མཚོ་མཐར་བསྐྱོད་པའི་ཚོར་སྣང་།

གངས་ཟེགས།        2021-07-30

དབྱངས་ཀྱི་མེ་ལོང་ངོས་སུ་ཆང་ལ་རོལ་དུས།

ཚངས་དབྱངས་རྒྱ་མཚོས་མགུར་གླུ་བླངས་པས།

ངས་གནས་མཆོག་ལི་ཐང་གི་མཛེས་སྡུག་དྲན་ཡོང་།

གནའ་བོའི་མཁར་གྲོང་གི་གྱང་རལ་དྲན་ཡོང་།

དད་འདུན་གྱིས་ཁེངས་པའི་གནའ་མྱི་ཕྲེང་བ་ཅན་ཚོ་དྲན་ཡོང་།

མིང་དུ་གྲགས་པའི་འཛམ་གླིང་གི་མཐོ་གྲོང་དྲན་ཡོང་།

པོ་ཏཱ་ལའི་ལྡེབས་རིས་བཞིན་གསལ་བའི།

རྗེ་བསོད་ནམས་རྒྱ་མཚོའི་གསེར་མདོག་གི་དགོན་ཆེན་དྲན་ཡོང་།

རྟོགས་བཏགས་ཀྱི་སྣང་ངོར་བཞེངས་པའི་ལྷ་ཡི་གྲོང་ཁྱེར་དེ་དྲན་ཡོང་།

མར་ཁུའི་མདངས་དང་འདྲ་བའི་མཚམས་སྤྲིན་གྱི་གསེབ་ནས།

གནའ་བོའི་ཇག་གླུའི་རིང་མོའི་འགྱུར་ཁུག་གི་བར་ནས།

མཁའ་དབྱིངས་ཀྱི་ཉི་ཟེར་ལ་འགྲོགས་ནས།

ངས་མདོ་ཁམས་ལི་ཐང་གི་སྣང་བརྙན་དྲན་ཡོང་།

རྒན་པོ་ཚོའི་དད་སེམས་ཀྱི་མཆོད་རྐོང་ལ་བསྒྲོན་པའི་ལི་ཐང་།

གནའ་བོའི་ངག་རྒྱུན་གྱི་དབྱངས་ལ་འགུག་པའི་ལི་ཐང་།

ཞེ་འདང་གི་རྨི་ལམ་འཁྱིལ་སའི་ལི་ཐང་།

མཛེས་སྡུག་གི་འཇའ་གོས་བཀླུབས་པའི་ལི་ཐང་།

གཞས་ཀྱིས་ཁེངས་པའི་གནའ་བོའི་མཁར་ནས་ཁྱོད་རང་གྲགས་མྱོང་།

ཁྲུང་ཁྲུང་དཀར་མོའི་གཤོག་རྩལ་བར་ནས་ཁྱེད་རང་མཇལ་མྱོང་།

ཁྱོད་རང་མཐོ་སྒང་གི་ཉི་འོད་དང་ལྷན་དུ་མཁའ་ནས་ཤར་མྱོང་།

རྒོད་པོའི་རྒྱང་བསྐྱོད་དང་འགྲོགས་ནས་ཧི་མ་ལའི་གཟི་འོད་མཇལ་མྱོང་།

རྟ་མཆོག་གི་འཚེར་སྐད་དང་རྨིག་སྒྲའི་གསེབ་ནས་ཁྱོད་རང་ངོམ་མྱོང་།

ང་ཡི་སེམས་ཀྱི་སྙན་ངག་ནང་གི་ལི་ཐང་།

ང་ཡི་དྲན་པའི་ལོ་ཟླའི་བར་གྱི་ལི་ཐང་།

ཚངས་དབྱངས་རྒྱ་ཚོས་སྨོན་པ་འཆོར་བའི་ལི་ཐང་།

མེས་པོའི་དབྱངས་རྟ་ལ་བརྒྱུས་པའི་ང་ཡི་ལི་ཐང་།

ཞེ་ལ་ལྷོད་ཀྱིས་འཁྱིལ་བའི་སྒྱུ་འཕྲུལ་གྱི་རི་གྲོང་དེར།

ངའི་ཆུང་དུས་ནས་རྨི་ལམ་དུ་སྦྲུམ་པའི་ཕ་ཡུལ་གྱི་དྲན་གདུང་ལྷག་ཡོད།

ལོངས་སུ་སྤྱོད་མ་ཚར་བའི་མཛེས་སྡུག་གི་ཡིད་བརྙན་ལུས་ཡོད།

འགྲོ་ཁའི་ཕྱིར་མིག་ནས་ཤོར་བའི་བརྩེ་དུང་གི་ཆུ་མིག་ལུས་ཡོད།

གཟས་ས་ནས་རྙེད་པའི་གཡུ་ཆུང་དྲུག་དཀར་འདྲ་བའི་བྱམས་པ་ལྷག་ཡོད།

རྭ་ཆག་དང་རྡོ་ར་བརྩིགས་པའི་རྩེད་ར་ན་ངའི་དྭངས་གཙང་གི་

བྱིས་པའི་རྨི་ལམ་ལྷག་ཡོད།

ལོ་ཟླའི་ཕྲེང་ལ་བརྒྱུས་པའི་ཚེ་རབས་ཀྱི་ལས་འཕྲོ་ལྷག་ཡོད།

སློག་པ་རལ་བོ་ཅན་གྱི་མེས་པོའི་དད་སེམས་ལྷག་ཡོད།

གསུང་རབ་ཀྱི་བམ་ཁ་ན་བཞེངས་པའི་སྐྱེས་ཆེན་གྱི་ཞབས་རྗེས་ལྷག་ཡོད།

གཏམ་རྒྱུད་ཀྱི་གཙང་བོའི་ཁུག་ནས་མེས་པོ་ཚོའི་མིང་བྱང་ལྷག་ཡོད།

ངའི་འཁྱར་འཁྱོར་གྱི་གོམ་འགྲོས་བར་ནས་དད་པའི་ཚངས་མགུར་ལྷག་ཡོད།

ངའི་རྨི་ལམ་གྱི་དག་ཞིང་ནས་འཚོལ་བའི་མཁའ་དབྱིངས་ཀྱི་ལི་ཐང་།

ཕ་མཐར་མི་མངོན་པའི་གཡུ་མདོག་གི་རྩྭ་ཐང་དང་།

སེམས་སུ་བསྙལ་བའི་གསེར་བྲིས་ཀྱི་ཕ་ཡུལ།

ཁ་བ་ཆར་ཟིམ་གྱི་ཁྲོད་ནས་འདས་པའི་དུས་ཚིགས།

ངའི་རྟ་ཁ་གློད་དུ་བཅུག་པའི་ལས་དབང་གི་བརྩེ་བ།

ལང་ཚོའི་ཤུགས་གླུ་བླངས་པའི་ན་ཆུང་གི་སྣང་བ།

སྐྱ་རེངས་ཀྱི་ཉི་ཟེར་ལ་བསྡེབས་ནས་ཁྱེད་ལ་བཅོལ་ཡོད།

སྤང་ཐང་གི་ཆུ་མིག་ལ་བསྲེས་ནས་ཁྱེད་ལ་མཆོད་ཡོད།

སེམས་ཀྱི་གླུ་དབྱངས་ལ་འདྲེས་ནས་རྒྱང་དུ་བླངས་ཡོད།

གངས་དཀར་གྱི་དབུ་ལ་བཙུགས་ནས་དགོང་དུ་བསྟོད་ཡོད།


  • ལེ་ཚན་སྔོན་མ།:མཚོ་མཐར་བསྐྱོད་པའི་ཚོར་སྣང་།
  • ལེ་ཚན་རྗེས་མ།:ལྷ་སའི་གཞས་ཆུང་།