐྱེལ་འདྲེན་བྱ་རྒྱུའི་སྐུལ་སློང་བྱས་པར་མ་ཟད།བོད་ཀྱི་ལས་དོན་ཨུ་ལྷན་གྱིས་ཆབ་མདོའི་གཡུལ་འགྱེད་ལ་ཞིབ་འཇུག་བྱེད་པའི་ལས་ཀའི་ནང་ཞུགས་ཡོད།

1950ལོའི་སྤྱི་ཟླ11པའི་ཚེས24ཉིན། ཐེན་པའོ་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་སྐབས་དང་པོའི་ཀྲུའུ་ཞིར་བདམས་ཐོན་བྱུང་ཡོད།བྱ་རྒོད་སྟོབས་ལྡན་དང་མེའོ་ཧྥེང་ཧྲུའུ། ངག་དབང་རྒྱ་མཚོ།བློ་བཟང་སྦྱིན་པ་བཅས་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་ཡོད། ཉིན་དེར་དར་མདོ་གངས་ཆུའི་ངོགས་གཉིས་ཀྱི་ཤར་ནུབ་ཁྲོམ་གཞུང་གཉིས་སུ་མི་ཚོགས་ཀྱིས་ཁེངས་ཤིང་།གླུ་བླངས་གར་འཁྲབ་སོགས་བྱས་ནས་རྟེན་འབྲེལ་གྲངས་མེད་ཞུས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་འཛམ་གླིང་ལ་གྲོང་ཁྱེར་གྱི་མིང་བྱང་བསྟན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།